ཉིན་འདི་གར་ཕ་ཡུལ་དུ་འབྱོར་ཞིང་རང་ཤག་ཏུ་དཔེ་ཆ་དང་དྲ་ཚིགས་ཀྱི་བར་གསེང་ཉུལ་བའི་སྐབས་དག་ཏུ་དྲན་ཚོར་གཞན་ཞིག་སྐྱེས་པ་ནི་ཚང་མས་དགག་རྩོམ་རྣལ་མའི་རང་ཞལ་རྗེན་པར་མ་མཐོང་བར་གང་སར་འུར་རྒྱག་གིན་པ་དེ་རེད། ང་ལ་མཚོན་ན་སྤྱི་ཚོགས་དང་རིག་གཞུང་གི་གནད་ཆེ་སར་འཛུལ་དགོས་ན་ངེས་པར་དུ་དགག་སྒྲུབ་རིག་ཚུལ་གྱི་ང་རོ་བཀྱེ་བ་འདི་ནི་མེད་དུ་མི་རུང་བ་ཞིག་ཏུ་མཐོང་གི་ཡོད། 

ལ་ལས་དགག་རྩོམ་ཟེར་ན། ཕ་རོལ་བོའི་མི་གཞི་དང་ཁོར་ཡུག་སོགས་གང་ཅིའི་ཐད་ནས་ཅི་མི་སྙམ་པར་མཚང་འབྲུ་བའམ། ཡང་ན་ངན་འདོགས་བྱེད་པ་ཞིག་ཏུ་ངོས་འཛིན་གྱིན་འདུག་པས་དེ་ནི་རྩ་བ་རང་ནས་ནོར་བ་རེད། ང་ཚོས་དགག་རྩོམ་སྟེ་དགག་སྒྲུབ་ཀྱི་རིག་ཚུལ་བཀྱེ་བ་ནི། གནད་ཕིགས་པའི་ང་རོ་ཞིག་དང་། ཡང་ན་དགོས་ངེས་ཀྱི་དྲན་སྐུལ་ཞིག་བྱེད་ཀྱིན་པ་མ་ཡིན་ནམ། དེ་ལྟ་བུའི་དགག་གཞག་རྩོད་སྤོང་གི་རིག་ཚུལ་ཡང་དག་པའི་ལམ་ནས་སྤྱི་ཚོགས་དང་དངོས་ཡོད་ལ་ཁ་ཕྱོགས་ཏེ། གནས་བབ་ཀྱི་ངན་དང་མཚང་ལ་རིག་ཤེས་ཀྱི་ལག་པས་བསྙབས་ཏེ་ཐེར་འདོན་དང་སུན་འབྱིན་གྱི་དགག་གཞག་སྤྲོས་ན། ད་གཟོད་གང་ཞིག་འགལ་འདུ་དང་རྩོད་ཉོག གང་ཞིག་བླང་བྱ་དང་དོར་བྱ་ཡིན་པའི་གནད་དུ་ཁེལ་བའི་ཚིགས་མལ་དེ་རྙེད་ཐུབ། 

ཉེ་བའི་ལོ་འདི་འགའི་ཡར་སྔོན་དུ་དགག་སྒྲུབ་ཀྱི་འབོལ་རྩོམ་གང་ལེགས་ལེགས་ཤིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ནང་བཞིན་དཔེ་ཚོགས་ཀྱི་རྣམ་པ་དང་། སིལ་དེབ་ཀྱི་རྣམ་པ། ཡང་ན་དྲ་ལམ་སོ་སོ་ནས་དབྱར་མཚོ་འཕྱུར་བ་ནང་བཞིན་གང་སར་མཐོང་རྒྱུ་འདུག་སྟེ། དེ་ལུགས་ཀྱིས་དགོས་མཁོ་དང་ཕན་འབྲས་ཐད་ནས་གང་འཚམ་ཐབས་ཀྱི་འགྲོ་བ་འདྲེན་པའི་ཚད་དུ་སླེབས་ཡོད་མོད། འོན་ཀྱང་ད་སྐབས་གློ་བུར་དུ་རྣོ་ངར་གྱི་ཟིལ་དང་དབལ་འབར་བའི་འབོལ་རྩོམ་གྱི་རལ་གྲི་ཐོགས་མཁན་མང་པོ་ཞིག་དལ་ཅག་གེར་གྱུར་པའི་སྣང་བ་སྟེར། ཁ་ཤས་ནི་རྒས་པས་ཐུབ་པའམ་ལས་འཁྱུར་ངལ་གསོ་བྱས་པ་དང་། ཡང་ལ་ཤས་ནས་བཙན་ས་ཟིན་ཏེ་མཁས་མདོག་གིས་འབོལ་རྩོམ་ཉ་ཉོག་དེ་དག་ནི་ཅི་ཡང་མིན་ཏེ། གཞུང་ལུགས་རང་བཞིན་གྱི་བསྟན་བཅོས་ཤིག་བརྩམས་ན་སྙམ་པ་དང་། ཡང་རེ་ཟུང་གིས་ཚིག་རྩལ་ངོམ་སྟེ་གཞུང་ལས་ཁང་གི་ལས་སྟེགས་ལ་ཅི་མི་སྙམ་པར་བསྙེགས་ཤིང་ངལ་བ་ལྷུར་བླངས་ཏེ་ཡོད་པས། ད་ནི་ཚང་མ་ཁུ་སིམ་མེར་རྒུན་ཆང་གི་སྐྱུག་རོར་འཁོར་བའི་སྦྲང་ཐལ་ཇི་བཞིན་ར་རོ་བར་གྱུར་ཏེ་བཟི་འདུག 

ང་ཚོས་ཞིབ་ཏུ་བསམ་བློ་རེ་བཏང་ན་དུས་རབས་དང་འཚོ་བའི་རླབས་རྒྱུན་གྱིས་ཡོངས་སུ་གཅུན་པའི་སྐབས་འདིར། དམ་པ་ལྷ་ཆོས་ཀྱི་ཤེས་རབ་དང་འཇིག་རྟེན་མི་ཆོས་ཀྱི་འགྲོ་སྟངས་མ་ཤེས་པར་གྲོང་སུལ་དང་རི་སུལ་ཀུན་ཏུ། ཡི་གེ་དག་སྡེབ་དང་སྙན་ངག་ཐ་ཐུང་གི་གཞན་མགོ་སྐོར་བ་དང་། བྱམས་བརྩེ་དང་ཤེས་རབ་ཀྱི་མིག་ཟུང་ལོང་སྟེ་ཁ་ཆོས་འུར་སྒྲོག་གིས་མི་ཚོགས་སྒུལ་བ། རྣམ་གྲངས་སྣ་ཚོགས་ཀྱི་ལས་དྲར་ཚུད་དེ་ཁ་ཟིན་སྣ་ཟིན་གྱི་ཡིག་སྡེབ་དཔར་སྐྲུན་དང་ཆོས་ལུགས་ངོ་སྤྲོད་ཀྱིས་གཞན་མགོ་རྨོངས་པར་བྱེད་པའི་ཡིག་རྨོངས་པ་དང་ཁྲིམས་རྨོངས་པ་འདི་དག་ལ་བལྟས་ཡོང་ན། ཡང་དག་པ་དང་གནད་ཟིན་པའི་འབོལ་རྩོམ་དང་ཐོལ་རྩོམ་གྱི་ལམ་ནས་དགག་སྒྲུབ་ཀྱི་རིག་ཚུལ་བཀྱེས་ཏེ། སྲིད་པའི་དབྱིངས་ཆེན་པོ་འདིར་འོད་གསལ་གྱི་ལམ་གསར་བ་ཞིག་མངོན་པར་བྱེད་དགོས་པ་ནི་ངེད་ཅག་གི་ལས་ཀའི་ཡང་སྙིང་དུ་བསམ་ཡོད། 

2018.9.7 ནམ་གུང་དུ།