རང་རེའི་ཡོན་ཏན་པ་སུ་ཞིག་ལ། ཁྱེད་ལ་བྲན་གཤིས་འདུག་ཅེ་ན། ཁོ་བོ་རང་ཉིད་ཐེ་བའི་མི་མང་ཆེ་ཤོས་ཀྱིས་དེར་སྣ་དགོད་དང་བཅས་གཏན་ནས་ཁས་ལེན་བྱེད་མི་སྲིད།

རང་རེའི་ཤེས་ཡོན་ཅན་གང་ཞིག་ལ། ཁྱེད་ལ་བྲན་གཤིས་འདུག་ཅེ་ན། ཤེས་ཡོན་ཅན་ཡིན་སྙམ་པའི་མི་ཡོད་དོ་ཅོག་གིས་དེར་ཁོང་དགོད་དང་བཅས་བདག་གི་སྒལ་ཚིགས་སྲ་མོ་ཡིན་ཟེར་ངེས།

དོན་གྱིས་འུ་བུ་ཅག་གི་ཡོན་ཏན་པ་ཕལ་མོ་ཆེ་ལ་བྲན་གཤིས་ཡོད་པས་མི་ཚད། བྲན་གཤིས་དེ་རུས་ལ་ཟུག་ཅིང་རྐང་ལ་ཐིམ་འདུག་པ་མངོན་གསལ་ཡིན་ཅིང་། བྲན་གཤིས་དེ་རྒྱུད་ལ་འབྱར་ཚར་བས་ན་ཡོན་ཏན་པ་དག་གིས་དུས་ངེས་མེད་དུ་རྫོབ་རྟགས་དང་གླེན་རྟགས་གང་མང་སྟོན་གྱི་ཡོད་པ་རེད།

ཡོན་ཏན་པའི་བྲན་གཤིས་ནི་ག་ས་གང་ན་མངོན་གྱི་ཡོད་པ་སྟེ། བླ་མ་སྤྲུལ་སྐུ་དང་མཇལ་ན། དཔོན་ཆེན་མི་ཆེན་དང་མཇལ་ན། དགེ་བཤེས་སློབ་དཔོན་དང་འཕྲད་ན། རྒྱུ་ཅན་ངོ་ཅན་དང་ཐུག་ན། ནམ་ཡང་མགོ་སྒུར་སྒུར་དང་ཉྭ་ལྷེམ་ལྷེམ། ངག་འདར་འདར་བྱེད་པ་དང་། སྐབས་དེར་རང་གིས་རང་ཉིད་ནི་ཆུང་ཆུང་ནང་གི་ཆུང་ཆུང་འབུ་གྲོག་མ་ལྟ་བུ་ཞིག་ཏུ་བཏང་ཡོད།

བླ་མ་སྤྲུལ་སྐུ་དང་དཔོན་ཆེན་མི་དྲག་དེ་དག་གི་སྐུ་མདུན་དུ། གུས་པ་མཚོན་ཕྱིར་ཕྱག་བྱ་བ་དང་ཚིག་ཞུ་བ། སྐྱབས་བཅོལ་བ། འཛུམ་སྟོན་པ་སོགས་རང་གི་ལུས་ངག་ཡིད་གསུམ་གྱིས་ཕ་རོལ་བ་ལ་གུས་པས་འདུད་ཅིང་། དེ་དང་ཆབས་ཅིག་སྐྱེས་བུ་སྒེར་གྱི་རྩིས་ཐང་དང་མི་གཞི། བླ་སྲོག་སོགས་ནི་རང་གིས་རྡོག་རོལ་ཡང་ཡང་གཏོང་བའི་ཡུལ་ཡིན་པའོ། །

གན་ལ་ཕྱག་འཚལ་བ་དང་། འདི་ལ་མགོ་སྒུར་བ། མཐོ་ལ་ལགས་སོ་དང་། བཙན་ལ་ཡ་ལགས་ཞེས་ནམ་ཡང་མི་བུ་རང་ཉིད་དམན་ས་དང་དམའ་ས། ཆུང་ས་དང་གཉོམ་ས་རུ་བསྡད་བསྡད་པ་ཡིན་ན་ནམ་ཞིག་བྲན་གཤིས་རང་ཆས་སུ་གྲུབ་སྟེ། ཡོན་ཏན་པ་དག་ནི་བྲན་གཡོག་དང་རྐུབ་གཡོག་དང་ཞབས་གཡོག་ཏུ་མི་འགྱུར་བ་ག་ལ་སྲིད།

སྤྱི་ལོ1946ལོར་དགེ་འདུན་ཆོས་འཕེལ་ཁོང་རྒྱ་གར་ནས་ཕྱིར་ལྷ་སར་ཕེབས་རྗེས། ཐེངས་ཤིག་ཁོང་གིས་ང་རང་བོད་ལ་སླེབས་ནས་ཕྱག་རྡོག་གཅིག་སུ་ལའང་འཚལ་མ་མྱོང་། སྨིན་གླིང་མཁན་ཆེན་ལ་ཕྱག་གསུམ་ཤོར་སོང་། དེ་ཕ་མེས་ཀྱི་ཆོས་ལ་ཞེན་ཁུལ་ཡིན་པ་འདྲ་ཞེས་གསུངས་པ་ལའང་གོ་རྒྱུ་ཟབ་མོ་ཡོད་པ་སྟེ། བོད་པའི་ཕ་མེས་ཀྱི་ཆོས་ལ་ཞེན་པའི་བག་ཆགས་དེའི་དབང་གིས་མ་གཏོགས་ཁོང་གིས་ཚོད་ཚོད་ལ་གང་ཟག་གཞན་ལ་ཕྱག་མི་འཚལ་ཞིང་མགོ་མི་སྒུར་བའི་སེམས་དཔང་ཞིག་མངོན་འདུག་པ་རེད།

སྤྱི་ལོ1922ལོའི་ཟླ5པའི་ཚེས30ཉིན། རྒྱ་ནག་གི་རིག་གནས་གསར་པའི་ལས་འགུལ་གྱི་དབུ་ཁྲིད་སྐུ་ཞབས་ཧུའུ་ཧྲི་ལགས་ཆིང་རྒྱལ་རབས་ཀྱི་གོང་མ་མཐའ་མ་ཞོན་ཐུང་ལ་མཇལ་ཁ་ཞུ་བར་ཕེབས་དུས། ཧུའུ་ཧྲི་ལགས་ཀྱིས་པུས་མོའི་ལྷ་ང་སར་བཙུགས་ཏེ་གོང་མ་ལ་ཕྱག་མ་འཚལ་བར་གུས་པས་མགོ་བཏུད་ཙམ་བྱས་པ་དེ་ལའང་བསམ་རྒྱུ་ཆེན་པོ་འདུག་སྟེ། ཕྱག་འཚལ་བ་དེས་ཐོག་མ་ཉིད་ནས་འདྲ་མཉམ་མིན་པ་དང་རྩིས་ཐང་དོར་བ་སོགས་མཚོན་པས་ཁོང་གིས་ཀྱང་ཤེས་ཡོན་ཅན་གྱི་དབུ་འཕང་དགུང་ལ་བསྟད་འདུག་སྙམ།

རང་སྡེའི་ཡོན་ཏན་པ་རྣམས་ནི་ད་ལྟ་སྒལ་ཚིགས་ཇེ་སྙི་ནས་ཇེ་སྙིར་གྱུར་ཏེ་གཉན་པོའམ་བཙན་པོའམ་དྲག་པོ་གང་ལ་ཐུག་ན་མགོ་ལྕོག་ལྡེམ་རྐྱང་དང་སོ་དཀར་སྟོན་རྐྱང་བྱེད་པ་ལས། སྐྱེས་བུ་སྒེར་གྱི་འདྲ་མཉམ་དང་རང་དབང་། ཐོབ་ཐང་དང་རྩིས་ཐང་བཅས་ལ་སྲུང་སྐྱོབ་དང་གོང་བཀུར་བྱེད་པའི་འདུ་ཤེས་ཡེ་ནས་མེད་པས་ན། དེ་ནི་ང་རང་ཚོ་རྒུད་པ་ནས་རྒུད་པའི་ལམ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་གོར་མ་ཆག

ངའི་ཕ་ཡུལ་དུ་ལོ་གསར་གྱི་སྐབས་ལ་རང་གི་ཕ་མ་གཉིས་གཙོ་བྱས་པའི་རྒན་པོ་ལོ་ལོན་དང་ཨ་ཁུ་ཨ་ནེ་རྣམས་ལ་ཕྱག་འཚལ་བའི་ཆོ་ག་ཞིག་ཡོད། དེ་ནི་གང་ཟག་ཆེ་གེ་མོའི་མཚན་ནས་བོས་ཏེ་ཁོ་བོས་ཁྱེད་ལ་ཕྱག་འཚལ་ཞེས་པུས་མོའི་ལྷ་ང་ས་ལ་སྦྱར་ཏེ་ཕྱག་གསུམ་འཚལ་དགོས་པ་ཡིན། ལུགས་སྲོལ་འདི་ནི་མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་སྨོས་མ་དགོས་ནའང་། མི་བུའི་རྒྱུད་ལ་ཆུང་དུས་ནས་བྲན་གཤིས་ཀྱི་ས་བོན་འཇོག་པ་ལ་ནུས་པ་བླ་མེད་ཅིག་ཐོན་ཡོད་པའང་བསྙོན་དུ་མེད།

བསམ་གཞིག་ཞིབ་མོ་རེ་བཏང་ན། ལྷ་ཆོས་ཀྱི་དད་མོས་དང་མི་ཆོས་ཀྱི་གུས་སྲོལ་དེའང་ཚད་ལས་བརྒལ་ན་མི་བུའི་རྒྱུད་ལ་བྲན་གཡོག་གི་གཤིས་ཀ་བསྐྱེད་པའི་རྒྱུ་རུ་མཐོང་ཞིང་། གང་ན་གུས་ཕྱག་འབུལ་མཁན་མང་ན་དེ་རུ་མི་བུའི་འདྲ་མཉམ་དང་རྩིས་ཐང་མེད་པ་དང་། གང་ན་བྲན་གཤིས་ཀྱི་རྫོང་སྟུག་ན་དེ་རུ་ཡོན་ཏན་པའི་དབུ་འཕང་དང་སེམས་དཔང་ཧ་ཅང་དམའ་བའོ། །

ལར་ཡོན་ཏན་པ་དང་ཤེས་ཡོན་ཅན་དག་ནི་སྤྱི་ཚོགས་གང་དེའི་ལམ་སྟོན་གྱི་སྒྲོན་མེ་དང་གདུང་འདེགས་ཀྱི་ཀ་བ་ཡིན་པས། འུ་བུ་ཅག་གི་སྒྲོན་མེ་དག་འདི་ལྟར་ཏལ་ལ་ཉེ་བ་དང་ཀ་བ་རྣམས་འདི་ལྟར་འགྱེལ་ལ་ཉེ་བས། ད་ནི་ཁ་བ་ཅན་ལ་ཅི་ཞིག་ལྷག་ཡོད་ཨང་།

 

སྤྱི་ལོ2018ལོའི་ཟླ9པའི་ཚེས10ལ།