ཁས་གཞེས་ཉིན་བྲིས་པའི་རྩོམ་ཐུང<<ཡོན་ཏན་པའི་བྲན་གཤིས་གླེང་བ>>ཞེས་པར། གཏམ་གྱི་མགོ་གུས་པ་རང་ཉིད་དང་བཅས་པའི་ཡོན་ཏན་པའི་སྡེ་ལ་བྲན་གཤིས་ཇི་ལྟར་ཆགས་ཚུལ་ནས་བསུས་ཡོད་པ་དང་། གཏམ་གྱི་གཞུག་གུས་ཕྱག་འབུལ་བའི་སྲོལ་འདི་ནི་བྲན་གཤིས་ཀྱི་རྟགས་ཡང་དག་ཅིག་ཏུ་འདོད་པས་དེར་དགག་པ་སྤྲོ་དགོས་ཚུལ་གྱིས་བསྡུས་ཡོད།

འུ་ཅག་གི་ཡོན་ཏན་པ་རྣམས་ལ་བྲན་གཤིས་ཚ་བའི་རྟགས་དང་མཚན་མ་མང་པོ་ཞིག་བགྲང་རྒྱུ་ཡོད་པ་ལས། མངོན་གསལ་དོད་པའི་རྟགས་གཅིག་ནི་ཡན་ལག་ལྔ་ས་ལ་ཕབ་སྟེ་ཕྱག་འཚལ་བ་འདི་རེད། གཞན་ལ་ཕྱག་བྱ་བ་འདིས་མི་བུ་རང་ཉིད་ནི་ག་དུས་ཡིན་ཡང་དམའ་ས་དམན་ས་དང་། ཆུང་ས་གཉོམ་ས་རུ་ཡོད་པ་ངང་ངམ་ཤུགས་ཀྱིས་ཁས་བླངས་ཡོད་པས་དེའི་འབྲས་རྟགས་སུ་མངོན་འོང་བ་ནི་མགོ་གུག་གུག་དང་། གཉའ་སྒུར་སྒུར། ཉྭ་ལྷེམ་ལྷེམ། ངག་འདར་འདར། ལུས་ལྕུག་ལྕུག་སོགས་མ་ཡིན་ནམ།

དྲང་མོར་བཤད་ན་ཁོ་བོས་ཀྱང་ད་ལ་ཐུག་གི་བར་ཏེ་ཕོ་ལོ་བཞི་བཅུའི་བར་དུ་ལྷ་ལ་ཕྱག་བྱས་པས་མི་ཚད་མི་ལའང་ཕྱག་འཚལ་ཏེ་འོང་བ་ཡིན། ངའང་རང་རིགས་ཀྱི་གུས་སྲོལ་ཕྱག་ལེན་བཟང་པོ་དག་ལ་ལོས་དགའ། འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་དག་ལའང་ལོས་མོས། ངས་ཀྱང་དྲིན་ཅན་ཕ་མ་དང་ལོ་ལོན་རྒན་པ་རྣམས་བཀུར་གཟོའི་ཡུལ་དུ་ལོས་སྒོམ། མེས་པོའི་ཤུལ་བཞག་ལ་གཞན་ལས་ཀྱང་རྩི་མཐོང་མི་ཆེ་ན་མི་ཆུང་བ་ཡོད་པའོ། །

རྩ་བའི་ཆ་ནས་དེ་ལྟར་ཡིན་མོད་ཀྱི། མི་ཞིག་གིས་མི་གཞན་ཞིག་ལ་པུས་མོའི་ལྷ་ང་སར་བཙུགས་ཏེ“ཐ་མ་མོས་གུས་ཡ་རབས་ཀྱི་ཕྱག”(ཕྱག་འཚལ་བའི་ངེས་པ་གསུམ་གྱི་ཡ་གྱལ)འཚལ་བ་ནི་མ་གཞི་ནས་ཕྱག་བྱ་བའི་ཡུལ་དེར་མགོ་སྒུར་བ་དང་། ལུས་ཕུལ་བ་དང་། ཡིད་གཏད་པ་སོགས་མཚོན་པས་ན་སྐབས་འདིར་ང་ཚོས་གླེང་བཞིན་པའི་གང་ཟག་གི་སྒེར་ཚུགས་ཀྱི་བསམ་བློ་དང་རང་དབང་གི་སྙིང་སྟོབས། ལྷན་སྐྱེས་ཀྱི་ཐོབ་ཐང་སོགས་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད།

མི་སྒེར་གྱི་དད་མོས་དང་ཡ་རབས་ཀྱི་གུས་སྲོལ་ལ་བདེན་ཁ་སྟེར་རྒྱུ་མང་དྲགས་ན། མཚམས་ལན་རེར་རིགས་སྤྱིའི་ཐོབ་ཐང་དང་ཁེ་དབང་དང་རྩིས་ཐང་སོགས་ཀྱི་གོ་རྟོགས་སད་པར་གྲོགས་ལས་དགྲ་རུ་མི་འགྱུར་བའི་ངེས་པའང་མེད་ལ། ལྷག་ཏུ་དད་པ་ཡོད་སྙམ་པ་དང་གུས་ཞབས་ཆེ་སྙམ་པའི་རང་ཅག་གི་སྤྱི་ཚོགས་ལ་མཚོན་ན་དེ་ལྟར་ཡིན་པའོ། །དེའི་ཕྱིར་རང་རེའི་ཡ་རབས་བཟང་སྤྱོད་དུ་འདོད་པའི་གུས་སྲོལ་དེ་དག་ལའང་ད་ནི་ཐེ་ཚོམ་སྐྱེ་དགོས་བྱུང་།

ཁོ་བོས་འདིར་ངས་ད་ནས་བཟུང་མི་ཞིག་ལ་ཕྱག་མི་འཚལ་ཞེས་ཁ་ཕོ་སྒྲོག་པ་མིན་ལ། སྔོན་ཆད་ཕྱག་བྱས་པ་དག་ནི་འགྱོད་པའི་ཡུལ་ལོ་ཟེར་བ་དེ་བས་ཀྱང་མ་ཡིན་པར། རང་སྟེང་གི་མྱོང་བ་དངོས་ལ་སྦྱར་ཏེ་འུ་བུ་ཅག་གི་ཡོན་ཏན་པའི་སྡེ་ཡི་རང་སྐྱ་ཐུབ་པའི་བསམ་གཞིག་གི་ཤེད་མོང་ཇེ་ཆུང་ནས་ཇེ་ཆུང་དང་། གཞན་དབང་དུ་ཚུད་པའི་རྐུབ་གཡོག་གི་གཤིས་ཀ་ཇེ་ཚ་ནས་ཇེ་ཚ་ཡིན་པ་དེར་སེམས་ཀྱིས་མ་བཟོད་པར་རྣམ་རྟོག་གི་ངག་སྒོ་ཡངས་པོར་ཕྱེ་བ་ཙམ་མོ། །

ཡང་འདང་ཞིག་བརྒྱབ་ན། མི་ཆོས་ཀྱི་གུས་ལུགས་མཚོན་པ་དང་ཡ་རབས་ཀྱི་སྲོལ་འཛིན་པ་ལ་ཡིན་གཅིག་མིན་གཉིས་ཕྱག་འཚལ་དགོས་པའི་ངེས་པའང་མེད་དེ། ཕ་རོལ་བ་ལ་དད་སེམས་ཡོད་ན་གུས་པས་དབུ་ནང་ལ་གུག་པ་དང་། གདོང་ལ་བཅོས་མིན་གྱི་འཛུམ་ཕྱུང་བ། ངག་ནས་ཞེ་ཚིག་སྨྲ་བ། ཕྱག་ཟུང་ཐལ་མོར་སྦྱོར་བ་སོགས་ཀྱང་ཅིས་མི་ལེགས།

ཡོན་ཏན་པ་རྣམས་ཀྱི་མགོ་བོ་ནི་སྨད། སེམས་དཔང་ནི་དམའ། དཔའ་གདེང་ནི་ཆུང་། གཉའ་བ་ནི་ཆག སྒལ་ཚིགས་ནི་སྙི་བའི་དུས་དེ་རིང་། བདག་གིས་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགུང་ལ་ཟུག་པའི་དབུ་འཕང་མཐོན་པོ་དེ་དྲན་འོང་ཞིང་། རང་གྲོལ་ལགས་ཀྱི་སྲ་ཞིང་མཁྲེགས་པའི་ལ་རྒྱའི་དཔུང་བ་སྦོམ་པོ་དེའང་དྲན་འོང་། ད་དུང་སྐད་གསང་མཐོན་པོས་མགོ་བོ་ཡར་ལ་ཁྱོགས་དང་ཨ་མའི་བུ་ཞེས་ཡོན་ཏན་པ་རྣམས་ཀྱི་སྙན་ལམ་དུ་ཡང་ཡང་ཟློ་བར་འདོད་དོ། །

 

སྤྱི་ལོ2018ལོའི་ཟླ9པའི་ཚེས13ལ།