དགོན་པའི་སྒོ་ཆེན་དང་རྒྱབ་རི་གླང་ཆེན།

སྤྱི་ཟླ་6པའི་ཚེས་23ཉིན་གྱི་ཞོགས་པར་གྲོང་ཁྱེར་ལན་ཇུ་ནས་གྲོ་ཚང་རྡོ་རྗེ་འཆང་དུ་བསྐྱོད་པ་ཡིན།   དགོན་པ་འདི་ནི་མིང་གུར་གྱི་གོང་མ་ཚོས་མཐུན་རྐྱེན་སྦྱར་ནས་བཞེངས་པ་ཞིག་ཡིན་པ་དང་།   རིག་གསར་སོགས་ལོ་ཟླ་ནག་པོའི་སྐབས་ལ་ཡང་སྔོན་གྱི་འཛུགས་སྐྲུན་དང་ལྡེབས་རིས་མང་པོ་ཞིག་གཏོར་མེད་པས་སྔར་བཞིན་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མི་ཚད་རི་མོའི་སྒྱུ་རྩལ་ཐད་ལ་ཡང་སྐད་གྲགས་ཆོད་པ་ཞིག་ཡིན་པ་སྔ་མོ་ནས་གོ་ཐོས་བྱུང་བས་འདིར་མཇལ་འདོད་ཀྱི་བསམ་པ་ཞིག་རྟག་པར་ཤར་མྱོང་།

གོའུ་ཏམ་སྡེ་ལྷ་ཁང་དང་ས་འདུལ་མཆོད་རྟེན།                                                                       

ལྷོ་བྲག་གྲོ་བོ་ལུང་ནས་སྐུ་འཁྲུངས་པའི་གྲུབ་ཆེན་གླང་དཀར་པ་སངས་རྒྱས་བཀྲ་ཤིས་ཀྱིས་གནས་འདིར་གོའུ་ཏམ་སྡེ་ལྷ་ཁང་དང་ཕྱོགས་བཞིར་ས་འདུལ་མཆོད་རྟེན་བཞི།གཡས་གཡོན་གཉིས་སུ་མགོན་ཁང་དང་ཨ་ཕྱི་མགོན་ཁང་སོགས་བཞེངས་པ་ནི་དགོན་འདིའི་ཆེས་ཐོག་མའི་རྣམ་པ་སྟེ།《བསྟན་རྩིས་ཀུན་བཏུས་》སུ་སྤྱི་ལོ་1389ལོར་ལྷ་ཁང་འདི་ཉིད་བཞེངས་པར་བརྗོད།ལྷ་ཁང་དེ་གའི་ངོ་སྤྲོད་ཡི་གེར་མིང་གུར་གྱི་རྒྱལ་པོ་ཐོག་མ་ཀྲུའུ་ཡོན་ཀྲང་(朱元璋)གིས་སངས་རྒྱས་ཤཱཀྱ་ཐུབ་པའི་རུས་གོའུ་ཏམ་ཞེས་པ་གཡར་ནས་ལྷ་ཁང་གི་མིང་ལ་ཡང་གོའུ་ཏམ་སྡེ་ལྷ་ཁང་ཞེས་བཏགས་སྐད།

རྒྱལ་སྲིད་ལྷ་ཁང་།                                                                                                    

དེང་སང་དགོན་འདིར་ལྷ་ཁང་ཆེན་པོ་གསུམ་སྟེ།  གོའུ་ཏམ་སྡེ་ལྷ་ཁང་དང་།  རིན་ཆེན་འོད་འབར་ལྷ་ཁང་།  རྒྱལ་སྲིད་ལྷ་ཁང་བཅས་བཞུགས།གཞན་ཡང་ལྷ་མོའི་མགོན་ཁང་དང་།  ཨ་ཕྱི་མགོན་ཁང་།  རྗེ་ཡབ་སྲས་གསུམ་གྱི་ལྷ་ཁང་།  བྱམས་ཁང་།  དུས་གསུམ་སངས་རྒྱས་ལྷ་ཁང་།  སྨན་བླ་ལྷ་ཁང་སོགས་ཀྱང་མཆིས།   ལྷ་ཁང་སོ་སོའི་ལྷ་སྐུ་ཕལ་ཆེ་བ་གསར་དུ་བཞེངས་པ་ཤ་སྟག་ཡིན་ཡང་།   དགོན་པའི་ཕྱི་བཀོད་པ་དང་ནང་གི་ལྡེབས་རིས།   ཁྲི་སྟེགས་སོགས་ནི་སྔོན་གྱི་དེ་ག་རང་ཡིན་པས་ཤིན་ཏུ་དང་བ་འདྲེན་པ་ཞིག་རེད།   ད་དུང་འདིར་མིང་གུར་གྱི་རྒྱལ་པོས་གནང་བའི་རིག་དངོས་ཀྱང་མཆིས་ཏེ།  《མདོ་སྨད་ཆོས་འབྱུང་》དུ་“ལྷ་ཁང་སོ་སོའི་ནང་དུ་ཡུ་ཤེལ་གྱི་བཞུགས་ཁྲི།   མཆོད་སྟེགས་སོགས་གནང་ཅན་ཤ་སྟག   ཕྱི་རུ་རྡོ་ལ་བཟོས་པའི་ལན་ཀན།  རྒྱལ་པོའི་བཀས་རང་རང་གི་ལོ་རྒྱུས་རྒྱ་བོད་ཀྱི་ཡི་གེ་ཉིས་བསྒྲིགས་ཡོད་པའི་རྡོ་རིང་།   ཅོང་དང་རྔ་བོ་ཆེ་ཁྱད་མཚར།   སྒོ་འབྱེད་གཅོད་ལ་གླང་བོ་ཆེའི་སྐད་ཀྱི་གདངས་ཡིན་ཟེར་བའི་འགྱུར་བ་མི་འདྲ་བ་སོགས་བཀོད་པ་དང་བྱིན་རླབས་ཀྱིས་ཁྱད་དུ་ཐོན་་་་”ཞེས་གསུངས་པ་རྣམས་ད་ལྟ་ཡང་མཐོང་ཆོས་སུ་ཡོད་པ་འདྲ།

གོའུ་ཏམ་སྡེ་ལྷ་ཁང་གི་སྐུ་རྟེན་དུས་གསུམ་སངས་རྒྱས།

དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་དགོན་འདིར་མིང་གུར་གྱི་རྒྱལ་པོ་རྣམས་ཀྱི་བཀའ་ལུང་རྒྱ་བོད་ཤན་སྦྱར་གྱིས་བརྐོས་པའི་རྡོ་རིང་ཆེན་པོ་བཞི་འདུག་པ་དེའོ།།  རྡོ་རིང་དེ་དག་ལ་མཚོན་ན་ལོ་རྒྱུས་དང་ལོ་ཙཱ།   ཡིག་གཟུགས།   བརྡ་སྤྲོད།   རི་མོ་བཅས་ཕྱོགས་གང་ཐད་ནས་ཞིབ་འཇུག་བགྱི་ཆོག་པའི་རིག་དངོས་རྩ་ཆེན་ཞིག་ཡིན་པ་བསྙོན་དུ་མེད་པས།   གུས་པས་ཀྱང་རྡོ་རིང་གསུམ་གྱི་བོད་ཡིག་རྣམས་པར་བརྒྱབ་སྟེ།   དབུས་རོགས་མས་རམ་འདེགས་ཀྱིས་དབུས་མཇལ་གྱི་ལམ་དུ་ཆ་ཚང་རྩིས་འཁོར་དུ་གཏགས་པ་ཡིན།  (རྡོ་རིང་གཅིག་གི་ཡི་གེ་མི་གསལ་བས་གཏགས་ཐབས་བྲལ།)

ཟོན་ཏེ་རྡོ་རིང་གི་བོད་ཡིག

སྔོན་མར་《གཏམ་རྒྱུད་གསེར་ཐང་》ལས་“གྲོ་ཚང་དུ་གོང་མ་ཟོན་ཏེའི་རྡོ་རིང་ལ་འདི་ལྟར།   ཇི་ལྟར་ནམ་མཁའ་འདི་རྒྱ་ཆེ།    ཉི་ཟླ་འདི་འོད་གསལ་བ་བཞིན་དུ།   སངས་རྒྱས་ཀྱི་བསྟན་པ་དེ་དང་།   ངའི་རྒྱལ་སྲིད་གཉིས་ལོ་ཁྲི་ཁྲག་(ཕྲག)ཁྲི་ཁྲག་(ཕྲག)བར་དུ་མཉམ་དུ་གནས་པར་གྱུར་ཅིག   བྱ་བ་བྲིས་ཡོད་པ་བཞིན།་་་་་་”ཞེས་པ་ཀློག་དུས་སེམས་ལ་མཁས་དབང་དགེ་ཆོས་མཆོག་ཀྱང་གྲོ་ཚང་རྡོ་རྗེ་འཆང་ལ་ཕེབས་མྱོང་ངམ།    ཡང་ན་ཚིག་འདི་ཉིད་དེབ་གཞན་ལས་ཕྱུང་བ་ཡིན་ནམ་ཞེས་དོགས་པ་ཞིག་སྐྱེས་མྱོང་།   ཉེ་ཆར་ཁོང་གི་རྣམ་ཐར་ཞིག་ལ་མཇལ་དུས་སྤྱི་ལོ་1927ལོའི་ཟླ་བཞི་པ་ཙམ་ལ་རྒྱལ་ཁམས་པ་ཁོང་དགོན་འདིར་བཞུགས་མྱོང་བ་གསར་དུ་ཤེས་བྱུང་།   གསེར་ཐང་དུ་དྲངས་པའི་རྒྱལ་པོའི་ལུང་ཚིག་ནི་རྡོ་རྗེའི་ལྷ་ཁང་གི་གཡས་ཕྱོགས་སུ་མཆིས་པའི་རྡོ་རིང་སྒོ་བཞི་མར་གསལ་ཏེ།    དེའི་མཚན་བྱང་ལ་《རྒྱལ་པོས་མཛད་པའི་གོའུ་ཏམ་སྡེའི་རྒྱབ་ཀྱི་ལྷ་ཁང་གི་རྡོ་རིང་ལ་རྣམ་པར་བཞག་པ་ཞེས་བྱ་བ་》ཞེས་ཟེར་ལ།དེར་“ཀྱེ།   གནམ་ས་ཇི་ལྟར་རྒྱ་ཆེ་བ།   ཉི་ཟླ་ཇི་ལྟར་གསལ་བ་ལྟར།   སངས་རྒྱས་ཀྱི་བསྟན་པ་དང༏   ངའི་རྒྱལ་སྲིད་དེ་དང་མཉམ་པོར་ཡུན་རིང་དུ་གནས་ཅིང་དར་བར་གྱུར་ཅིག།    རྡོ་རིང་ལ་ཡི་གེ་འདི་བརྐོས་ནས།   ལོ་ཁྲི་ཕྲག་མང་པོ་མང་པོར་གནས་པའི་དོན་དུའོ།།”ཞེས་གསལ་བས་《གཏམ་རྒྱུད་གསེར་ཐང་》དང་ཧེ་བག་ཅུང་ཆེ་བས་མཁས་དབང་ཁོང་གིས་བློ་ངོས་ནས་བྲིས་པ་ཨེ་ཡིན་བསམ་ཞིང་།   ལྷག་ཏུ་ཁོང་གི་རྣམ་དཔྱོད་ཀྱི་རྩལ་དང་བློ་གྲོས་ཀྱི་ཚད་ག་འདྲ་ཡིན་མིན་ཡང་འདི་ལས་ཀྱང་དཔགས་ནུས་སྙམ་སོང་།

རིན་ཆེན་འོད་འབར་ལྷ་ཁང་།

སྤྱི་ལོ་1427ལོར་བཙུགས་པའི་རྡོ་རིང་འདི་ནི་གོང་མ་ཟོན་ཏེས་(宣宗)གོའུ་ཏམ་སྡེའི་ལྷ་ཁང་གི་རྒྱབ་ཏུ་རིན་ཆེན་འོད་འབར་ལྷ་ཁང་བཞེངས་པའི་མཐུན་རྐྱེན་སྦྱར་ནས་གྲུབ་པ་ལ་གནང་བའི་བཀའ་ལུང་ཡིན་ཞིང་།   ཡ་མཚན་པ་ཞིག་ལ་རྡོ་རིང་འདིར་ཁོང་གིས་མེས་པོ་ཐའི་ཛུང་རྒྱལ་པོ་དང་ཡབ་གཞིང་ཛུང་རྒྱལ་པོ་སོགས་ཀྱིས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་ཚུལ་རིམ་པར་བསྟན་རྗེས།   ཁོང་གི་སྐུ་རིང་ལ་རིན་ཆེན་འོད་འབར་ལྷ་ཁང་བཞེངས་པ་སོགས་བརྗོད་འདུག་པས།འདི་ཉིད་ཀློག་དུས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གི་རྡོ་རིང་ཡི་གེ་ཀློག་པའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་བྱུང་།    སྒོས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ཀྱང་དབུས་ལ་མ་འགྲིམས་པའི་སྔ་རོལ་དུ་གནས་འདིར་ཞབས་ཀྱིས་བཅགས་མྱོང་ཨང་བསམ་ནས་དགའ་སྐྱོ་འདྲེས་མ་ཞིག་སྐྱེས་པ་དང་ལྷན།ནམ་ཞིག་གི་ཚེ་ན་དགོན་པ་འདི་ལ་བསྐྱར་དུ་མཇལ་སྐལ་བྱུང་དུས་ལྷ་ཁང་རྣམས་ཀྱི་ལྡེབས་རིས་ལ་མཇལ་བའི་ཤེས་རབ་ཀྱི་མིག་ཅིག་ཡོད་པར་སྨོན་ལམ་འདེབས་ཞོར་ཕྱིར་གྲོ་ཚང་རྫོང་དུ་ལོག་པ་ཡིན་ནོ།།

 

སྤྱི་ལོ་2018ལོའི་སྤྱི་ཟླ་6པའི་ཚེས་27ཉིན་གྱི་ནུབ་མོར་ཡུལ་དབུས་ལྷ་སའི་བར་སྐོར་གྱི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་བྲིས།

 

ཟུར་བཀོད་ཁག་དང་པོ།  ཟོན་ཏེ་རྡོ་རིང་གི་བོད་ཡིག་ངོ་བཤུས།

༄༅༅།།  ༡ །། རྒྱལ་པོས་མཛད་པའི་གོའུ་ཏམ་སྡེའི་རྒྱབ་ཀྱི་ལྷ་ཁང་གི་རྡོ་རིང་ལ་རྣམ་པར་བཞག་པ་ཞེས་བྱ་བ།  སྔར༏ ངའི༏ ཐའི་ཛུའུ་རྒྱལ་པོ་ཆེན་པོ།   མངོན་སུམ་དུ།   གནམ་གྱི་མཐུ་སྟོབས་ལ་བརྟེན་ནས་རྒྱལ་ཁམས་ཀུན་གྱི་བདག་པོ་བྱས་ཏེ།  ཕྱོགས་བཞི་དང་ཡུལ་ཁམས་ཐམས་ཅད་ན་ཡོད་པའི་མི་རྣམས་ཀྱིས་ཀྱང་ངོ་ལྟས་ནས་འབངས་སུ་གྱུར་།   དེའི་ཡོན་ཏན་གྱི་འཕྲིན་ལས་ཉེ་རིང་ཐམས་ཅད་དུ་ཁྱབ་པ་།   ཡངས་པའི་རྒྱལ་ཁམས་ཀྱི་མི་སྡེ་དང་འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་ས་ལ་བཀོད་ཅིང།   ཡང་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ཏེ།   བསྟན་པ་ནི།   རྣམ་པར་དག་བ་ལ་གཙོར་བྱས་ཞིང་།  བྱམས་དང་བཀའ་དྲིན་ཀུན་ལ་བསྙོམས་པ།   རྒྱལ་ཁམས་ལ་མི་མངོན་པའི་གྲོགས་ལྡན་དང།སེམས་ཅན་མང་པོ་ལ་ཕན་པ།   དེའི་ཡོན་ཏན་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་ཡིན་།  དེ་ལྟ་བུའི་བསྟན་པ་དེ།   ནུབ་ཕྱོགས་དེ་ནས་རྒྱུད་ནས་ཡོངས་པའི།   དེས་ན་དེ་པྱོགས་སུ་གུས་པས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ན་མཆོག་ཏུ་གྱུར་པ་ཡིན།༏   དགོངས་ནས་།   ཟི་ལིང་ས་ཆ་ན་ལྷ་ཁང་ཡང་དག་ཅིག་བཞེངས་ནས།   དེའི་མིང་ནི་གོའུ་ཏམ་སྡེ་ཞེས་བྱ་བ་གནང་ནས།   དེར་དགེ་འདུན་རྣམས་སྡེ་དེ་རུ་བསྡད་ནས།   སངས་རྒྱས་ཀྱི་ཆོས་བཤད་དུ་བཅུག་ཏེ།   འགྲོ་བ་རྣམས་ལ་བསོད་ནམས་བགྱིས་པ་ཡིན།   དེས་ན།༏   འཕགས་པ་ཐའི་ཛུའུ་རྒྱལ་པོ་ཆེན་པོ་བྱམས་དང་ཐུགས་རྗེ་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ།།  ངའི༏   མེས་པོ་ཐའི་ཛུང་རྒྱལ་པོ་ཆེན་པོ་ཉིད།    འཕགས་པ་དང་ལྷའི་ཡོན་ཏན་སྣ་ཚོགས་དང་ལྡན་ཞིང་བྱམས་དང་མཐུ་སྟོབས་ཡོངས་སུ་རྫོགས་པ།   མཛད་པའི་འཕྲིན་ལས་ཤིན་དུ་མཐོ་ཞིང་ཆེ་བ་།   ཁྲིམས་ལུགས་རྒྱ་ཆེན་པོ་དར་བ།  རྒྱལ་ཁམས་ཀུན་དུ་༏ཐུགས་རྗེས་སྐྱོང་བ།  དེས་ལུང་གིས་སྡེ་དེ་ན་ཡང་ལྷ་ཁང་ཅིག་བཞེངས་འདུག་པས་།  དེའི་ནང་གི་སྐུ་གཟུགས་དང་ལྷ་ཁང་ནི།  བཟོ་ལེགས་པ།  དབྱིབས་མཛེས་པ།   ཤིན་ཏུ་ཆེ་ཞིང་མཐོ་བ།  དེ་ལ་གང་གིས་དད་པ་དང་གུས་པར་བྱས་ན།  འགྲོ་བ་ཀུན་ལ་ཕན་བདེ་འབྱུང་བར་དགོངས་ནས་མཛད་པས།༏  མེས་པོ་ཐའི་ཛུང་རྒྱལ་པོའི་ཐུགས་ནི།༏  ཐའི་ཛུའུ་རྒྱལ་པོའི་ཐུགས་དང་གཉིས་སུ་མེད་པ་ཡིན།༏  ཡབ་གཞིང་ཛུང་རྒྱལ་པོ་ཆེན་པོ་ཉིད།ལམ་དང་ཡོན་ཏན་གསལ་ཞིང་ཆེ་བ།བཀའ་དྲིན་ཆེན་པོས་རྒྱལ་ཁམས་ཀུན་དུ་ཁྱབ་པ་དང།   མི་སྡེ་རྣམས་ལ་རྟག་ཏུ་བརྩེ་བའི་ཐུགས་ཀྱི་དགོངས་ནས།   ཐམས་ཅད་བདེ་བའི་ལོངས་སྤྱོད་ལ་བཀོད་ཅིང།   ཡང་སངས་རྒྱས་ཀྱི་བསྟན་པ་ལ་བཀུར་བསྟི་མཛད་པས༏   ཡབ་གཞིང་ཛུང་རྒྱལ་པོའི་ཐུགྶ་ན༏   འཕགས་པ་མེས་པོ་རྣམ་གཉིས་ཀྱི་ཐུགས་དང་ཁྱད་པར་མེད་པ་ཡིན།   ད་ལྟ༏  ངེད་༏   གནམ་གྱི་མཐུ་སྟོབས་ལ་བརྟེན་ནས།   གདན་ས་ཆེན་པོ་བསྡད་ཚུན་ཆད།  བྱ་བ་ཐམས་ཅད༏   འཕགས་པ་རྣམ་གསུམ་གྱི་ཁྲིམས་ལུགས་ཆེན་པོ་དང་མི་འགལ་བར།   གུས་པར་བྱས་ནས་འགྲོ་བ་ཀུན་ལ་ཕན་པ་དང་བདེ་འཇགས་བྱས་པ་ཡིན།   གལ་ཏེ་འཇིག་རྟེན་དུ་ཆར་ཆུ་དུས་སུ་བབ་པ་དང།   ལོ་ཆུ་རྟག་ཏུ་ལེགས་པ་དང།   སེམས་ཅན་ཀུན་ལ་སྤྱོད་པ་དང།   རྫུ་འཕྲུལ་དམ་པས་མི་མངོན་པར་ཕན་པར་འདོད་ན།ནུབ་ཕྱོགས་སངས་རྒྱས་ལ་རག་ལས་པ་ཡིན།   དེའི་ཆེད་དུ།༏   ངས་གོའུ་ཏམ་སྡེ་དེ་ན་རྒྱབ་ཀྱི་ལྷ་ཁང་ཅིག་བཞེངས་པས་ནི༏   ཡབ་མེས་ཀྱི་ཐུགས་དགོངས་རྫོགས་པའི་དོན་དུ་བྱས་པ་ཡིན།   ལྷ་ཁང་དེ་ནི།    ལྷག་པར་ཏུ་ཆེ་ཞིང་མཐོ་བ།བཞེངས་པའི་ཚེ།   བཟོ་བོ་དང་མི་སྡེ་ཀུན་གྱིས་དགའ་བའི་སེམས་བསྐྱེད་ནས་ལས་ལ་ཤིན་དུ་བརྩོན་པ་དང།   སྡུག་བསྔལ་མེད་པར་གྲུབ་ཅིང་།    གྲུབ་ནས་ཀྱང་ས་ཆ་ཉེ་རིང་ཀུན་ནས་འོངས་པའི་མི་རྣམས་གྱིས།    དེ་ལ་དད་པས་ཕྱག་འཚལ་བ་སོགས་བྱས་ནས།   མི་མང་པོ་སེམས་རྩེ་ཅིག་ཏུ།    དགའ་ལྡན་གྱི་གནས་ལ་དད་པ་ལྟར་བྱས་འདུག་།    དེ་ན་བཀྲ་ཤིས་ཀྱི་བལྟས་བཟང་པོ་སྣ་ཚོགས་བྱུང་ཞིང།   མེ་ཏོག་གི་ཆར་དང།   ཆོས་ཀྱི་རོལ་མོའི་སྒྲ་མངོན་སུམ་དུ་གྲགས་པ་དང།   བར་སྣང་ལ་གསེར་སྐུད་དང་དེའི་མཇོད་སྤུའི་འོད་ཟེར་ཉེ་བར་གསལ་བ།   ངོ་མཚར་ཆེ་བ།   བརྗོད་ཀྱིས་མི་ལངས་པ་མཆོག་ཏུ་གྱུར་པ་བྱུང་འདུག་པས༏    ངེད་ཀྱི་བསམ་པ་ལ།༏    ཡབ་མེས་རྣམ་པ་ལྷའི་གནས་སུ་བཞུགས་པའི་ཐུགས་དགོངས་རྫོགས་པའི་དོན་དུ་བསོད་ནམས་དཔག་ཏུ་མེད་པ་བསྒྲུབ་པ་དང་།    རྒྱལ་པོའི་གདན་ས་ཆེན་པོ་ཕྱི་རབས་རྒྱུད་པ་རྒྱུད་པར་འཕེལ་བའི་དོན་དང།    རྒྱལ་ཁམས་ཀུན་གྱི་སེམས་ཅན་མང་པོ་ཡུན་རིང་དུ་འཇགས་པ་དང་བདེ་སྐྱིད་འབྱུང་ཞིང་བསྲུང་བའི་དོན་དུ་ཡིན༏    ངེད་ཀྱི་སེམས་ནི༏    འཕགས་པ་ཡབ་མེས་རྣམ་པའི་ཐུགས་དང་མཐུན་པར་བྱས་པ་ཡིན།    ཀྱེ།   གནམ་ས་ཇི་ལྟར་རྒྱ་ཆེ་བ།    ཉི་ཟླ་ཇི་ལྟར་གསལ་བ་ལྟར།   སངས་རྒྱས་ཀྱི་བསྟན་པ་དང༏   ངའི་རྒྱལ་སྲིད་དེ་དང་མཉམ་པོར་ཡུན་རིང་དུ་གནས་ཅིང་དར་བར་གྱུར་ཅིག།    རྡོ་རིང་ལ་ཡི་གེ་འདི་བརྐོས་ནས།    ལོ་ཁྲི་ཕྲག་མང་པོ་མང་པོར་གནས་པའི་དོན་དུའོ།།   ཟོན་(ཟུན)དེའི་གཉིས་པའི་ལོ་ཟླ་བ་གཉིས་ཚེས་དགུ་ཉིན།།

སྤྱི་ལོ་2018ལོའི་སྤྱི་ཟླ་6པའི་ཚེས་23ནས24ཉིན་བར་གྲོ་ཚང་རྫོང་དུ་སྟག་མོ་མཚོས་འདྲ་པར་ལ་བལྟས་ནས་ཀློག་ཅིང་སྒོ་བུ་ཤ་བོ་ཚེ་རིང་གིས་གཏགས་པ་དགེའོ།།

 

ཟུར་བཀོད་ཁག་གཉིས་པ།   གྲོ་ཚང་རྡོ་རྗེ་འཆང་གི་གནས་ཡིག་ཚིགས་བཅད་མ།

   དད་གསུམ་ཡིད་མཚོ་སྐྱོམ་པའི་རླབས་སྒྲ།

དམིགས་མེད་ཐུགས་རྗེ་སྒྱུ་འཕྲུལ་དབྱིངས་ལས་རིགས་དྲུག་འཁོར་བ་དོང་ནས་སྤྲུགས།།

མཐའ་མེད་འགྲོ་བློའི་རྨོངས་པའི་མུན་པ་ཤེས་རབ་འོད་ཀྱིས་དབྱིངས་སུ་བསྐྲད།།

འཇིགས་མེད་གཏུམ་དྲག་རོལ་བའི་ཉམས་ཀྱིས་གསང་གསུམ་དགྲ་བགེགས་གཞོམས་པར་མཛད།།

སྐྱབས་མེད་འཁོར་བར་འཁྱམས་པའི་བུ་ལ་རིགས་གསུམ་ལྷ་ཡིས་ཤིས་པ་སྩོལ།།

ཙོང་ཆུ་སྒེག་མོ་གར་སྟབས་འཁྱུག་པའི་འགྲམ།།

གྲོ་ཚང་ཞེས་བྱའི་མཚན་སྙན་སྤྲིངས་ཡིག་ནི།།

ཆོལ་གསུམ་མཁའ་ལ་འཕུར་བའི་གྲྭ་གཅིག་ན།།

ལུགས་གཉིས་དགེ་མཚན་སྟོང་གི་ཤུལ་བཞག་ཡོད།།

གནམ་བསྐོས་ས་དབང་ཆེན་མོའི་བཀའ་ལུང་དང་།།

གྲུབ་བརྙེས་སེམས་དཔའི་རྨད་བྱུང་ཐུགས་བསྐྱེད་ཀྱིས།།

གོའུ་ཏམ་རིང་ལུགས་འཛིན་པའི་ཆོས་ཀྱི་སྡེ།།

སྐྱེ་དགུའི་ལེགས་བྱས་བསྐྲུན་པའི་རྟེན་དུ་བཞེངས།།

རྒྱབ་རི་གླང་ཆེན་ས་འཛིན་བརྟན་ཅིང་བརླིང་།།

མདུན་རི་ཁྱུང་ཆེན་གཤོག་ཟུང་མཁའ་རུ་བསྐྱངས།།

ཕྱོགས་བཞིའི་ས་སྲུང་བཞི་ཡི་རི་མོ་ནི།།

རིག་བྱེད་མེས་པོས་ཆེད་དུ་བཀོད་པ་འདྲ།།

གྲོ་ཚང་གཙང་པོ་གར་བརྒྱའི་ཉམས་ཀྱིས་འགྱུ།།

སྣ་མང་རྐང་ཐུང་ཆགས་པའི་ལག་རྡང་སྦྲེལ།།

སྣ་ཚོགས་འདབ་ཆགས་མགྲིན་པའི་རྫ་རྔ་འཁྲོལ།།

ཨེ་མ་གནས་འདི་ས་ཡི་དག་ཞིང་ཡོད།།

དེ་ཡི་དབུས་སུ་གོང་མའི་ཕོ་བྲང་གི།

སྙེམས་པ་ཟིལ་གནོན་རྒྱལ་བརྟན་གཙུག་ལག་ཁང་།།

ཡ་མཚན་བཟོ་བཀོད་སྟོང་གི་སྒྱུ་རྩལ་ནི།།

ཚངས་དབང་ལྷ་ཡི་དཔྱོད་པའི་བློ་ལས་འགོངས།།

ནང་དུ་མཐོང་ཐོས་རིགས་དྲུག་སེམས་ཅན་རྣམས།།

འཁོར་བའི་འདམ་ལས་གྲོལ་བའི་བྱིན་རླབས་ཅན།།

གདོད་མའི་སངས་རྒྱས་རྒྱལ་པ་རྡོ་རྗེ་འཆང་།།

སྲིད་པའི་མྱ་ངན་སེལ་བའི་གཉེན་པོར་བཞུགས།།

ལྷ་མིའི་རིན་ཆེན་ཡོངས་ཀྱིས་ཁུགས་མིན་པས།།

གསེར་བྲིས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡང་།།

གནས་མཆོག་འདི་ལས་ས་གསུམ་གང་དུའང་།།

མེད་ཅེས་བརྒྱ་བྱིན་ལྷ་ཡིས་ལན་བརྒྱར་གསུངས།།

རིན་ཆེན་སྣ་བདུན་སྦྱངས་པའི་ཞུན་ཟགས་ཀྱི།།

ཚོན་མདངས་མ་འགྱུར་ལྡེབས་བྲིས་སྣང་བརྙན་འབུམ།།

དད་ལྡན་བསོད་ནམས་བསགས་པའི་ཞིང་ས་རུ།།

བྱིན་རླབས་ཚན་ཁ་འབར་བའི་ཀློང་ན་བཞུགས།།

གྲུབ་ཆེན་གླང་དཀར་པ་ཡི་མགྱོགས་འགྲོའི་ལྕག།

ཙན་དན་ཤིང་དུ་སྤྲུལ་བའི་མ་སྡོང་དང་།།

ཁྲོམ་པའི་ཆུ་བོ་དངོས་སུ་བཞེངས་པ་གཉིས།།

ཡ་མཚན་ལོ་རྒྱུས་རིང་མོའི་དཔང་བོར་བཞུགས།།

གྲོ་ཚང་ཅོང་གིས་བ་ཡན་རྟ་འདྲོགས་ཞེས།།

གདོད་མའི་ངག་རྒྱུན་འཁུར་བའི་ཅོང་རྙིང་དེ།།

མ་རིག་རྨོངས་གཉིད་སློང་བའི་བྱེད་པོ་རུ།།

ད་དུང་ལོ་རྒྱུས་ཤིག་གི་རྒྱན་དུ་ལྷམ།།

བྱམས་པའི་ཕོ་བྲང་རྒྱལ་མཚན་མཐོན་པོ་ཡང་།།

ཕམ་བྱེད་རིན་ཐང་གཞལ་མེད་གནྡྷོ་ལ།།

འོད་འབར་ལྷ་ཁང་ཞེས་པའི་མཚན་སྙན་ཅན།།

དེང་ཡང་མངོན་སུམ་མིག་གི་དཔྱིད་དུ་མཛེས།།

ནང་དུ་བྱིན་རླབས་ཐུབ་དབང་དང་མཉམ་པ།།

ཇོ་བོ་ཤཱཀྱ་མུ་ནེ་སྣང་བརྙན་གཅེས།།

རབ་འབྱམས་རྒྱལ་བ་བྱང་ཆུབ་སེམས་དཔའི་ཚོགས།།

མཁའ་ཁྱབ་འགྲོ་བའི་ཚོགས་གཉིས་ཞིང་དུ་བསྔགས།།

མིག་སྟོང་ཅན་གྱི་རྣམ་རྒྱལ་ཕོ་བྲང་ཡང་།།

འདི་ཡི་དྲུང་དུ་ཡི་དྭགས་ཁང་ཁྱིམ་ལ།།

བདེ་ལེགས་འགོད་པའི་གོའུ་ཏམ་ལྷ་ཁང་ནི།།

རྒྱ་བོད་ལུགས་ཀྱི་བཟོ་རྩལ་གཅིག་ཏུ་འདྲིས།།

ནང་དུ་བི་ཤྭ་ཀརྨའི་སོར་རྩེ་ལས།།

ཐོན་པའི་བྱིན་རླབས་དྲོད་ཁོལ་མ་ཡལ་བའི།།

དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི།།

སྣང་བརྙན་གསོན་པོ་འཇིག་རྟེན་ཡོངས་ཀྱི་མགོན།།

གཞོམ་ཞིག་བྲལ་བའི་རྡོ་རྗེ་ལྷ་ཁང་དུ།།

རང་རང་ཕྱོགས་ཀྱི་སྲུང་བའི་ཁུར་བསྣམས་པའི།།

ཞི་དྲག་ཉམས་ཀྱིས་འགྱིང་པའི་རྒྱལ་ཆེན་བཞི།།

འཇིག་རྟེན་ལེགས་ཚོགས་སྐྱོང་བའི་སྐུ་རུ་བཞེངས།།

ས་དབང་ཆེན་མོའི་རྡོ་རྗེའི་ལུང་གི་ཚིག།

ལོ་རྒྱུས་རྟེན་དུ་བཀོད་པའི་རྡོ་རིང་བཞི།།

དེང་ཡང་མ་འཇིག་གནམ་འདེགས་ཀ་བ་བཞིན།།

ཀུན་གྱི་མིག་གི་ལྟད་མོར་མཁའ་རུ་འགྲེང་།།

སྡེ་འདིར་བཞུགས་པའི་བཅུ་ཕྲག་དགེ་འདུན་རྣམས།།

(འདི་ནས་ཚིག་ཕྲེང་བཞི་མི་གསལ།)

ནད་ཡམས་མུ་གེ་འཁྲུག་རྩོད་མི་འབྱུང་ཞིང་།།

ཆར་ཆུ་དུས་འབེབས་ལོ་ཕྱུག་རྟག་ཏུ་ལེགས།།

འཛམ་གླིང་ཡོངས་ལ་ཞི་བདེ་འབྱུང་བར་ཤོག།

ཅེས་པ་འདི་ནི་ཚེ་གཅིག་གྲོགས་ཀྱི་དྭངས་རྩེ་ཁྲི་གཡག་དཀོན་མཆོག་ཀུན་དགའ་རྡོ་རྗེས་ཡང་ཡང་བསྐུལ་བའི་དོན་རྡོ་ཆག་བཙན་བསྒྲིགས་ཀྱི་ཚིགས་བཅད་འགའ་སྤེལ་བའི་ཁུལ་བྱས་པ་ནི་བཙུན་གཟུགས་རྒྱལ་ཁམས་པ་གཅེན་ཁམས་ཤེས་རབ་རྒྱ་མཚོས་སོ།།  ༢༠༠༠    ༦   ༢༢

གནས་ཡིག་ཚིགས་བཅད་མ་འདི་ནི་གྲོ་ཚང་རྡོ་རྗེ་འཆང་གི་སྒོ་ཆེན་གྱི་ཁྱམས་སུ་ཤོག་ངོས་གསུམ་དུ་ལག་བྲིས་ཀྱིས་སྦྱར་ཡོད་པས་ཀློག་ན་དང་བ་འདྲེན་པ་ཞིག་རེད།  མཇལ་སྐོར་གྱི་ཉིན་དེར་པར་དུ་བཏབ་ཅིང་།  ལོ་ཡུན་རིང་སོང་བས་བྲིས་པའི་ཡི་གེ་མག་མོག་ཏུ་གྱུར་པས་ཤིན་ཏུ་མི་གསལ་བས་ཤོག་ངོས་གསུམ་པའི་ཚིག་ཕྲེང་བཞི་ཀློག་མི་བཏུབ་པས་གཏགས་འཕྲོར་ལུས།  སྤྱི་ལོ་2018ལོའི་སྤྱི་ཟླ་6པའི་ཚེས་26ཉིན་ལྷ་སར་བསྐྱོད་པའི་མེ་འཁོར་དུ་སྟག་མོ་མཚོས་འདྲ་པར་ལ་བལྟས་ནས་ཀློག་ཅིང་སྒོ་བུ་ཤ་བོ་ཚེ་རིང་གིས་གཏགས་པ་དགེའོ།།