གྲོང་ཁྱེར་ནེའུ་ཡོག་གི་སའེ་ཁྲི·ཕཱ་ཀྲི་རའེ་ཁི་སི(St.Patrick’s)ལྷ་ཁང་ཆེན་མོ་ནི་དམིགས་བསལ་ཆེ་རྒྱུ་མེད་མོད།  ལམ་ཆེན་ལྔ་བའི(Fifth Avenue)འགྲམ་ཏག་ཏག་ཏུ་གནས་པས་ཡེ་ཤུ་ཆོས་དད་པ་རྣམས་མཇལ་བསྐོར་བྱེད་ས་གཙོ་བོ་ཞིག་རེད།  ལྷ་ཁང་དེའི་ཀའོ་ཐེ་ཁུ་རྣམ་པའི་སྒྱུ་རྩལ་གྱིསTཟུང་ཟླ་བ་ཧ་ལས་སུ་བཅུག་སོང་།  ཁོས་རྣོ་དབལ་གྲི་རྩེ་བར་སྣང་ལ་གཏད་པ་དང་གཉིས་སུ་མ་མཆིས་པའི་ལྷ་ཁང་གི་ཕྱིའི་རྣམ་པར་ཅེར་ནས་ཡུན་རིང་འགོར་ཞིང་།  ལྷ་ཁང་སྒོ་ནང་དུ་འཛུལ་བའི་དུས་སུའང་མགོ་ལྟག་གར་དགྱེ་ནས་བལྟས་པར་བར་སྣང་ལ་གཡེལ་བའི་སྒོའི་ཡ་ཐེམ་གྱིས་རིམ་བཞིན་ཁོའི་མཐོང་ལམ་བསྒྲིབས།  དེ་ནས་ད་གཟོད་ཁོས་མགོ་བོ་སྨད་ཅིང་རྡོག་ལམ་ལ་གཟབ།  འཛུགས་སྐྲུན་ཇུས་འགོད་འདི་བོད་ལ་ཅིའི་ཕྱིར་མ་དར་བ་ཡིན་ནམ།  ཁོས་འཕྲལ་མར་བསམ་གཞིགས་བཏང་།  འཛུགས་སྐྲུན་འདིའི་མིང་ལ་ཀའོ་ཐེ་ཁུ་རྣམ་པའི་སྒྱུ་རྩལ་ཟེར་གྱིན་འདུག  སྒྱུ་རྩལ་གྱི་རྣམ་པ་དེ་ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་སྐབས་འཕེལ་རྒྱས་ཆེ་ཆེར་ཕྱིན་པ་ཞིག་རེད།  རིག་རྩལ་བསྐྱར་དར་གྱི་སྔ་གཞུག་ནས་བཟུང་བོད་དང་ཡོ་རོབ་ཀྱི་འབྲེལ་འདྲིས་ཉམས་ཟིན་པ་ཡིན་ནམ།  དེ་མིན་གནའ་བོའི་འཛུགས་སྐྲུན་ནི་ཕན་ཚུན་ཤན་ཤུགས་ཆེ་བར་མངོན།

ལྷ་ཁང་དུ་ལྷགས་པ་ན།  སྐས་དབྱིབས་ཀྱི་བང་གཅལ་སྒང་ལ་ཤེལ་ཕོར་མང་པོ་བསྟར་འདུག  ཞིབ་ཏུ་བལྟས་ཚེ་ཤེལ་ཕོར་དེ་དག་མཆོད་རྐོང་དུ་ངེས་ཤིང་།  རེ་རེའི་ནང་ཆུ་ཁར་གཡེང་བའི་ལཱ་སྒྲོན་རེ་བཞག་འདུག  སྐྲ་སེར་འགས་ཤིང་ཐུར་རྩེར་མེ་སྦར་ཏེ་ལཱ་སྒྲོན་གྱི་སྡོང་རས་ལ་བགོས་མཐར་སླར་ཡང་ཤིང་ཐུར་ཆུར་བཙུགས་ནས་མེ་གསོད་པར་བྱེད།  ལཱ་སྒྲོན་ཧ་ཅང་མང་པོ་སྦར་ཡོད་ཀྱང་ཉེ་སར་བཅར་ཚེ་བསིལ་དྲོད་ཙམ་ལས་མ་མཆིས།  བྱེད་ཐབས་འདི་ནི་མེ་སྐྱོན་སྔོན་འགོག་ལ་ཧ་ཅང་ཕན་སྙམ།  Tཟུང་ཟླ་བས་མཆོད་མེ་སྦར་ཚུལ་འདིའི་དགེ་མཚན་ལ་བསམ་བློ་གཏོང་བའི་དུས་ན།  དེ་གར་འགྲེང་བའི་དོ་དམ་པས་ཁོའི་རྣམ་འགྱུར་ལ་བརྟག་འདུག  ཁོས་ཤིང་ཐུར་ལ་མེ་སྒྲོན་ནས་ཆུ་ཁར་གཡེང་བའི་ལཱ་སྒྲོན་ཅིག་སྦར་ཚེ་དོ་དམ་པས་ཁོར་སྐྱོན་བརྗོད་བྱ་སྲིད་དམ།  ཁོར་ཐོལ་གྱིས་སོམ་ཉི་སྐྱེས།  དོ་དམ་པས།  ཁྱོད་ནི་ཡུལ་བསྐོར་བ་ཞིག་རེད།  ཁྱོད་ཀྱིས་སྟོན་པ་ཡེ་ཤུར་དད་པ་བྱེད་ཀྱིན་མེད་པས།  ལཱ་སྒྲོན་སྦར་བ་ནི་རྩེད་མཚར་ཙམ་རེད་ཟེར་ངེས་སམ།  ཡང་ན།  སྟོན་པ་ཡེ་ཤུར་དད་པ་མི་བྱེད་མཁན་གྱི་འདི་གར་མཆོད་མེ་སྒྲོན་མི་ཆོག་ཅེས་གཤེ་གཤེ་བཏང་སྟེ་མགོ་འགྱོགས་མི་ཕོད་པ་བཟོ་སྲིད་དམ།  སྐད་ཅིག་ལTཟུང་ཟླ་བའི་ཡིད་ངོར་དེ་ལྟར་འཆར།  ཡིན་ཡང་།  དོ་དམ་པས་ཁོའི་བསམ་ཚུལ་རྟོགས་པ་ཇི་བཞིན་ཚུར་ཡོང་ནས་མཆོད་མེ་སྒྲོན་ཆོག་པའི་རྣམ་འགྱུར་བསྟན།  དེས་འཛུམ་ཆུང་མངོན་ཞིང་མཆོད་ཁྲིའི་སྒང་གི་ཤིང་ཐུར་ཞིག་ལ་མེ་སྒྲོན་ནསTཟུང་ཟླ་བའི་ལག་ཏུ་བཞག  ལྷ་ཁང་དུ་སྤ་སེ་མ་ཉོས་པར་མཇལ་བསྐོར་བྱ་ཆོག་པ་དང་མཆོད་མེ་ལ་ཤོག་སྒོར་སྤྲོད་མི་དགོས་པར་རིན་མེད་ཀྱིས་སྦར་ཆོག་ཨང་།  ཤེལ་གྱི་མཆོད་མེ་ཁྲ་ལམ་མེར་འཚེར་བའི་གནས་དེ་གརTཟུང་ཟླ་བས་སྨོན་ལམ་ཞིག་རྒྱག་སྙིང་ཡིད་ལ་ངང་ངམ་ཤུགས་ཀྱིས་འཆར།

ཚོམས་ཆེན་ཧ་ཅང་ཡངས།  Tཟུང་ཟླ་བས་རང་དབང་མེད་པར་མགོ་བོ་དགྱེ་ནས་བར་སྣང་ལ་བལྟས།  སྤྲོ་བ་འཕེལ་དུས་ཁོས་རྟག་པར་མགོ་བོ་དགྱེ་དགྱེ་ངང་ནམ་མཁར་ལྟ་སྲིད་ཅིང་།  ནམ་མཁའི་སྣང་བརྙན་གྱིས་ཁོའི་སྤྲོ་དགའི་ཉམས་ཚོར་ལ་རང་དབང་གི་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་སྤྲོད་པར་བྱེད།  སའེ་ཁྲི·ཕཱ་ཀྲི་རའེ་ཁི་སི་ལྷ་ཁང་གི་གནམ་གཅལ་གྱིས་ཁོར་ནུབ་ཕྱོགས་རིག་གནས་ཀྱི་མཐོང་རྒྱ་ཡངས་པོ་ཞིག་བསྐྱེད་པར་མ་ཟད།  ཀའོ་ཐེ་ཁུ་རྣམ་པ་འདི་སྒྱུ་རྩལ་ལོ་རྒྱུས་ཁྲོད་ཧ་ཅང་རྩ་ཆེན་ཡིན་པའི་དོན་སྙིང་ཡང་རྟོགས་སུ་བཅུག — དེ་ནི་སྨོས་མ་དགོས་པར།  མི་རྣམས་ལྷ་ཁང་ནང་དུ་ཡོང་ན་ལྷ་ཁང་ཕྱིའི་ནམ་མཁའ་ལས་ཀྱང་སེམས་རྒྱ་ཆེ་ཆེར་བསྐྱེད་དུ་འཇུག་ཐུབ་དྲན།  Tཟུང་ཟླ་བས་དེ་ལྟར་དྲན་པའི་མོད་ལ་དེར་ཅི་ལྟར་འགྲེལ་བརྗོད་བྱ་དགོས་པ་ཁོས་རྟོགས་མ་བྱུང་།  ལྷ་ཁང་ནམ་གི་ནམ་མཁའ་མཐོ་དྲག་པས་ཁོས་ཕྱི་ལོགས་ཀྱི་ནམ་མཁའ་ལས་ཀྱང་རང་དབང་གི་མཁའ་དབྱིངས་ཤིག་མཐོང་བྱུང་བ་འདྲ།  དོན་ངོ་མར་ཕྱིའི་ནམ་མཁའ་སྟོང་བ་སྟོང་རྐྱང་ཡིན་པས་མུ་མཐའ་མེད་པའི་ནམ་མཁའ་ནི་རང་དབང་གི་ཁྱབ་ཁོངས་ཤིག་ཡིན་མིན་ཀྱང་རྟོགས་ཐབས་བྲལ།  Tཟུང་ཟླ་བར་མཚོན་ན་ཁོ་སྐྱེས་མ་ཐག་ནས་བཟུང་རང་བྱུང་ཁམས་ཀྱི་པང་དུ་འཚོ་བ་རོལ་ཅིང་།  མཐོན་མཐིང་གི་ནམ་མཁའ་དང་དྭངས་གཙང་གི་ཆུ་མོ།  མཚོ་དང་མཚེའུ།  ད་དུང་རང་བྱུང་གི་ནགས་ཚལ་རྣམས་ལ་ཧ་ཅང་འདྲིས་ཆེ་བས།  མིས་བཟོས་སྒྱུ་རྩལ་གྱི་མཛེས་པ་དང་བར་སྟོང་གི་ཁྱབ་ཁོངས་ལ་རིན་ཐང་ཆེ་ཆེར་ལྡན་སྙམ་བྱུང་།  སའེ་ཁྲི·ཕཱ་ཀྲི་རའེ་ཁི་སི་ལྷ་ཁང་གི་གནམ་གཅལ་ནི་གཏོར་གཟུགས་ཁོག་དབུབ་ཅིག་དང་གཉིས་སུ་མ་མཆིས།

Tཟུང་ཟླ་བས་ལྷ་སྒྲུང་ཁྲོད་ནས་སྣང་བརྙན་འདི་འདྲ་གོ་ཐོས་ཡོད་ཀྱང་དངོས་སུ་མཐོང་བ་ནི་ད་ཐེངས་རེད།  གནམ་གཅལ་གྱི་མཚམས་བར་ཟུག་པའི་སྒེའུ་ཁུང་རིང་མོ་ལས་ཉི་འོད་གསེག་འཕྲོ་བྱེད་པ་ནི་ནགས་ཚལ་སྟུག་པོའི་བར་གསེང་དུ་ཉི་ཟེར་སྤྲོ་བ་དང་འདྲ་ལ།  ཚོན་ཁྲའི་བཀྲག་མདངས་འཚེར་བའི་སྒེའུ་ཁུང་གི་ཤེལ་སྒོ་ལས་ཉི་འོད་ཀྱི་ཁ་དོག་ཀྱང་དཀར་སེར་སྔོ་ལྗང་གི་མདངས་ཀྱིས་མཆེད་ཅིང་།  གསལ་བོར་བརྗོད་ན།  དེ་ནི་ཉི་འོད་ལས་ཀྱང་མཛེས་སྡུག་ལྡན།  ཚོམས་ཆེན་གྱི་སྲིད་ཞེང་མཐོ་གསུམ་ཧ་ཅང་ཡངས་པས་མཇལ་བསྐོར་བ་ཚོ་ལྟ་བསྐོར་བ་ལྟར་བག་ཕེབས་ཤིང་།  ལྟ་བསྐོར་ཚོའང་མཇལ་བསྐོར་བ་ལྟར་དད་འདུན་གྱིས་ཁྱབ།  ཚོམས་ཆེན་དབུས་ཀྱི་ངོགས་གཉིས་སུ་ཤིང་གི་རྐུབ་ཀྱག་རྒྱབ་སྔས་གྲུ་བཞི་ཅན་མང་པོ་གྲལ་བསྟར་རིང་བོར་བསྒྲིགས་ཤིང་།  སྨོན་ལམ་རྒྱག་མཁན་འགའ་རེ་བག་ལྷོད་ཀྱི་ངང་རྐུབ་ཀྱག་ལ་བསྡད་འདུག  ལམ་ཁའི་རྐུབ་ཀྱག་རེ་འགའི་སྟེང་བཙོག་ཙམ་དང་འགྲེང་ཙམ་བྱེད་མཁན་ཚོ་ནི་སྨོན་ལམ་རྒྱག་མཁན་མིན་པརTཟུང་ཟླ་བ་ཇི་བཞིན་གྱི་ལྟ་བསྐོར་བ་རེད།  ཆོས་དཔོན་ད་དུང་སླེབས་མི་འདུག་པས།  ཁོ་ཚོས་ཡེ་ཤུའི་ཆོས་དད་པའི་ཉམས་སྣང་ཚོད་བགམ་བྱེད་ཀྱིན་པ་འདྲ།

དད་ལྡན་པའི་གྲལ་གནས་བརྒལ་ཅིང་ཕྱིན་པ་ན།  གྱང་ལྡེབ་ཀྱི་སྒྲོམ་གཞིའི་དབུས་སུ་གསལ་ཤིང་རྩེར་བསྐྱོན་པའི་སྟོན་པ་ཡེ་ཤུའི་སྐུ་ཆུང་ངུ་ཞིག་བཤམས་འདུག  སྟོན་པ་ཡེ་ཤུའི་སྐུ་ཉམས་ལས་མྱ་ངན་གྱིས་རབ་ཏུ་ནོན་པའི་ཚོར་བ་འགོག་མེད་སྐྱེས་ཡོང་།  Tཟུང་ཟླ་བ་དེ་གར་ཡུན་རིང་འགྲེང་ནས་བསྡད་ཅིང་།  མིག་ཟུང་གཡེལ་བ་མེད་པར་སྟོན་པ་ཁོང་གི་སྣང་བརྙན་ཧྲིལ་བོར་ཞིབ་ཏུ་བལྟས།  ཁོང་གི་སྐུ་ལུས་ཧ་ཅང་རིད་པར་སྣང་།  དབུ་ལ་ལྕགས་ཚེར་བསྐོན་ཏེ་ཨ་འཐས་སུ་ཡོད།  ཕྱག་གཉིས་ཀྱི་མཁྲིག་མར་ལྕགས་མཛེར་བརྡབས་ནས་གསལ་ཤིང་ངོར་སྦྱར།  ཞབས་ཟུང་བསྣོལ་མར་བརྩེགས་ཤིང་རྗེ་ངར་སྟེང་ལྕགས་མཛེར་བརྡབས་ཏེ་གསལ་ཤིང་གི་ཀ་ངོར་སྦྱར།  ལྕགས་གཟེར་བཏབ་པ་ལས་ཟུངས་ཁུ་ཕྲན་བུ་བསྙིལ་ཞིང་།  དབུའི་ལྕགས་ཚེར་གྱི་གསེབ་ནས་ཀྱང་ཟུངས་ཁུ་ཕྲན་བུ་ཐོན།  ཀྱེ་མ།  འཇིག་རྟེན་མི་ལ་འདི་འདྲའི་གདུག་རྩུབ་ཅིག་གང་ནས་བྱུང་བ་ཡིན་ནམ།  འཇིག་རྟེན་མི་ལ་སློབ་སྟོན་གནང་མཁན་ཆོས་པའི་སེམས་སུ་འདི་འདྲའི་གདུག་རྩུབ་ཀྱི་བློ་ཞིག་ཅི་ལྟར་སྐྱེས་པ་ཡིན་ནམ།  Tཟུང་ཟླ་བའི་ཡིད་སེམས་རབ་ཏུ་དངངས་ཤིང་སྙིང་རྗེའི་ན་ཟུག་གིས་ཁྱབ།  སྒྲོམ་གཞིའི་ཡ་ཐོད་དུ་གཤོག་པ་ཐོགས་པའི་ལྷ་མོ་ཞིག་གིས་བརྒྱན་འདུག་ལ།  དེ་ནི་མྱ་ངན་འདི་ལ་དབུགས་དབྱུང་གནང་མཁན་གྱི་ཚུལ་དུ་གནས།

དབུས་ཀྱི་སྒྲོམ་གཞིར་རྒྱལ་ཡུམ་མཆོག་གིས་ལྷའི་བུ་ཆུང་པང་བའི་ཚོན་མདོག་རི་མོ་ཞིག་བཤམས་འདུག  Tཟུང་ཟླ་བའི་སེམས་སུ།  རྒྱལ་ཡུམ་གྱིས་བདེན་པའི་བུ་ཆུང་མི་ཡུལ་དུ་མངགས་ཤིང་རང་གི་བཀའ་གསུང་བསྒྲགས་མོད་ཀྱང་།  མི་ཡུལ་གྱི་དབང་བསྒྱུར་པས་དེའི་ལན་དུ་བུ་ཆུང་དེ་ཉིད་གསལ་ཤིང་རྩེར་བསྐྱོན་ཏེ་ཕྱིར་བརྫངས།  ད་ལྟ་མི་ཡུལ་དུ་ལྷག་པ་ནི་གདུག་རྩུབ་དང་བྱམས་སེམས་བར་གྱི་འགལ་ཟླ་ལས་སྐྱེས་པའི་སྣང་བརྙན་རི་མོ་ཞིག་ཡིན་ལ།  རི་མོ་དེ་སྒྱུ་རྩལ་པས་ཟུངས་ཁྲག་ལས་གྲུབ་པའི་ཀའོ་ཐེ་ཁུ་ལྷ་ཁང་དུ་མི་དང་ལྷའི་འབྲེལ་འདྲིས་རྒྱུད་རིམ་གྱི་དན་རྟགས་ཤིག་ཏུ་ཉར་ཚེགས་བྱུང་འདུག་ཨང་སྙམ།  ལྷ་ཁང་གི་གྱང་ལྡེབ་ངོས་སུ་སྒྲོམ་གཞི་མང་པོ་མེད་ཅིང་ཤིན་ཏུ་ལྷིང་འཇགས་དང་གཙང་མ།  ཁ་ཁུ་སིམ་པའི་རྣམ་པ་མངོན།  Tཟུང་ཟླ་བ་འདི་འདྲའི་བར་སྟོང་ཆེན་པོ་ཞིག་ཏུ་སླེབས་ཤིང་།  སྟོན་པ་ཡེ་ཤུའི་མྱ་ངན་གྱི་སྐུ་གཟུགས་ལས་བྱུང་བའི་སྐྱོ་གདུང་གིས་བར་སྟོང་འདིའི་ནམ་མཁའ་ཡོངས་སུ་བསྐང་འདུག་པར་མ་ཟད།  ཁོའི་སེམས་ཀྱི་མཁའ་དབྱིངས་མ་ལུས་ཀྱང་སྒྲིབ་འདུག  ལྷ་ཁང་འདི་རུ་ལྷ་སྐུ་མང་པོ་མེད་པའང་ཚོར་བ་འདི་ཁོ་ནས་ཁེངས་པས་ཡིན་ནམ།  ཡང་ན།  ཀའོ་ཐེ་ཁུ་སྒྱུ་རྩལ་ཀྱང་ཚོར་བ་འདི་ཤོངས་པའི་སླད་དུ་བཟོས་པ་ཨི་མི་ཡིན།

གནའ་བོའི་དཔལ་ཡོན་དར་བའི་དུས་སུ།  འདོད་པ་དགག་བྱ་དང་སྤེལ་བྱའི་ལྟ་ཚུལ་ཁ་ཁ་བྱུང་ལ།  མིའི་རིགས་ཀྱི་དད་པའི་ངོ་བོའང་རིགས་གཉིས་སུ་གྲུབ།  Tཟུང་ཟླ་བའི་སེམས་སུ།  མཛེས་སྡུག་གི་སྤྱི་མཐུན་རྒྱལ་ཁབ་འདིའི་ལྟ་ན་སྡུག་པའི་སྣ་འདུས་གྲོང་ཁྱེར་འདི་གར་ལྟ་གྲུབ་དེ་གཉིས་འཕྲོ་འདུ་ཆགས་ཤིང་ཆབས་ཅིག་གནས་ཤིང་།  མི་རྣམས་ལ་ཧ་ཅང་འཚམ་པའི་དད་པའི་བར་སྟོང་ཞིག་རང་བྱུང་ལྷུན་གྱིས་གྲུབ་འདུག་ཨང་སྙམ།

Tཟུང་ཟླ་བའི་གོམ་པ་ལྗིད་དིག་གེར་གྱུར་པའི་སྐབས་དག་ཏུ།  ཚོམས་ཆེན་ནང་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་གྲག་ཅིང་།  དེ་དང་བསྟུན་ནས་གཞོན་ནུ་མ་འགས་རྒྱལ་ཡུམ་མཆོད་བསྟོད་ཀྱི་སྙན་ཚིག་ཅིག་ངག་ལ་གྱེར།  སྙན་ཚིག་གི་ཐོག་མའི་བྱུང་བ་ནི་ལྷར་བསྟོད་གླུ་ཕུལ་ཕྱིར་ཡིན་ལ།  ལྷའི་བདེན་པ་མི་ཡུལ་དུ་གནས་ཕྱིར་རེད།  Tཟུང་ཟླ་བར་མཚོན་ན་བདེན་པའི་མཚན་ཉིད་ནི་ཚེ་སྲོག་གི་འདྲ་མཉམ་ལས་མངོན་པར་འདོད་ཅིང་།  ཚེ་སྲོག་གི་འདྲ་མཉམ་ཡང་མིའི་ཀུན་སྤྱོད་ཀྱི་དབུས་སུ་ཐིམས་པའི་སྙན་འཇེབས”རོལ་དབྱངས”ཤིག་ལ་རག་ལས་པར་འདོད།  དེ་ལྟ་ན།  ལྷ་ཁང་འདི་ནས་ཐོས་ཐུབ་པའི་རྒྱལ་ཡུམ་མཆོད་བསྟོད་ཀྱི་སྙན་ཚིག་ཀྱང་མིའི་ཀུན་སྤྱོད་དབུས་སུ་སིམ་པར་བྱ་བའི་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་མ་ཡིན་ནམ།  དཀར་གཙང་གི་ཤམས་ལྭ་གྱོན་ཞིང་གྲལ་བསྟར་ལེགས་པོར་སྒྲིག་པའི་གཞོན་ནུ་མ་དེ་དག་ནི་རྒྱལ་ཡུམ་གྱི་པང་གི་ལྷའི་བུ་ཕྲུག་ལྟར་ཡིད་གར་འོང་ཞིང་།  ཁོང་ཚོའི་ངག་གི་འགྱུར་ཁུགས་ནི་ལྷའི་བཀའ་གསུང་མི་ཡུལ་དུ་སྒྲོག་པ་དང་འདྲ་བྱུང་།  དེ་ནི་གྱ་གྱུ་མེད་ཅིང་གོ་བ་མི་ལོན་པ་མེད་པརTཟུང་ཟླ་བའི་སེམས་སུ་ཟུག  དེས་སྟོན་པ་ཡེ་ཤུའི་མྱ་ངན་གྱི་སྐུ་ཉམས་ལས་བྱུང་བའི་ན་ཟུག་གི་ཚོར་བའང་ག་ལེར་བཞུ་རུ་བཅུག་ལ།  དེ་ལྟའི་གདུག་རྩུབ་ཀྱི་སྦྱོར་ངན་གསོག་མཁན་ཚོའང་རོལ་དབྱངས་དབུས་ནས་སྐད་ཅིག་ལ་ཡལ།  ད་ནས་བཟུང་མིའི་འཇིག་རྟེན་དུ་ནག་ཕྱོགས་པའི་ཚོགས་གང་ཡང་གནས་ཐབས་མེད་པའི་རང་ཚུགས་ཤིག་ཀུན་ལ་སྩོལ་བ་དང་མཚུངས།

ལྷ་ཁང་འདི་ནི་སྟོན་པ་ཡེ་ཤུའི་དད་ལྡན་པའི་འདུ་གནས་ཤིག་ཡིན་པར་མ་ཟད།  མི་རིགས་སྣ་མང་ལ་འདྲ་མཉམ་དུ་བསྟབས་པའི་ལྷ་ཆོས་ཀྱི་ངེས་ཤེས་སྦྱིན་ས་ཞིག་ཀྱང་རེད།  Tཟུང་ཟླ་བ་ནི་བོད་ནས་ནེའུ་ཡོག་ཏུ་ཡོང་བའི་ཡུལ་བསྐོར་པ་ཞིག་ཡིན་ལ།  ཁོའི་མིག་གི་མཐོང་སྣང་ཡོད་ཚད་མི་ཡུལ་གྱི་ཚད་མཐོའི་ཤེས་བྱ་ཡིན་སྲིད་པས།  ངོ་མཚར་འཛུགས་སྐྲུན་དང་སྲོལ་ལུགས་རིག་གནས།  ཡེ་ཤུའི་ལྷ་ཆོས།  མི་གཤིས་ཀུན་སྤྱོད་སོགས་ལ་ཞིབ་ཏུ་ལྟ་རྒྱུའང་དཔྱད་བསྡུར་ཅིག་ཅི་ལ་མིན་ཨང་།  ཡུལ་གྲུ་འདིའི་ལོ་རྒྱུས་ཁྲོད་ལྷ་ཆོས་མི་ཆོས་སོ་སོར་དགར་རྗེས་མིས་རང་ལ་ཅི་ཞིག་མཁོ་བ་གཞི་ནས་རྟོགས་ཤིང་།  གོ་ལ་འདིའི་སྒང་རང་ཉིད་ཅིའི་ཕྱིར་གསོན་པའི་ངེས་ཤེས་ཀྱང་གསལ་བོར་རྙེད།  ལྷ་ཆོས་ཀྱི་བདེན་པ་ནི་མིའི་འཚོ་གནས་ཡང་དག་ཏུ་བསྒྱུར་སླད་བྱུང་བ་དངོས་སུ་རྟོགས་ལ།  ལྷ་ལ་བཀུར་བསྟི་བྱེད་པ་ནི་མིའི་རྣམ་དཔྱོད་ཀྱི་ཡང་རྩེ་དང་ཤེས་རབ་ཀྱི་སྤྱོད་འཇུག  གཞན་ཕན་གྱི་བྱམས་པ་སོགས་མངའ་བའི་མི་རང་ཉིད་ཀྱི་འཆར་སྒོ་ལ་བཀུར་བསྟི་བྱེད་པའང་རྟོགས་སོང་།  དེ་ལྟ་ན།  གསང་བ་ལྐོག་གྱུར་ལ་འཇུག་པའི་བརྩོན་འགྲུས་དང་བློ་སྤོབས་རྙེད་ཅིང་།  རྨོངས་པ་དྲུང་ནས་འབྱིན་པའི་སྙིང་སྟོབས་གསར་པ་ཞིག་ངང་གིས་རྒྱས་ཏེ་སུས་ཀྱང་འགོག་ཐབས་བྲལ་བ་འདིར་རྩ་བ་མེད་པ་ག་ལ་ཡིན་ཏེ།  གསལ་ཤིང་གི་རྩེ་རུ་མྱ་ངན་དགུ་འགྱུར་གྱིས་མནར་ནའང་ནག་ཕྱོགས་ལ་མགོ་བོ་མི་དུད་པའི་ཕུང་བོ་འདི་ནི་རྒྱལ་ཁམས་འདི་གར་བསྩལ་བའི་ལྷ་ཆོས་ཀྱི་སྙིང་སྟོབས་ཤིག་རེད།  Tཟུང་ཟླ་བའི་བསམ་གཞིགས་ནི་དེ་ལྟར་ཧ་ཅང་སྟབས་བདེ་ཞིག་རེད།  ཁོས་འདི་ལྟར་སྙམ་པའི་མོད་ལ་ལང་ཚོ་གསར་པ་འབྱུང་བའི་གཞོན་ནུ་མའི་ཚོགས་ཀྱིས་སྟོན་པ་ཡེ་ཤུར་མཆོད་བསྟོད་སྙན་ཚིག་གྱེར་བའི་དགོངས་པ་ཡོངས་སུ་རྟོགས་པ་དང་མཚུངས།

དོན་ངོ་མར།  — འདི་གའི་ཤེས་རིག་དང་མིའི་རྣམ་དཔྱོད་དང་སྙིང་སྟོབས་ལ་གང་གིས་ཀྱང་འགྲན་མི་གཏུབ་པ་ནི་ཁོང་ཚོས་མི་ཡུལ་གྱི་བདེན་པ་ངོས་ཟིན་པས་རེད།

Tཟུང་ཟླ་བ་ངང་ངམ་ཤུགས་ཀྱིས་སའེ་ཁྲི·ཕཱ་ཀྲི་རའེ་ཁི་སི་ལྷ་ཁང་ཆེན་མོ་ལས་ཕྱིར་འབུད་པར་རྩོམ།  ལྷ་ཁང་གི་ཕུ་ནས་ཕྱིར་འཁོར་བ་ན།  མིག་གི་མཐོང་རྒྱ་སྔར་ལས་ཆེ་ཆེར་བསྐྱེད་འདུག  ལྷ་ཁང་དུ་འཛུལ་དུས་ཐོགས་རེག་བཀག་གསུམ་མེད་པ་ཇི་བཞིན་ཕྱིར་འབུད་ཚེའང་སྒོ་མོ་ཆེ་ཆེར་དབྱེས་ཡོད།  ལྷ་ཁང་འདི་དཀྱེལ་ཡངས་ལྡན་པའི་མི་བོ་ཆེ་ཞིག་དང་འདྲ་བརTཟུང་ཟླ་བའི་སེམས་ཀྱི་གཅོམ་ཆུང་གི་དོགས་གཞི་མང་པོར་ལན་སྲོང་བོར་ལྡོན་སོང་།  མིའི་སེམས་ཀྱི་དགའ་སྡང་ཆགས་ཞེན་ནི་ལྷན་སྐྱེས་ཀྱིས་གྲུབ་ལ།  དེ་འདོར་མི་གཏུབ་པའི་གནས་ལུགས་ཀྱང་མི་བོ་ཆེ་འདིས་བརྗོད་སོང་།  Tཟུང་ཟླ་བ་ཕྱིར་ལོག་པའི་སྐབས་ན།  དད་ལྡན་པ་འགའ་ཞིག་ཤིང་སྒྲོམ་ལྟ་བུའི་ཁང་མིག་ཅིག་གི་ཉེ་གུད་དུ་གནས།  ཤིང་སྒྲོམ་དེ་ནི་ཉེས་བཤགས་འབུལ་ས་རེད།  ཉེས་པ་རྣམས་མིའི་རང་གཤིས་ལས་སྐྱེས་ཤིང་ཉེས་པ་ཉེས་པར་རྟོགས་པའི་བློ་ནི་ཤིང་སྒྲོམ་གྲུ་བཞི་འདི་གསར་གཏོད་བྱུང་བ་ལས་རྙེད་འདུག  ཉེས་པ་འདག་ཐབས་འདི་མིག་མཐོང་ལག་ཟིན་ཏུ་ཡོད་པ་ཞིག་དང་ཚེ་ཕྱི་མས་བདར་ཤ་གཅོད་རྒྱུར་སྒུག་མི་དགོས་པ་ཞིག་རེད།

Tཟུང་ཟླ་བ་སའེ་ཁྲི·ཕཱ་ཀྲི་རའེ་ཁི་སི་ལྷ་ཁང་ཆེན་མོ་ལས་ཕྱིར་འབུད་སྐབས་དོ་དམ་པས་ཁོར་གུས་འཛུམ་ཞིག་བསྟན།  སྐབས་ཏག་ཏག་ཁོས་ལྷ་ཁང་འདི་གར་སྨོན་ལམ་གང་ཡང་མ་བརྒྱབ་པ་དྲན།  ཡང་སྙིང་སྨོན་ལམ་ཅི་ཞིག་རྒྱག་དགོས་པའང་རྟོགས་མ་བྱུང་།  གལ་སྲིདTཟུང་ཟླ་བའི་རྟག་པར་སེམས་སུ་བཅགས་པའི་སྨོན་ལམ་དེ་ཉིད་དོན་ཐོག་ཏུ་འཁྱོལ་བ་བྱུང་ཚེ།  ཁོའི་ཐེངས་འདིའི་འགྲུལ་བཞུད་ལ་དོན་སྙིང་གིས་ཕྱུག་པ་སྨོས་མ་དགོས་ཤིང་།  གངས་རི་ར་བའི་གནས་སུའང་ཤེས་རབ་དང་བླང་དོར་གྱི་འབྲས་བུ་སྨིན་པའི་དུས་རབས་ཀྱི་སྐྱེད་མོས་ཚལ་ཞིག་ལྷུན་གྱིས་འགྲུབ་པའང་གདོན་མི་ཟ།