—སྐྱབས་ཆེན་བདེ་གྲོལ་གྱི<<འཚོ་བའི་ཟིན་བྲིས>>བཀླགས་པ།

ཧ་ལམ་མི་ལོ་ཉི་ཤུ་འགོར་ཟིན་པ་འདྲ། དེ་དུས་ཤིག་ལ་ཕུ་བོ་ལགས་ཀྱིས་ང་ལ་ 《མི་ཁོམ་པའི་གནས་དང་དེའི་བདག་པོ》ཞེས་པའི་དེབ་ཆུང་ཞིག་གནང་ཞིང༼ཕུ་བོའི་དཔེ་སྒྲོམ་ནས་བརྐུས་པ་ཡིན་ཡང་སྲིད། གསལ་བོར་མི་དྲན༽། རྩོམ་པ་པོའི་མིང་ལ་སྐྱབས་ཆེན་བདེ་གྲོལ་དང་ཨ་རྡོར་ཞེས་བྲིས་འདུག མདུན་ཤོག་ནང་མར་སྐྱབས་ཆེན་ཟེར་བའི་མི་དེའི་འདྲ་པར་ཡོད་ཅིང་། ལུས་པོ་ཟུར་དུ་བསྡད་ཅིང་སྐྲ་ལོ་རིང་བོ་ཅན་ཞིག་རེད། རྒྱབ་ཤོག་ནང་མར་ཨ་རྡོར་ཞེས་པའི་འདྲ་པར་ཡོད་ལ་དེ་ནི་གཞོན་ཉམས་དོད་པོ་ལག་མགོར་ཕྲེང་བ་བཀྲིས་ཡོད་པའི་མི་བློ་འབབ་ཅིག་རེད།༼མཚམས་སྦྱོར་ཞིག་ཀྱང་ཡོད་མོད་གསལ་བོར་མི་དྲན།༽ འོན་ཏེ་དཔེ་ཆ་དངོས་སུ་བཀླགས་པའི་ཚེ་ན། ང་ནི་ཨ་རྡོར་ལས་ཀྱང་སྐྱབས་ཆེན་ཟེར་བ་དེར་སྤྲོ་བ་ཡོད་པར་གྱུར་ཅིང་། བལྟས་ཀྱིན་བལྟས་ཀྱིན་ཁོའི་འདྲ་པར་དེ་ཡག་སྣང་ཞིག་ཀྱང་སྐྱེས་སོང་།

《མི་ཁོམ་པའི་གནས་དང་དེའི་བདག་པོ》ནི་ང་ལ་མཚོན་ན་ཤིན་ཏུ་དམིགས་བསལ་གྱི་དེབ་ཅིག་ཡིན། རྒྱུ་མཚན་ནི་སྐབས་དེར་ངའི་དཔེ་ཆ་མང་ཤོས་གླིང་སྒྲུང་གི་དཔེ་ཆ་ཡིན་ལ་དེའི་ཕན་ཆོད་དུ་སུམ་རྟགས་དག་གསུམ་གྱི་དེབ་རེ་གཉིས་ཤིག་དང་དུས་དེབ་འགའ་ལས་དཔེ་དེབ་གསར་བའི་རིགས་གང་ཡང་མེད། སྤྱིར་ཁོ་བོའི་ཐོག་མའི་ཕུགས་བསམ་ནི་རང་ཉིད་སྒྲུང་བ་ཞིག་བྱེད་རྒྱུ་དེ་ཡིན་མོད། དུས་དེབ་རེ་འགའ་མཐོང་བར་བརྟེན་ནས་ད་ནི་སྒྲུང་བ་ལས་ཀྱང་རྩོམ་པ་པོ་ཞིག་བྱས་ན་ལེགས་སྙམ་པའི་འདུན་པ་སྐྱེས་ཡོད། 《མི་ཁོམ་པའི་གནས་དང་དེའི་བདག་པོ》བཀླགས་པ་ནས་ཁོ་བོའི་རྩོམ་པ་པོ་བྱེད་རྒྱུའི་ཕུགས་བསམ་བརྟན་པོར་གྱུར་བར་མ་ཟད། རྩོམ་པ་པོའང་སྐྱབས་ཆེན་ལྟ་བུ་ཞིག་བྱེད་དགོས་སྙམ་པ་བྱུང་སོང་། དེ་ནི་ཁོའི་སྙན་ངག་གིས་ངའི་ཡིད་འཕྲོག་པས་མ་ཡིན་ཏེ། ཕོ་ལོ་ཉི་ཤུར་མ་སོན་ཙམ་ནས་སྙན་དེབ་ཕུད་འདུག་པ་དེར་ཡིད་སྨོན་ཞིང་། ང་ཡང་ཁོའི་ལོ་ཚོད་དེ་འདྲ་ཞིག་ལ་སླེབས་དུས་སྙན་དེབ་ཅིག་ཕུད་ཐུབ་དགོས་སྙམ།

རྩོམ་པ་པོ་བྱ་བའི་ཆེད་དུ། ངས་དེབ་དེ་ནན་ཏན་གྱིས་བཀླགས་མོད། དེབ་དེའི་ནང་ནས་འདི་གོ་སོང་ཟེར་བ་ཞིག་བཤད་རྒྱུ་མ་རྙེད། འོན་ཏེ་མ་གོ་བ་ནི་རང་ཉིད་ད་དུང་རྩོམ་པ་པོ་འཁྱོངས་ཐུབ་ཀྱིན་མེད་པའི་རྟགས་ཡིན་པར་བསམ་ནས་ཡང་དང་ཡང་དུ་བཀླགས་ཤིང་། བར་སྐབས་ཤིག་ལ་དེབ་ཡོངས་ལས《མེ་ལུང་དགུ་བརྡུང》ཟེར་བ་ཞིག་མ་གཏོགས་རྩོམ་གྱི་མགོ་བཏོན་ན་མཇུག་བློ་ལ་སྐྱོར་ཐུབ་པ་ཞིག་ཏུ་གྱུར། ཡིད་ཕངས་པ་ནི། ངས་ཇི་ལྟར་བཀླགས་ཀྱང་སྐྱབས་ཆེན་གྱི་རྩོམ་དེ་དག་ལ༼གོ་བ་ཡང་དག༽ཅིག་ལེན་མ་ཐུབ་པར་མ་ཟད། འབད་པ་ཆེན་པོས་གསར་རྩོམ་མང་དུ་བྲིས་ཀྱང་ཁོའི་ལོ་ཚོད་དེར་སྙན་དེབ་ཅིག་ཕུད་མ་ཐུབ།

རྗེས་སུ་ཁོ་བོའི་ཕྱི་ནང་གི་ཆ་རྐྱེན་ཇེ་ལེགས་སུ་གྱུར་བ་ནས་སྐྱབས་ཆེན་གྱི་རྩོམ་སྣ་ཚོགས་དུས་དེབ་དང་ཚགས་པར་མང་པོའི་སྟེང་གང་སར་མཐོང་ཞིང་། མཐོང་མ་ཐག་ཏུ་ཧ་ལམ་གཅིག་ཀྱང་ཤོར་དུ་མ་བཅུག་པར་བཀླགས་པ་ཡིན་མོད། རེ་བ་ཆེན་པོ་བཅངས་ནས་བཀླགས་ཀྱང་གོ་བ་ཤིན་ཏུ་ལོན་ཁེགས་པོར་འདུག འོན་ཀྱང་གོ་བ་མ་ལོན་པ་ནི་ནམ་ཡང་རང་ཉིད༼རྩོམ་པ་པོ༽ངོ་མ་ཞིག་ཏུ་འགྱུར་ཐུབ་ཀྱིན་མེད་པའི་རྟགས་སུ་འདོད་ཅིང་། མི་གཞན་གྱི་སྔུན་ནས་“སྐྱབས་ཆེན་གྱི་རྩོམ་དེ་ཡག་ག”ཞེས་རང་ཉིད་ཀྱིས་རོ་ཉམས་ངོ་མཚར་བ་ཞིག་རྙེད་པའི་ཟོལ་གྱིས་ལབ་པ་ཡིན། ལ་ལས“ཅི་ཡང་མི་གོ་བར་འདུག”ཟེར་ཞིང་ལ་ལས“ངོ་མ་ཡག་གི”ཟེར། གང་ལྟར་སྐྱབས་ཆེན་གྱི་རྩོམ་ལ་གོ་བ་མ་ལོན་ཡང་རང་བཞིན་གྱིས་བཀླགས་སྤྲོ་བ་ཞིག་ཏུ་ཆགས་སོང་། ཐེངས་ཤིག་སྦྲང་ཆར་སྟེང་དུ《ནམ་མཁའི་དབྱིངས་སུ་བརྩིགས་པའི་རིན་པོ་ཆེའི་ཕོ་བྲང་》ཟེར་བའི་ཚིགས་བཅད་ཅིག་མཐོང་ཞིང་། མཐོང་ནས་ཀྱང་བློར་བྱང་བའི་བར་དུ་བཀླགས་པ་ཡིན་ལ། དེ་ལ་ལད་མོའི་ཚུལ་དུ་ཚིགས་བཅད་འགའ་ཞིག་བྲིས་ཤིང་། དེ་ཁྲོད་ཀྱི་ཚིགས་བཅད་གཅིག་རྗེས་སུ་《གངས་རྒྱན་མེ་ཏོག》སྟེང་བཀོད་ཅིང་། དེ་ནི་ངས་སྐྱབས་ཆེན་གྱི་རྩོམ་ལ་ལད་མོ་བྱས་པའི་རྩོམ་ཡིག་ཅིག་དུས་དེབ་ཏུ་བཀོད་པ་ཐོག་མ་དེ་ཡིན།  རྗེས་སོར 《གླུ་སྐད་སྐྱ་བོ》དང《སྙན་ངག་གི་གསང་ཉུལ་བ་ཞིག་གི་ཟིན་ཐོ》སོགས་སྒྲུང་གཏམ་དང་ཐོལ་རྩོམ་དག་ཀྱང་བཀླགས་ཤིང་། 《གླུ་སྐད་སྐྱ་བོ》ལ་ལད་མོ་བྱས་ཏེ 《རེ་སྒུག》ཞེས་པའི་སྒྲུང་གཏམ་ཞིག་བྲིས་མོད་མཇུག་མ་གྲུབ་པར་ལུས། སྐྱབས་ཆེན་གྱི་སྒྲུང་དང་ཐོལ་རྩོམ་དག་ལའང་ཁོའི་སྙན་ངག་ལ་ཡོད་པའི༼གོ་དཀའ་བའི༽ཁྱད་ཆོས་དེ་ཡོད་ལ། གོ་དཀའ་ཡང་ཀློག་སྤྲོ་བའི་འདྲེན་ཤུགས་དེའང་དེ་བཞིན་དུ་ཡོད། དེ་བས་ཀྱང་གལ་ཆེ་བ་ནི་ད་ལྟའི་བར་མི་ལོ་ཉི་ཤུ་འགོར་ཡང་སྐྱབས་ཆེན་གྱི་གསར་རྩོམ་མཚམས་མ་བཞག་པས་དུས་ངེས་མེད་དུ་ཁོའི་གསར་རྩོམ་སྣ་ཚོགས་ཀློག་པའི་གོ་སྐབས་བྱུང་སོང་བ་དེ་རེད། ད་ལྟ། ལས་ཀའི་དབང་གིས་སྙན་དེབ་བློར་འཛིན་པའི་དུས་ཚོད་ཁྱོན་ནས་མེད་ལ། ལྟ་ཀློག་གི་ཡི་ག་ལ་འགྱུར་བ་བྱུང་བས་སྔོན་ཆད་ནང་བཞིན་སྙན་ངག་ཀློག་པའི་སྐབས་ནི་ཤིན་ཏུ་དཀོན་མོད། གང་དུ་སྐྱབས་ཆེན་སོགས་རང་ཉིད་དགའ་སའི་རྩོམ་པ་པོ་དག་གི་སྙན་ངག་རེ་མཐོང་ན་ཅིས་ཀྱང་མིག་བཤེར་རེ་བྱས་པ་ཡིན།

ང་རང་སྐྱབས་ཆེན་གྱི་ཀློག་པ་པོར་གྱུར་ནས་མི་ལོ་ཉི་ཤུ་འགོར་སོང་། འདས་པའི་མི་ལོ་ཉི་ཤུ་ནི་ལང་ཚོའི་སྟོབས་ཀྱིས་བཏེགས་ཤིང་བསྐྱོམས་ཏེ་འོང་བའི་མི་ལོ་ཉི་ཤུ་རེད། མི་ལོ་ཉི་ཤུའི་རིང་ལ་ཁོས་སྙན་ངག་འབྲི་མཚམས་མ་ཆད་པ་དེ་བཞིན་ངས་ཀྱང་བཀླགས་མཚམས་མ་ཆད་ཅིང་། ད་ལྟའི་བར་ཁོ་ལ་འཕྲད་མ་མྱོང་མོད། ཁོས་ང་ལ་རྩོམ་པ་པོ་ཞིག་གི་འགན་ཁུར་བ་དེ་བཞིན་ངས་ཀྱང་ཀློག་པ་པོ་ཞིག་གི་འོས་འགན་འཆོར་དུ་བཅུག་མེད་པར་སྙམ་ཡོད། ཁོས་ང་ལ་སྙན་དེབ་ཕུད་པའི་ངར་བསླངས་པ་དེའང་ད་ནི་ཡལ་ཟིན་མོད། རྩོམ་པ་པོ་ལ་བརྩི་མཐོང་དང་སྨོན་པ་འཆོར་བའི་སེམས་ཁམས་འདི་ད་དུང་ཤུལ་ཏུ་ལྷག་ཡོད། ད་ལྟའི་ཚེ་ནའང་། ངས་སྐྱབས་ཆེན་གྱི་སྙན་ངག་གོ་སོང་ཟེར་མི་ཐུབ་ཀྱང་། ཁོའི་སྙན་ངག་ལ་མངའ་བའི་ཐུན་མིན་གྱི་བྲོ་བ་དེ་རྒྱུས་ཡོད་ཅིག་ཏུ་གྱུར་ཚར་ཅིང་། བཀླགས་ཚར་རྗེས་བསྟན་བྱ་ནི་འདིའོ་ཞེས་རྡོག་རྡོག་ཅིག་འཆད་དུ་མེད་ལ། མཚོན་ཐབས་ཀྱང་འདིའོ་ཞེས་ངོ་སྤྲོད་བྱ་མི་ཐུབ་མོད། གསལ་ལ་མི་གསལ་བ། མངོན་ལ་མི་མངོན་པ། ཟ་ཟིའི་དབྱངས་རྟ་དང་ར་རོའི་བྲོ་བ། ལྡ་ལྡིའི་རི་མོ་ལྟ་བུའི་སྙན་ངག་དེ་དག་ཆེས་འདྲིས་ཆ་ཆེ་བར་གྱུར་ཅིང་། ཁོའི་སྙན་ངག་བཀླགས་པ་ནི་དཔེར་ན། སྔོན་མ་འབྲོག་ན་ཡོད་དུས་ལན་རེར་ཁྱི་ཁ་རྩེ་རུ་སོང་ནས་ཞི་མོ་རྒྱུས་མེད་དག་ལ་མུན་ནག་ནང་ནས་འོ་བྱས་ཤིང་། ཕྱི་ཉིན་ཞི་མོ་དེ་ཇི་འདྲ་ཞིག་ཡིན་ནམ་སྙམ་པའི་རྟོག་བཟོ་ཡང་ཡང་བྱས་པ་ན། གཞི་ནས་ཞི་མོ་དེ་དངོས་སུ་མཐོང་འདོད་ཀྱི་འདུན་པ་མེད་པར་རྟོག་བཟོའི་ངོས་ཀྱི་ཞི་མོ་དེ་ཁོ་ན་སྒོམ་ནས་བསྡད་ན་འདོད་པ་དང་འདྲ་བར་སྙམ། ཧ་ཧ། དཔེ་འདི་དེ་འདྲའི་སྙན་མོ་ཞིག་མིན་སྲིད་ཀྱང་། རང་གི་མྱོང་བ་དངོས་ལ་སྦྱར་ན་འདི་ལས་གཞན་ཤོད་རྒྱུ་མི་འདུག

སྐྱབས་ཆེན་གྱི་དགའ་ས་དང་པོ་དེ་སྙན་ངག་ཡིན་ལ། གཉིས་པ་སྒྲུང་གཏམ་ཡིན། ཁོའི་ཐོལ་རྩོམ་དག་ལས་རྩོམ་རིག་སྐོར་གྱི་མྱོང་སྣང་སྐོར་བརྗོད་པ་ནི་ཀློག་སྤྲོ་བ་རྐྱང་ཡིན་མོད། སྤྱི་ཚོགས་དཔྱད་བརྗོད་ཀྱི་སྐོར་ཏེ། ལྟ་བ་དང་རིག་གནས་གསར་རྙིང་། ཆོས་སྲིད་འགལ་འབྲེལ་གྱི་སྐོར་གླེང་བ་དག་ལ་དེ་འདྲའི་ཡིད་འཁུལ་བ་ཅི་ཡང་མ་མཐོང་། ལྷག་ཏུ་དགག་རྩོམ་ལྟ་བུ་རེ་འགས་ཁོ་བའི་སེམས་ཀྱི་སྐྱབས་ཆེན་གྱི་སྣང་བརྙན་ལ་མི་འདོད་པའི་གས་ཀའང་བཟོས་མྱོང་མོད། སྟབས་ལེགས་པ་ཞིག་ལ་ཁོ་ཡིན་མིན་བདེན་རྫུན་རྩོད་པའི་རྙོག་དྲ་དེའི་གཏིང་དུ་བྱིངས་པར་གྱུར་མེད་པ་འདྲ། ཁོ་བོའི་སེམས་ལ། སྐྱབས་ཆེན་གྱིས་འཆད་འདོད་པའི་བརྡ་དང་ཐ་སྙད་དག་ནི་སྔར་བཞིན་ཁོའི་སྙན་ངག་དང་སྒྲུང་གཏམ་གྱི་ཁྲོད་དུ་མངོན་པའི་མཛེས་པ་དེ་དག་གི་ཚུལ་དུ་བཞུར་འོས་པ་ལས། སྤྱི་ཚོགས་དཔྱད་བརྗོད་དང་བདེན་རྫུན་དབྱེ་གཅོད་ཀྱི་ཐ་སྙད་གྱོང་བོ་དག་གི་གསེབ་ཏུ་གྲོན་ན་ཕངས་བ་ལའང་སྙམ་པ་འབྱུང་།

   ཏཱ་ན་འབྲོག་ཕྲུག་གིས། སྤྱི་ཟླ༩ཚེས༢༢མཚན་མོར་ཤར་མར་བྲིས་ཤིང་སྤེལ་ཏོ།།

广告位招租