བོང་སྟག་ལྷག་ག 

        1

བྱིས་རྩོམ་འབྲི་བ་ནི་ལས་སླ་མོ་ཞིག་མིན་པ་སྔ་མོ་ནས་རྟོགས་ཡོད། བྱིས་རྩོམ་ནི་རྩ་ལས་རྩང་ལས་ཀྱི་བྱ་བ་ཞིག་ག་ལ་ཡིན། བྱིས་རྩོམ་ནི་རྩོམ་མཁན་མི་དར་མ་དང་བྱིས་པ་གཉིས་ཀ་ཡིན་ལ་ཀློག་མཁན་བྱིས་པ་ཡིན་པའི་ཆ་ནས་བཏགས་པ་ཞིག་ཡིན་འདུག དེ་བཞིན་བྱིས་པའི་རྩོམ་ཡིག་ལའང་རིགས་མང་པོ་ཡོད་དེ་ལྷུག་རྩོམ་དང་སྙན་ངག བྱིས་གླུ།གཏམ་རྒྱུད་སོགས་རྩོམ་ལུས་སམ་རྩོམ་སྣ་དེ་དག་མ་ལུས་མ་ཆད་པར་དགོས་འདུག དེ་སྔོན་བདག་གིས་རྒན་རིག་ལྡན་རྒྱ་མཚོའི་བྱིས་པའི་སྒྲུང་གཏམ་འགའ་དང་ཨ་ནུ་དཔེ་ཚོགས་དང་ཀྱ་ཙེ་གོམ་ཙེ་སོགས་རིས་སྒྲུང་དེབ་འགའ་བཀླགས་མྱོང་། གཞན་ད་དུང་བོད་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གནའ་གཏམ་གྱི་དཔེ་ཆ་མི་རོ་རྩེ་སྒྲུང་གཙོས་རེ་གཉིས་ཀྱང་བཀླགས་པ་ཡིན། དོན་ལའང་ང་ཚོའི་སློབ་ཆུང་སློབ་མ་དག་གི་བཀླག་བྱར་འོས་པའི་བོད་ཡིག་གི་བཀླག་དེབ་འདི་དག་ལས་མེད་པའམ་ཡོད་ཀྱང་མཛུབ་མོ་ནང་བཀུག་གིས་རྩི་ཐུབ་པ་ཞིག་རེད་སྙམ། དེ་བས་གཞི་རིམ་པ་ལགས་ཀྱིས་གནས་བབ་འདིར་གཞིགས་ཏེ་དཀའ་ལས་གང་མང་བརྒྱབ་སྟེ་བྲིས་པའི་བྱིས་རྩོམ་དེབ་འདི་ནི་སློབ་མ་དང་ཁྱིམ་བདག དགེ་རྒན་གྱི་ལས་སུ་གྱུར་བ་དག་གིས་ཅིས་ཀྱང་བཀླག་རི་བ་ཞིག་ཏུ་མཆིས་སོ།།

       2

གཞི་རིམ་པའི་བྱིས་རྩོམ་དག་ནི་མར་ཆུར་རྩམ་གསུམ་ཡིན་ལ་ཤ་ཐུལ་ཕྱེ་འབྲས་ཀྱང་ཡིན་འདུག བྱིས་པ་ཞིག་ལ་མཚོན་ན་རང་གི་གོ་རྟོགས་དང་ཆུ་ཚད་ལ་རན་པའི་དེབ་ཅིག་ཀློག་རྒྱུ་ཧ་ཅང་གལ་ཆེ་སྟེ། དེས་རང་ཉིད་ལ་དགའ་སྤྲོ་དང་གནས་ལུགས་གང་མང་ཞིག་སྦྱིན་ཐུབ་པ་གཞིར་བཞག་སྟེང་། རང་ཉིད་ལ་ཡིད་ཆེས་དང་སེམས་ཤུགས་ཀྱང་སྤྲད་ཐུབ་པ་ཐེ་ཚོམ་མེད། བྱིས་པ་ནི་ལྷད་མེད་གཙང་གི་ཤོག་བུ་དཀར་བོ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་ན་དེའི་སྟེང་དུ་འཐུས་ཤོར་མེད་པའི་ལེགས་བཤད་ཅིག་བྲིས་ན་ཇི་འདྲའི་ཡག་ཨང་། གཞི་རིམ་པའི་བྱིས་རྩོམ་དག་ནི་ལེགས་བཤད་རེད་ལ་གནས་ལུགས་ཀྱང་རེད་འདོད། བྱིས་པ་ནི་མི་རིགས་ཀྱི་རེ་བ་དང་རིག་གནས་ཀྱི་རྒྱུན་འཛིན་ཡིན་པ་ཀུན་གྱིས་ཁས་ལེན་ན་དེའི་རྒྱུད་ལ་མི་རིགས་དེའི་རིག་གནས་དང་རིག་གནས་དེའི་བག་ཆགས་བཞག་རྒྱུ་ཇི་འདྲའི་གལ་ཆེ་ཨང་། གཞི་རིམ་པའི་བྱིས་རྩོམ་དག་ནི་མི་རིགས་ཀྱི་རིག་གནས་ལྟ་གྲུབ་ཡིན་ལ་མི་རིགས་ཀྱི་དྲན་པ་དང་སེམས་རྒྱུད་ཀྱང་རེད་འདུག མི་ནི་རིག་གནས་ཀྱི་ཐོན་འབྲས་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ར་སྤྲོད་བྱེད་ཀྱིན་ཡོད་པས་ང་ཚོས་རང་གི་བུས་པ་དག་ལ་རང་གི་རིག་གནས་ནི་ཁ་ལ་ཀ་ར་བུ་རམ་ལྟ་བུ་ཞིག་ཏུ་གཏོང་བར་འབད་རྒྱུ་དེ་ཇི་འདྲའི་དགོས་ཆེ་ཨང་། དེས་ན་ང་ཚོས་གཞི་རིམ་པའི་བྱིས་རྩོམ་དག་འུ་ཅག་གི་བྱིས་པར་ཀློག་ཏུ་འཇུག་དགོས་ལ་གོ་རུའང་བཅུག་སྟེ་འབྲི་བར་ཡང་སྐུལ་དགོས། དེ་ནི་རྩོམ་པ་པོའི་ངལ་འབྲས་ལ་གུས་བརྩི་བྱེད་སྟངས་ཤིག་ཀྱང་ཅི་ལ་མིན།

                              3

བྱིས་རྩོམ་དེབ་འདི་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་རྗེས་ང་རང་རྩོམ་པ་པོ་ཁོང་ལ་ཡི་རང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་། དེབ་འདི་ལ་ལེའུ་གསུམ་ཡོད་དེ་དང་པོ་ཉིན་ཐོ་དང་གཉིས་པ་ལྷུག་རྩོམ། གསུམ་པ་སྙན་ངག་བཅས་རེད། ངས་ཡི་རང་བྱེད་ས་ལེའུ་འདི་གསུམ་གང་ལ་མཚོན་ཡང་རྩོམ་པ་པོས་བྱིས་པའི་ཚད་དུ་རང་ཉིད་བཞག་སྟེ་མ་བྲིས་པའི་རྩོམ་ཡིག་གཅིག་ཀྱང་མེད་པ་དེ་རེད། སེམས་ཁམས་ཀྱི་ཆ་ཡིན་ཡང་ཆོག་ལ་རྩོམ་གྱི་བརྗོད་བྱ་དང་རྫོད་ཚིག་གང་ཡིན་ཡང་དེ་ལྟར་རྒྱུན་སྐྱོང་ཐུབ་པ་ནི་ལས་སླ་བོ་ཞིག་རྩ་བ་ནས་མིན། ལྷག་པར་དུ་ཁོས་ཉིན་ཐོ་དེ་དག་བྱིས་པ་ཞིག་གི་ངོས་ནས་བྲིས་པས་ཚིག་སྦྱོར་བདེ་ལ་གོ་ཡང་ཧ་ཅང་སླ། ཡིན་ཡང་རྩོམ་པ་པོ་དར་མ་ཡིན་པའི་ཆ་ནས་རྩོམ་གྱི་ཤུགས་བསྟན་ཟབ་ལ་ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཞིག་རང་བཞིན་གྱིས་སྟེར་ཐུབ། འདི་ཡང་བྱིས་རྩོམ་འབྲི་མཁན་ཞིག་གིས་ངེས་པར་དུ་འདང་རྒྱག་དགོས་པའི་བྱིས་རྩོམ་གྱི་ཁྱད་ཆོས་ཤིག་ཡིན་པ་སྨྲ་ཅི་དགོས། དེབ་འདིའི་ནང་གི་སྙན་ངག་དག་དེ་འདྲ་བློར་བབས་མ་བྱུང་ཡང་འདི་ལ་ཐབས་ལམ་དམིགས་བསལ་བ་ཞིག་ཡོད་པ་ཡུན་གྱིས་ཧ་གོ་ཐུབ་སྙམ། ཁོས་དེབ་འདིའི་ནང་གི་སྙན་ངག་ཚང་མ་ཚིགས་བཅད་ཀྱིས་བྲིས་འདུག སྙན་ངག་རེ་རེར་ཤོ་ལོ་ཀ་གཅིག་མ་གཏོགས་མི་འདུག དེ་དག་ཀྱང་ཧ་ཅང་གོ་སླ་བ་མ་ཟད་མངོན་བརྗོད་དང་ཚིག་རྒྱན་བཀོལ་མེད་ལ། ཁ་ལ་དེ་བཞིན་ཀློག་བདེ་བ་ཞིག་རེད། ད་དུང་ཤེས་བྱའི་རྣམ་གྲངས་དང་ལོ་རྒྱུས་ཀྱི་ཤེས་བྱ་སོགས་ཚིག་བཅད་ཤོ་ལོ་རེ་རེར་སྦྱར་ཏེ་བྲིས་ཡོད་པས་དེ་བྱིས་པས་ཀློག་དུས་རང་བཞིན་གྱིས་རྒྱུད་ལ་ཡོན་ཏན་ཞིག་འབྱོར་བར་དཀའ་ཁག་མི་འདུག་སྙམ། དེ་ལྟར་བསམ་ན་ཁོའི་སྙན་ངག་འདི་དག་ཀྱང་ཇི་འདྲའི་སྙན་ལ་ཐབས་དང་ཤེས་རབ་ཀྱིས་ཕྱུག་པ་ཞིག་རེད་ཨང་།

         4                     

ང་རང་བྱིས་སྐྱོང་ཁང་གི་དགེ་རྒན་བྱས་པ་ནས་རིམ་བཞིན་བྱིས་པའི་རྩོམ་རིག་སྐོར་ལའང་དོ་སྣང་བྱུང་བ་ཡིན། ང་ཚོ་ལ་བྱིས་པའི་རྩོམ་རིག་གི་གཞུང་ལུགས་མེད་པ་བདེན་ཙང་དེའི་རྨང་གཞི་ཙམ་ཡང་མེད་པ་ཞིག་མ་རེད་བསམ། བྱིས་པའི་རྩོམ་རིག་ནི་བྱིས་པའི་རིག་གནས་ཆུ་ཚད་དང་བསམ་བློ། སྤྲོ་སྣང་བཅས་འཕེལ་རྒྱས་གཏོང་བའི་ལག་ཆ་རེད། ལོ་འདི་གའི་རིང་བདག་གིས་ཀྱང་བྱིས་པའི་སྙན་ངག་སྐོར་ཞིག་རྩོམ་འབྲི་བྱས་ཀྱང་དེ་འདྲ་ལེགས་འགྲུབ་བྱུང་མ་ཐུབ། དེ་བས་ནམ་རྒྱུན་རང་ཅག་གི་རིག་གནས་དང་སྐད་ཆས་བརྩམས་པའི་བྱིས་པའི་སྙན་ངག་རེ་མཐོང་བར་རེ་སྒུག་བྱེད་མྱོང་། དུས་རྒྱུན་རྒྱ་ཡིག་གི་བྱིས་པའི་སྙན་ངག་མང་ཙམ་རེ་བཀླགས་ཤིང་དེ་དག་མིག་དཔེར་བྱས་ཏེ་བྱིས་པའི་སྙན་ངག་རེ་གཉིས་ཀྱང་བྲིས་མྱོང་། ཡིན་ཡང་དེའང་ཐབས་ལམ་ཡག་ཤོས་ཤིག་མིན་ཏེ་ང་ཚོར་རང་གི་ཁྱད་ཆོས་དོད་པོ་ཡོད་པའི་བྱིས་པའི་རྩོམ་རིག་ཅིག་འཁྲུངས་པར་རེ་སྨོན་དང་ཡིད་ཆེས་བླ་ལྷག་བྱེད་ཀྱིན་ཡོད། དེས་ན་གཞི་རིམ་པའི་བྱིས་རྩོམ་དེབ་འདི་ནི་རང་རེ་བོད་པ་དག་གི་བུས་པ་ཚོའི་བསམ་བློའི་གསོས་དང་མིག་གི་དགའ་སྟོན་དུ་འགྱུར་བར་གདོན་མི་ཟའོ།།

5

རྩོམ་འབྲི་བ་ཡོད་དོ་ཅོག་ལ་བརྩམས་ཆོས་གསར་བ་ཞིག་གྲུབ་རྗེས་སེམས་ཁུར་ལྷག་མ་ཞིག་ཡོད་སྲིད་དེ། དེ་ནི་རང་གིས་དཀའ་ལས་བརྒྱབ་སྟེ་བྲིས་པའི་རྩོམ་དག་ལ་ཀློག་མཁན་ཡོད་དང་མེད་པའམ་དེས་བཀླག་མཁན་དག་ལ་ཕན་ཐོགས་ཤིག་འབྱུང་ངམ་མི་འབྱུང་བ་དེ་ཡིན། ལྷག་པར་དུ་ང་ཚོ་ལ་བྱིས་པའི་སློབ་གསོའི་གོ་རྟོགས་དམན་པ་དང་བྱིས་པ་ལ་མཐོང་ཆེན་བྱེད་པའི་གོམས་གཤིས་ཕྲ་བས་བྱིས་པ་ཚོར་དཔེ་ཀློག་གི་ཁོར་ཡུག་ཅིག་སྐྲུན་པའི་འདུ་ཤེས་ཡོད་མེད་དེའང་གནད་འགག་ཅིག་རེད། ང་ཚོས་ནམ་ཞར་བསླབ་དེབ་ཁོ་ན་བྱིས་པའི་ཡོད་ཚད་དུ་འཛིན་པའི་ནོར་འཁྲུལ་གྱི་བསམ་བློ་འདི་ལ་བཅོས་བསྒྱུར་ཞིག་བྱ་ཐུབ་ཚེ་བྱིས་པའི་རྩོམ་རིག་གི་འཕྲིན་ལས་ཀྱང་ཇེ་རྒྱས་སུ་འགྲོ་བའི་རེ་བ་ཆེ་ཨང་། མི་སུ་ཡིན་ཡང་སྐྱོན་ཡོན་ཉིས་ལྡན་ཡིན་པ་བསྙོན་དུ་མེད། དེ་ནི་ང་ཚོས་ལས་བཞིན་པའི་ལས་ཀ་དང་འབྲི་བཞིན་པའི་ཡི་གེ་གང་ལ་མཚོན་ཡང་བཟང་ངན་གཉིས་ཀྱིས་གྲུབ་པ་ཤ་སྟག་ཡིན་པ་ལྟ་བུ་ཡིན། དེ་བས་འུ་ཅག་གིས་རང་གི་ཞན་ཆ་སྒུལ་ཤུགས་སུ་བསྒྱུར་ཏེ་རང་རེའི་བྱིས་པ་དག་གི་མ་འོངས་པའི་མདུན་ལམ་གྱི་ཆེད། གཞི་རིམ་པའི་བྱིས་རྩོམ་དེབ་དང་དེ་ལྟ་བུའི་བོད་ཀྱི་བྱིས་རྩོམ་དག་ལ་བདག་པོ་བརྒྱབ་སྟེ་རང་གི་འགན་ཁུར་རང་གིས་ལྕོག་རྒྱུ་ཇི་འདྲའི་འགངས་ཆེ་བ་ལ། སླད་མར་ང་ཚོའི་རྩོམ་རིག་གི་ཞིང་སར་བྱིས་པའི་འཇིག་རྟེན་ལ་འཚམ་པའི་བརྩམས་ཆོས་མང་དུ་འབྱུང་ཞིང་རྒན་དར་གཞོན་གསུམ་གྱིས་བྱིས་པ་ནི་རྩ་བ་ཡིན་ལ་རྩེ་མོའང་ཡིན་པའི་ངེས་ཤེས་རྙེད་དེ་དེ་ཚོའི་འཚར་ལོངས་ཐད་གདམ་གསེས་དང་བཀོད་སྒྲིག་ཡག་པོ་བྱེད་པའི་སྨོན་ལམ་རྒྱག་གི་ཡིན། བཀྲ་ཤིས་བདེ་ལེགས།

2018/10/3 མདོ་སྨད་ཐེམ་ཆེན་དུ་བྲིས།