རྒན་ཆོས་འཕེལ་ལགས་ཀྱི་《གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ》ཞེས་བྱ་བ་ནི་དབུས་གཙང་འགྲིམ་མཁན་ཚོར་ངེས་པར་མཁོ་བའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་རེད།   དེ་ལ་དེབ་ལྔ་མཆིས་ཏེ་ལྷ་ས་དང་།   ལྷོ་ཁ་དང་།   ནག་ཆུ་དང་།  གཞིས་ཀ་རྩེ་དང་།  མངའ་རིས་བཅས་ཡུལ་གྲུ་ལྔ་ཡི་རྫོང་ཁག་སོ་སོར་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་བཅད་པར་དགོན་པ་ག་ཚོད་ཡོད་མེད།  ཕྱོགས་མཚམས་གང་དུ་ཆགས་ཡོད་མིན། དེ་དག་གི་བར་ལ་སྤྱི་ལེ་ག་ཙམ་ཡོད་པ་སོགས་ཞིབ་ཏུ་བརྗོད་རྗེས།  དགོན་མིང་ཐོགས་ཚུལ་དང་།  དེ་གའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་བཅས་ཀྱང་རྒྱས་བསྡུས་འོས་ཤིང་མཚམས་པ་ཞིག་ངོ་སྤྲོད་གནང་ཡོད་པས་ཤིན་ཏུ་ཡིད་གར་འོང་བ་ཞིག་རེད།

བརྒྱ་ལ་གནས་མཇལ་སྐབས་ཕྲན་ཆུང་ང་ལ་དེབ་འདི་དག་མེད་ཚེ་རང་ཉིད་མཇལ་འདོད་པའི་དབུས་གཙང་གི་དགོན་པ་རྣམས་ཡུལ་ལུང་བྱེ་བྲག་གང་དུ་ཡོད་མེད་ཀྱང་ཤེས་ཁག   དེ་བས་འདིའི་ཐད་ནས་ལམ་ཡིག་གསར་མ་འདི་ལ་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་《དབུས་གཙང་གནས་ཡིག་》ལས་ཀྱང་ཁྱད་དུ་འཕགས་པའི་དགེ་མཚན་ཞིག་མཆིས་སོ་སྙམ།  དེ་ལྟ་ནའང་།  དེབ་ཕྲེང་འདི་དག་ཏུ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞིའི་དགོན་སྡེ་ཆེ་ཕྲ་མ་ལུས་པ་ཀུན་གྱི་གནས་ཡིག་བསྡུས་ཡོད་པ་དེ་འདྲ་ཞིག་ཀྱང་ཡེ་ནས་མིན་ལ།  མལ་གྲོ་གུང་དཀར་རྫོང་གཅིག་པུ་ནས་དགོན་པ་དྲུག་ཙམ་གྱི་གནས་ཡིག་མི་འདུག་ཅེས་ཡུལ་དབུས་སེ་ར་ཐེག་ཆེན་གླིང་གི་དགེ་བཤེས་སྒོ་དམར་མཆོག་སྤྲུལ་ཚང་གིས་《ལྷ་ས་ས་ཁུལ་གྱི་གནས་ཡིག་》གི་དཀར་ཆག་ལ་གཟིགས་ནས་བརྩིས་ཤིང་།  འཕན་ཡུལ་ལྷུན་གྲུབ་རྫོང་ནས་ཀྱང་དགོན་གྲངས་བཞི་ཙམ་མི་སྣང་བར་གསུངས།

དེ་བཞིན་བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་འཁྲུངས་ཡུལ་དང་གདན་ས་ལ་མཇལ་བར་བསྐྱོད་པའི་ཕྲན་ཆུང་ལ་མཚོན་ན། ཁྲོ་ཕུ་ལོ་ཙཱ་བའི་གདན་ས་ལ་ངེས་པར་མཇལ་འདོད་ཡོད་ཀྱང་《གཞིས་ཀ་རྩེ་ས་ཁུལ་གྱི་གནས་ཡིག་》ཏུ་“དེ་(དགེ་སྟེང་རྡོ་རྗེ་ཕོ་བྲང་)དང་ཉེ་བར་ཁྲོ་ཕུ་བྱམས་ཆེན་ཞེས་པ་སོགས་མཇལ་རྒྱུ་ཡོད་”ཅེས་པ་ཙམ་ལས་དགོན་གཞན་དག་བཞིན་ས་བཅད་གཅིག་གི་ངོས་ནས་ཁྲོ་ཕུ་དགོན་ངོ་སྤྲོད་གནང་མེད་པས།  དུས་ཚོད་གཉིས་གསུམ་ཙམ་ལ་གཙང་གི་ཡུལ་གྲུ་གང་དུ་ཡོད་པ་ཡང་མ་ཤེས་པར་ལུས། ཁྲོ་ཕུ་དགོན་གྱི་རྒྱ་མིང་ལ་འབྲི་སྟངས་མི་འདྲ་བ་ལྔ་ལྷག་མཐོང་སྟེ།  绰普寺དང་།  绰浦寺དང་། 超浦寺དང་།  དེ་མིན་ད་དུང་ཁྲོ་ཕུ་དགོན་གྱི་འདབས་རོལ་ན་མཚུར་ཕུ་དགོན་གྱི་སྒྲ་བསྒྱུར་楚布寺དང་བོད་མིང་ལ་ཁྲུའུ་དགོན་ཞེས་རྫོང་སྲིད་གཞུང་གིས་བཙུགས་པའི་ལམ་བྱང་ཞིག་ཏུ་བྲིས་འདུག  རྒྱ་མིང་དེ་དག་ལག་ཁྱེར་ཁ་པར་གྱི་ས་ཁྲར་གཏགས་ནས་བཙལ་ན་རྙེད་དུ་མེད། (ཕྱིས་སུ་གཤམ་གྱི་འཕྲེད་ཐིག་བྱང་མ་དང་གཞུང་ཐིག་ཤར་མའི་གྲངས་ཀ་ལ་གཞིགས་ནས་བཙལ་བ་ན་楚强钦寺ཞེས་བྲིས་འདུག)  《འཛམ་གླིང་རྒྱས་བཤད་》ལ་གཞིགས་ན་ལྷ་རྩེ་རྫོང་གི་ཁོངས་སུ་ཡོད་པ་འདྲ་ཡང་། མཐར་དགེ་རྒན་དགེ་འདུན་རབ་གསལ་དང་གཙང་གི་སློབ་གྲོགས་ཕན་ཐོགས་སོགས་ཀྱི་རོགས་རམ་འོག་ད་གཟོད་གནས་གང་དུ་ཡོད་པ་གསལ་བོར་རྟོགས་སོང་། དགོན་འདི་ས་ཁམས་རིག་པའི་བརྡ་ཆད་ཀྱིས་བཤད་ན་གཤམ་གྱི་གཞི་གྲངས་འདིར་འཁེལ་འདུག་སྟེ།

འཕྲེད་ཐིག་བྱང་མ།29°13’2”

གཞུང་ཐིག་ཤར་མ།88°24’44”

ཁྲོ་ཕུ་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་དེ་ནི་དེང་གི་གཞིས་ཀ་རྩེ་ས་ཁུལ་ས་སྐྱ་རྫོང་གི་མངའ་ཁོངས། དགེ་སྡིངས་གྲོང་བརྡལ་ནས་བྱང་ཤར་དུ་སྤྱི་ལེ་བདུན་ཙམ་བསྐྱོད་ན།  རྒྱ་མཚོ་ངོས་ལས་མཐོ་ཚད་ལ་རྨིད་4100ཙམ་གྱི་གནས་སུ་ཆགས་འདུག  སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་19ཉིན་གྱི་ཞོགས་པར་ལྷ་རྩེ་རྫོང་ནས་རླངས་འཁོར་ཞིག་གླས་ཏེ་ཁྲོ་ཕུ་ལོ་ཙཱ་བའི་གདན་སའི་ཕྱོགས་སུ་ཆས། དེ་གར་མ་འབྱོར་བའི་ཉིན་སྔོན་མར་རྒྱ་ཡིག་གི་པེ་ཏུའུ་(百度)དྲ་བ་ནས་དགོན་འདི་གའི་པར་འགའ་མཐོང་བ་ལས་འཛུགས་སྐྲུན་གྱི་ཁྱད་ཆོས་ནི་རྒྱ་ནག་གི་དགོན་པ་རྣམས་དང་ཤིན་ཏུ་འདྲ་བས་ཡིད་གཉིས་ཐེ་ཚོམ་དུ་གྱུར། གཞན་ས་སྐྱའི་གཙུག་ལག་ཁང་གི་ངོ་མཚར་སྤྲུལ་བའི་ལྷ་ཁང་ཆེན་མོ་དང་མཚུངས་པའི་པར་ཞིག་ཀྱང་མཆིས་པས་སྔོན་གྱི་ལོ་རྒྱུས་ནང་བཞིན་བརྗིད་རྔམ་ཆེ་བར་བསམས་ནས་མྱུར་དུ་མཇལ་འདོད་ཀྱི་རེ་བ་ཞིག་གིས་ཁྲོ་ཕུ་དགོན་གྱི་ཉེ་སར་འབྱོར་བ་ན་རང་གི་མིག་ལ་ཡིད་མི་ཆེས་པ་ཞིག་རེད།  ད་གཟོད་པེ་ཏུའུ་དྲ་བར་གསལ་བའི་ཁྲོ་ཕུ་དགོན་གྱི་པར་རྣམས་ནི་རང་སྣང་གང་ཤར་གྱིས་སྐྱེལ་འཇོག་(上传)བྱས་པ་ཙམ་ཡིན་པ་ངོས་ཟིན་ཟབ་མོ་ཐོབ།

《བསྟན་རྩིས་ཀུན་བཏུས》དང་《སྨོན་ལམ་ཚིག་མཛོད།》  རྒྱ་ཡིག་གི་《十至十二世纪西藏寺庙》ཞེས་པའི་དཔེ་ཆར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་(1110-1170)དངོས་སློབ་རྒྱལ་ཚ་རིན་ཆེན་མགོན་ནམ་ཀུན་དགའ་ཤེས་རབ་(1118-1195)ཀྱིས་སྤྱི་ལོ་1171ལོར་གནས་འདིར་གནས་གཞི་བཟུང་ནས་ཁྲོ་ཕུ་དགོན་ཕྱག་བཏབ་པར་གསུངས་ཀྱང་།  དགོན་འདིའི་སྒོ་ཆེན་གྱི་གདུང་མར་བཀལ་བའི་རས་བྲིས་ཀྱི་སྨོན་ཚིག་ཅིག་ཏུ།

“འདབ་ལྡན་མེ་བྱའི་ལོ་ལ་དབྱར་སྔ་མ།།

ཞལ་བཞེས་རྣམ་དག་བསླབ་གསུམ་འདུས་པའི་སྡེ།།

འགྲོ་མགོན་ཕག་གྲུའི་སློབ་ཆེན་རིན་ཆེན་མགོན།།

གནས་བཞི་བཟུང་ནས་དམ་ཆོས་གར་རོལ་ཞིང་།།”ཞེས་གསལ་ལ།   འདིའི་མེ་བྱ་ལོ་ནི་སྤྱི་ལོ་1195ལོའི་གོང་དུ་ཡིན་པ་བསྙོན་དུ་མེད་དེ། རབ་བྱུང་ཚུགས་པའི་ཚུན་ཆད་ཀྱི་མེ་བྱ་ལོ་ནི་སྤྱི་ལོ་1057དང་། 1117དང་1177བཅས་ལ་འཁེལ་འདུག སྨོན་ཚིག་ཏུ་གསལ་བའི་མེ་བྱ་ལོ་ནི་སྤྱི་ལོ་1177ལོར་ཡིན་ངེས་པ་ཡང་ལོ་ཚིགས་སྔ་མ་གཉིས་སུ་རྒྱལ་ཚ་རིན་ཆེན་མགོན་ད་དུང་འཁྲུངས་མེད་པ་རེད།   དེས་ན་དེར་གསལ་བའི་ཁྲོ་ཕུ་དགོན་ཕྱག་བཏབ་པའི་ལོ་ཚིགས་དང་《བསྟན་རྩིས་ཀུན་བཏུས་》སོགས་སུ་གསལ་བ་གཉིས་ལས་གང་དག་མིན་ཐད་ལ་ད་དུང་བརྟག་དགོས་པ་ཞིག་རེད།

རབ་བྱུང་གསུམ་པའི་ཤིང་ཕོ་བྱི་བར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལམ་གནུབས་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་(1172/3-1236)ཀྱིས་“ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་གདན་དྲངས།   གྲོ་མོའི་ལམ་ལ་བྱོན་ནས་ཁྲོ་ཕུར་དབྱར་གནས་མཛད།   ཞིང་གཉེན་ཆུང་མའི་སྟེང་དུ་ལྷ་ཆེན་རྟེན་བརྟེན་པ་དང་བཅས་པ་བཞེངས་པའི་རྨང་སྣྲོན་གྱི་ཟླ་བའི་ཚེས་བརྒྱད་ལ་བཞག་ནས་ས་འདུལ་བ།  བར་ཆད་སྲུང་བ།  བྱིན་འབེབས་ཐམས་ཅད་པཎ་ཆེན་ཉིད་ཀྱིས་མཛད་”ཅེས་《ལྷོ་རོང་ཆོས་འབྱུང་》དུ་གསལ་བས།   སྤྱི་ལོ་1204ལོའི་བོད་ཟླ་5པའི་ཚེས་8ཉིན་ཁྲོ་ཕུ་བྱམས་ཆེན་ཞེས་བོད་ན་སྔར་མེད་པའི་སྐུ་རྟེན་དེ་ཉིད་བཞེངས་མགོ་བརྩམས་པ་དང་།  དེ་རྗེས་སྤྱི་ལོ་1212ལོར་ཁ་ཆེ་པཎ་ཆེན་(1127-1225)གྱིས་བྱམས་སྐུ་མཐོང་གྲོལ་ཆེན་མོ་ལ་རབ་གནས་མཛད་ཅིང་།  ཡང་དེ་ཉིད་དུ་“པཎ་ཆེན་གཙང་དུ་ལོ་བཞི།  དབུས་སུ་ལོ་བཞི།   ཡར་ལམ་གཙང་དང་མངའ་རིས་སུ་ལོ་གཉིས་བཞུགས་པའི་རིང་དུ་བྱམས་ཆེན་དགའ་ལྡན་ཕོ་བྲང་དང་བཅས་པ་ལེགས་པོར་གྲུབ་ནས་ཆུ་ཕོ་སྤྲེའུ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ནས་བཅུའི་བར་དུ་(རབ་ཏུ)གནས་པའི་ཆོ་ག་ཐམས་ཅད་རྒྱས་པར་མཛད།”ཅེས་གསལ་བས་ཁྲོ་ཕུ་བྱམས་ཆེན་བཞེངས་པར་མི་ལོ་9འགོར་ཡོད་དོ།།   དེའི་ཚེ་ཁྲོ་ཕུ་ལོ་ཙཱ་བ་ཐུགས་དགྱེས་ཤིང་སྤྲོ་བར་གྱུར་ནས་རྗེ་བཙུན་བྱམས་པའི་བསྟོད་པ་ཞིག་བརྩམས་ཤིང་།  སཾ་སྐྲྀ་ཏའི་སྐད་དུའང་བསྒྱུར་ཞེས་ཁྲོ་ཕུ་ལོ་ཙཱ་བས་བརྩམས་པའི་《ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་》དང་ཁོང་གི་རང་རྣམ་གཉིས་ཀར་གསལ།   བྱམས་ཆེན་འདི་ལ་ཁྲུ་བརྒྱད་ཅུ་ཡོད་པར་གྲགས་ལ་གལ་ཏེ་ཁྲུ་གཅིག་ལ་ལི་སྨི་33ཡོད་པའི་དབང་དུ་བཏང་ན་བྱམས་ཆེན་འདིའི་མཐོ་ཚད་ལ་སྨི་26.6ཙམ་འདུག་སྟེ།  དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཆོས་ཉིས་(1883-1937)བཞེངས་པའི་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་ལ་སྨི་26.2ཡོད་ཅེས་ངོ་སྤྲོད་ཡི་གེར་གསལ།

《ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་》ཏུ་དགོན་འདི་གའི་རྟེན་དང་བརྟེན་པའི་རྔམ་ཟིལ་འདི་ལྟར་གསུངས་ཡོད་དེ། “རྒྱལ་བ་བྱམས་པ་ཁྲུ་བརྒྱད་ཅུ་ཞེས་གྲགས་པ་ཞལ་འདོམ་དོ་པར་གྲགས་པ་ལ་ཟངས་གསེར་བྱོན་ལེགས་ཤིན་ཏུ་ངོ་མཚར་བ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བཞེངས་པ་ཁྱད་འཕགས་བཅུ་གསུམ་དང་ལྡན་པ་སྟེ།

བྱམས་པས་བྱམས་པ་བཞེངས་ཞེས་སྐུ་ཁྱད་འཕགས།   རྟ་ནག་ཨུ་རྒྱན་སྒྲུབ་ཕུག  ཚོ་བ།   ཁྲོ་ལུང་སྣ་གསུམ་ནས་ཟངས་གཏེར་བཞེས།  ཕྱག་མགོ་ཞབས་མགོ་བལ་ཡུལ་མཐིལ་ནས་བཞེངས།   སྐུ་སྨད་འབྲི་གུང་།  སྐུ་སྟོད་མགར་ཚང་ཁྲོ་ཞེས་པར་བཞེངས།   ནང་དུ་གསེར་གར་བླུགས་ཀྱི་ཐུབ་པ།  རྡོ་རྗེ་འཆང་། དངུལ་གར་བླུགས་རྡོ་རྗེ་འཆང་དང་།  ཕྱག་རྡོར་སོགས་ལི་མ་སྐུ་རྟེན་ལྔ་བརྒྱ།  གསུང་བཀའ་འགྱུར་ཤོག་དྲིལ་མ།   གསེར་ཆོས།   སྐྱ་ཆོས་བཅས་ཆ་གསུམ།  གཉྫ་དམར་པོའི་ཤོག་བུར་བཻཌཱུརྱས་བྲིས་པའི་འབུམ་སོགས་གསུང་རྟེན་དང་། ཐུགས་རྟེན་བརྒྱ་བརྒྱད་ཅུ་ནང་བཞུགས་ཡོད་པ།  རྒྱ་གར་རྒྱལ་པོས་ཕུལ་བ་རྣམ་སྲས་འཐག་སྐུ་ཁྱད་འཕགས།  བྱམས་པའི་གོས་སྐུ་ཁྱད་འཕགས།  རྒྱ་ནག་རྒྱལ་པོས་ཕུལ་བའི་གསེར་གྱི་དམ་འབྱར་བླ་བྲེ་ཁྱད་འཕགས།  མི་ཉག་མཁན་པོས་ཕུལ་བའི་ཆོས་དུང་ཁྱད་འཕགས།  ཟངས་གླིང་རྒྱལ་པོས་ཕུལ་བའི་དུང་དམར་ཁྱད་འཕགས།  རོང་གཡག་སྡེ་ནས་ཕུལ་བའི་མཉྫིལ་ཁྱད་འཕགས།  སྤུད་བཀྲ་མཁན་པོས་ཕུལ་བའི་ཀ་ཊོ་ཏ་ཁྱད་འཕགས།  གར་མཁན་པཀྴིས་ཕུལ་བའི་རྔ་བོ་ཆེ་ཁྱད་འཕགས།  དབོན་དགེ་དར་གྱིས་ཕུལ་བའི་ཤིང་པཎ་མའི་ཀ་བ་ཁྱད་འཕགས་བཞི།ཤངས་པ་དགེ་སློང་གིས་ཕུལ་བའི་རིན་པོ་ཆེའི་བདར་ཁྱད་འཕགས་རྩེ་ཁྲུ་དོ་པ།  མགར་བ་ཕྱག་རྡོར་གྱིས་ཕུལ་བའི་རིན་པོ་ཆེའི་གཏིགས་ཆུ་སྟེ་ཤེལ་རྡོ་ཁྱད་འཕགས།  པཎ་ཆེན་བུདྡྷ་ཤཱིས་ཕུལ་བའི་དགེ་འདུན་བརྒྱ་ཤོང་བའི་རྨ་བྱའི་སྒྲོ་གདུགས་ཁྱད་འཕགས་སོག་ཇུན་གར་ནས་གཏོར་སོང་བ་བཅས་བཅུ་གསུམ་མོ།།

བྱམས་པ་སྤྱན་མདའ་གང་།  ཞབས་གཞུ་གང་།  བཞེངས་ན་ཐོག་བཅོ་ལྔ།  བཞུགས་ན་ཞལ་ཐོག་དགུ་པ་གྲགས་སོ།། འོན་ཀྱང་ཞལ་ངོ་མཐོ་ཆུང་ཆུང་བཅུ་དྲུགའདོམ་ཆུང་ན་དོ་པའམ་མཐོ་བཅུ་དྲུགམི་ཆེན་པོའི་འདོམ་ཕྱེད་དོ་མ་ལོང་ཙམ་ཡོད།  རྒྱ་མཐོང་ཁར་གཡས་གཡོན་དུ་ཁྲོ་ཕུ་ལོ་ཙཱ་དང་།  ཐུགས་སྲས་སེམས་དཔའ་ཆེན་པོ་བཅས་འཇིམ་སྐུ་མི་ཚད་རྙིང་པ།  སྦུག་རྩིག་པ་ལ་ཡབ་སྲས་ཀྱི་ཞབས་རྗེས་བཞི།  ཆོས་འཐོར་ཁ་ཤས།   བར་ཁང་ཐུབ་པ་ཐོག་རྒྱུགས་དང་།  སྤྱན་རས་གཟིགས།  བླ་སྐུ་སྐམ་བུ་ཅན་ལྔ་བཅུ་ལྷག  འབྲུག་ཀུན་ལེགས་མི་ལ་བཅས།  ཡང་བླ་མ་ལྷ་ཁང་འབྲུག་ལུགས་བཀའ་བརྒྱུད་གསེར་ཕྲེང་མདའ་ཚད་མ་འཇིམ་ལེགས།  གཙོ་བོ་པད་དཀར་མི་ཚད།  ལྷ་ཁང་ན།  བྱར་སྟར་སྒོའི་མཚོ་ནས་གཏེར་ནས་བྱུང་བའི་བྱམས་པ་བཞེངས་པ་མི་ཚད།  བདེ་མཆོག་ལྷན་སྐྱེས་མདའ་ཚད།  ལི་མ་སྣ་ཚོགས་ལྔ་བཅུ་ཙམ།  འོག་ཁང་ན་ཀ་བ་བརྒྱད་ཅུ་ཐམ་པའི་ཀ་བ་འགའ་རེར་འདོམ་སྐོར་མི་ཆུང་ཙམ།  གཡས་གཡོན་ཐུབ་པ་ལི་མ་མི་ཚད།  ཆོས་བརྩིགས་པོད་ལྔ་བརྒྱ་ཙམ།  སྒོ་ཁར་བདེ་མཆོག་བྲིས་ལེགས།

དགོན་མཐར་མཆོད་རྟེན་ཆེན་པོ་བང་རིམ་གསུམ་ལ་ལྷ་ཁང་ལྔ་ལྔ་རེ་དྲུག་ཅུ་དང་།  བུམ་སྒོར་ལྷ་ཁང་བཅས་རྡོ་ཡིས་བརྩིགས་པ་ལེབ་ཞང་ཅན་ཡོད་ཀྱང་།ཕྱིས་ལྕང་སྐྱ་བླ་མ་ཟེར་བས་ཉམས་གསོས་བྱེད་པ་ཡིན་ཟེར་ནས་སྒོ་རྡོ་ཆར་བྱས་འདུག་གོ།”ཡིག་འབྲུ་འདི་རྣམས་ཀློག་བཞིན་མིག་མདུན་གྱི་ཁྲོ་ཕུ་དགོན་དང་བསྡུར་ན་དངོས་གནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་ཞིག་རེད་ལ་སེམས་ཀྱིས་མི་བཟོད་པ་ཞིག་ཀྱང་ངོ་།།  རྒན་ཆོས་འཕེལ་ལགས་ཀྱིས་ཁྲོ་ཕུ་བྱམས་ཆེན་མཇལ་རྒྱུ་ཡོད་ཅེས་གསུངས་པ་ཡང་དངོས་ཡོད་མཐོང་ཆོས་ཀྱི་སྐད་ཆ་ཞིག་མིན་པའང་གཞི་ནས་རྟོགས།  ད་ནི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་སྟོང་ཉིད་ཀྱི་སེམས་ཀྱིས་རང་སེམས་གསོ་དགོས་པ་ལོས་ཡིན།

ད་ལྟའི་ཆར་སྔོན་གྱི་བྱམས་ཁང་དགའ་ལྡན་ཕོ་བྲང་གི་ཤུལ་དུ་སྤྱི་ལོ་1998ལོའི་ཟླ་3པའི་ཚེས་23ཉིན་བཞེངས་མགོ་བརྩམས་པའི་འདུ་ཁང་ཆུང་ཆུང་ཞིག་འདུག་ཅིང་།  ནང་རྟེན་ལ་དྲི་གཙང་ཁང་གི་དཀྱིལ་དུ་རྒྱལ་བ་བྱམས་པ་དང་།  གཡས་སུ་ཁྲོ་ཕུ་ལོ་ཙཱ་བ། གཡོན་དུ་རྒྱལ་བ་བྱམས་པ་མཁྱེན་བཞུགས་མ་བཅས་མི་ཚད་ལས་ཆེ་བའི་སྨན་སྐུ།  གསུང་རྟེན་འབུམ་དང་ཉི་ཁྲི་ཤིང་པར་མ།  ཞོལ་གཡས་སུ་ཁྲོ་ལོ་དང་ཐུབ་དབང་།  ཞོལ་གཡོན་གྱི་ཀུན་དགའ་ར་བར་སྔོན་གྱི་སྐུ་རྟེན་རྙིང་པ་འགའ་བཞུགས་འདུག་ཀྱང་དེ་ལ་ལྕགས་དྲ་བརྒྱབ་ནས་དོ་དམ་ནན་མོ་བྱས་འདུག  གཞན་རིག་གསར་སྔོན་གྱི་ཁྲོ་ཕུ་དགོན་གྱི་རྣམ་པ་མཚོན་པའི་གསར་བྲིས་རི་མོ་ཞིག་ཀྱང་བཤམས་འདུག་པ་ནི་བར་བཅུག་འདྲ་པར་ལྔ་པ་ལགས། དགོན་གྱི་ཞོལ་དུ་དགོན་བདག་ཉི་མ་རིན་པོ་ཆེ་དང་དེའི་སྲས་ཀརྨ་གཞན་ཕན་ཆོས་ཀྱི་རྒྱ་མཚོ་གཉིས་ཀྱིས་ཐུགས་བཀོད་ལྟར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་པོ་དང་འདྲ་བའི་མཆོད་རྟེན་བང་རིམ་ལྔ་ལྡན་ཞིག་རྒྱ་ནག་གི་ཨར་ལས་པ་ཚོས་གསར་དུ་བཞེངས་ཀྱིན་འདུག  དེ་ཡང་《ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་》ཏུ་བཤད་པའི་བང་རིམ་གསུམ་ལྡན་གྱི་མཆོད་རྟེན་དེའི་ཚབ་ལ་བཞེངས་པར་སྙམ་ལ་རས་བྲིས་ཀྱི་སྨོན་ཚིག་ཏུ།“ཁྱད་པར་ཡང་དར་བསྟན་པའི་འཛད་(མཛད)སྐྱོང་འོག། སྐུ་འབུམ་མཆོད་རྟེན་སྐྱར་(བསྐྱར)སྐྲུན་གཟི་བྱིན་འབར།།”ཞེས་ཀྱང་གསལ་བས་སོ།།

དེང་སང་བོད་ཡུལ་ལུང་བ་གང་ལ་མཚོན་ན་དགོན་པ་ཉམས་གསོ་དང་ནང་རྟེན་གསར་བཞེངས་ཀྱི་ཚ་རླབས་ཤིག་འཕྱུར་འདུག་སྟེ།  དཔེར་ན་འཕན་ཡུལ་ན་ལེནྡྲ་དང་སྤ་ཚབ་ལོ་ཙཱ་བའི་གདན་ས་ལོ་ཙཱ་དགོན།  ཡུལ་དབུས་མཚུར་ཕུ་དགོན་དང་རྔོག་ལོ་ཙཱ་བའི་གདན་ས་གསང་ཕུ་དགོན།  ཡར་ཀླུང་གི་རྡོ་རྗེ་བྲག་དང་ཁ་ཆེ་པཎ་ཆེན་གྱི་ཚོགས་པ་སྡེ་བཞིའི་ཡ་གྱལ་གྲ་ཕྱི་ཚོང་འདུས་ཚོགས་པ་བཅས་ཀྱང་དེ་ལྟའི་ལས་ལ་ཞུགས་འདུག  ཕྲན་ཆུང་འགྲིམ་པའི་དབུས་གཙང་གི་དགོན་པ་བཞི་བཅུ་ཙམ་ལས་དགེ་འདུན་འདུས་པ་རྒྱ་མཚོས་ཆོས་སྤྱོད་ཀྱི་ཆོ་ག་སྒྲུབ་བཞིན་པ་ལ་མཇལ་སྐལ་བྱུང་བ་ནི་ས་སྐྱ་དགོན་དང་དགའ་ལྡན་དགོན་ནས་ཡིན།  དགོན་གཞན་ཕལ་ཆེར་ལ་གྲྭ་གྲངས་ཀྱང་ཤིན་ཏུ་ཉུང་བ་འདྲ།  ཁྲོ་ཕུ་དགོན་ལ་མཚོན་ནའང་དེང་སང་རབ་བྱུང་བ་བཅོ་ལྔ་ཙམ་ལས་མེད་ཟེར།  དེ་འདྲ་ཡིན་དུས་སྔོན་གྱི་ལོ་ཟླ་ནག་པོའི་རྨ་ཁ་གསོ་བྱེད་ལ་བསྐྱར་དུ་འགྲོ་སོང་ཆེན་པོ་བཏང་ནས་དགོན་པ་རྒྱ་བསྐྱེད་གཏོང་བའི་དགོས་པ་ནི་ནང་ལོགས་ཀྱི་ཡུལ་སྐོར་བ་རྣམས་ཀྱི་ལྟད་མོ་བལྟ་ས་ཙམ་དང་།  བོད་ཀྱི་སློབ་ཆེན་པ་ཚོའི་གཉེན་པར་གྱི་རྒྱབ་ལྗོངས་ཙམ་ལས།  གྲྭ་བཙུན་ཚོས་བྱ་ཉུང་དོན་ཉུང་གིས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་གཞོལ་སའི་འབྲོག་དགོན་པ་ཞིག་ཏུ་ཆགས་མི་ནུས་པ་འདྲ།  གལ་ཏེ་ཕྱིས་སུ་གྲྭ་གྲངས་མ་འཕར་ན་གྲ་ནང་རྒྱལ་གླིང་ཚོགས་པ་དང་སྣེ་གདོང་རྩེ་ཚོགས་པ་བཞིན་ལྷ་ཁང་རྣམས་ཀྱི་སྐུ་གཉེར་གྲོང་བས་བྱེད་དགོས་པའི་དུས་ཀྱང་ཡོད་སྲིད།  དེ་བས་ལྷ་ཁང་ཆེན་པོ་བཞེངས། གསེར་སྐུ་ཕོན་ཆེན་བླུས། གསུང་རྟེན་གྲངས་མེད་བརྩིགས་པ་རྣམས་ཆོས་ཀྱི་ངོས་ནས་ཚོགས་བསགས་སྒྲུབ་སྦྱོང་གི་དགེ་བ་ཕུན་སུམ་ཚོགས་པ་ཞིག་ཡིན་ཡང་། འཇིག་རྟེན་པའི་ངོས་ནས་ཅུང་བསམ་གཞིགས་གཏོང་འོས་པ་རེད།  ཡང་བཀའ་གདམས་གོང་མའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་དང་གདན་ས་ལ་མཇལ་ན་ཡང་ངེས་ཤེས་གཞན་ཞིག་སྐྱེས་ཐུབ་པར་སྙམ།

དགོན་པ་ལྷ་ཁང་སྲུང་སྐྱོབ་ཀྱི་ལས་གཞིས་ལོ་རྒྱུས་ཀྱི་བདེན་དཔང་ལ་གཏོར་བརླགས་བྱེད་པ་ཡང་མཆིས་ཏེ།   གྲ་ཕྱི་ཚོང་འདུས་ཚོགས་པའི་ཁྱམས་ཀྱི་རྒྱལ་ཆེན་བཞིའི་ལྡེབས་རིས་ཁག་ལ་རིག་གསར་སྐབས་སུ་མོ་ཡི་གསུང་བཏུས་ཡིག་འབྲུ་དམར་པོས་བྲིས་ཡོད་པ་ཞིག་མཐོང་། གལ་ཏེ་འདི་ནས་བརྩིས་པའི་མི་ལོ་ལྔ་ཙམ་གྱི་རྗེས་སུ་མཇལ་དུ་བསྐྱོད་པའི་དབང་དུ་བཏང་ན་དེ་དག་གི་ཤུལ་ཡང་མེད་པར་གསར་པ་གསར་རྐྱང་ཡིན་པ་རྗེས་དཔགས་བྱེད་ཐུབ་པ་ཞིག་རེད།  དགོན་སྡེ་གང་དུའང་མཇལ་རྒྱུ་ཡོད་པའི་རྒྱལ་ཆེན་བཞི་ཡི་ལྡེབས་རིས་གསར་པ་ལས་དམིགས་བསལ་གྱི་དུས་སྐབས་མཚོན་ཐུབ་པའི་རྒྱ་ཡིག་དམར་པོ་དེ་དག་ལ་རིན་ཐང་ཆེན་པོ་ལྡན་སྙམ་མོ།།  གྲོ་ཚང་རྡོ་རྗེ་འཆང་གི་རྒྱལ་སྲིད་ལྷ་ཁང་གི་ལྡེབས་རིས་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་(1570-1662)གྱི་མཆོད་གདུང་ལྷ་ཁང་གི་ལྡེབས་རིས་རྣམས་ཀྱང་རྙིང་ཚབ་གསར་བརྗེ་བྱེད་བཞིན་འདུག་པ་དེ་ཡང་སྲུང་སྐྱོབ་བམ་གཏོར་བཤིག་ཡིན་མིན་ཅི་ཆ། འདི་ཡང་ལོ་རྒྱུས་ཀྱི་བསླབ་བྱ་བརྗེད་མེད་པའི་གནས་སྐོར་བ་ཆུང་ཆུང་ཞིག་གི་འཕྲོས་དོན་ནོ།།

ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།  ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་མཆོག་(1290-1364)ཀྱང་ཆུང་ངུ་དུས་སུ་དགོན་འདི་གར་བཞུགས་ཤིང་། ཁོང་གིས་འདི་ནས་ཚད་མའི་སྐྱེས་བུ་ཡང་རྩེ་བ་རིན་ཆེན་སེང་གེ་སོགས་ལ་བསྟེན་མྱོང་བ་དང་།  དགུང་ལོ་བདུན་སྟེང་སེམས་དཔའ་རིན་པོ་ཆེ་ཁྲོ་ཕུ་བའི་དྲུང་དུ། ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུས་པ་ཡང་རྣམ་ཐར་དུ་གསལ།  དབུས་གཙང་ལ་གྲྭ་སྐོར་མཛད་པས་ཕ་སྟོན་པ་ལ་བུ་སྟོན་པ་འདུག་ཅེས་མཚན་ལ་བུ་སྟོན་ནམ་ཁྲོ་ཕུ་བ་བུ་སྟོན་ཁ་ཆེ་ཞེས་ཀྱང་གྲགས་པ་ཀུན་ལ་རྒྱུས་ཡོད་པ་ལྟར་རེད།

《བཀའ་འགྱུར་དཔེ་བསྡུར་མའི་དཀར་ཆག་》གི་《དཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།》ཡི་འགྱུར་བྱང་དུ་“སྐད་གཉིས་སྨྲ་བ་ཐར་པ་ལོཙྪ་བའི་བཀའ་དྲིན་གྱིས་བསྐྱངས་པ་བོད་ཀྱི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་ཆོས་ཀྱི་རྗེ་ཁྲོ་ཕུ་ལོཙྪ་བའི་གདན་ས་གནས་གསར་དགོན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་”ཅེས་གསལ་བ་འདི་ལས་ཁྲོ་ཕུ་ལོ་ཙཱ་བའི་གདན་ས་ལ་དགོན་འདི་མ་ཟད་ད་དུང་གནས་གསར་དགོན་ཞེས་པ་ཞིག་ཀྱང་ཡོད་པ་བརྟག་ནུས་ལ། ལྷ་རྩེ་རྫོང་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་(993-1074)ཀྱི་གདན་ས་མང་མཁར་མུ་གུ་ལུང་ལ་བསྐྱོད་པའི་ལམ་བར་ནས་གནས་གསར་དགོན་ཞེས་པ་ཞིག་ལ་རྒྱང་མཇལ་བྱས་མྱོང་།  དེ་ནི་ལོ་ཙཱ་བ་གང་དེའི་གདན་ས་ཞིག་ཨེ་ཡིན་ནམ་ཞེས་ཐེ་ཚོམ་དང་།  དོགས་པ་དང་།རྨོངས་པའི་ངང་ནས་ཕྱིས་སུ་དབུས་གཙང་ལ་སྐྱོད་དུས་ཁྲོ་ལོའི་གདན་ས་དེ་ཉིད་ཡུལ་གང་དུ་ཡོད་མེད་ཀྱང་འཚོལ་ནས་མཇལ་དགོས་ཨང་ཞེས་འགྱོད་གདུང་དང་བཅས་གནས་མཇལ་རེག་ཟིག་འདིའི་མཇུག་གྲུབ་པར་བྱས་སོ།།

 

སྤྱི་ལོ2018ལོའི་སྤྱི་ཟླ་10པའི་ཚེས་2ནས་3ལ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་རྙིང་བར་སྦྱར།