ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་སྔོན་གྱི་དག་ཡིག་མང་པོར་བྱུང་ཡོད་པའི་བརྡ་རྙིང་བ་སྔ་མཁོ་ཞེས་པ་དེ་ཇི་ལྟར་འགྲེལ་ན་ཡང་དག་ཡིན་ཚུལ་གྱི་སྐོར་ཅུང་ཟད་གླེང་ཡོད།

བརྡ་ཆད་གཙོ་བོ།  སྔ་མཁོ། སྔ་མ་ཁོ་ན། སྔ་མཁོ་བཞིན།  སྔ་མ་ཁོ་ན་བཞིན།

གླེང་སློང་བ།

འདིར་སྔོན་གྱི་བརྡའི་བསྟན་བཅོས་དང་དག་ཡིག་གྲགས་ཆེ་བ་སོགས་སུ་ཧ་ཅང་གྲགས་ཆེ་བའི་སྔ་མཁོ་ཞེས་པའི་བརྡ་རྙིང་བ་འདིའི་གོ་དོན་གྱི་ཐད་ནས་ཅུང་ཟད་གླེང་བར་བསམ་སྟེ། དེ་ཡང་ཡིག་འབྲུ་གཅིག་གཉིས་ཙམ་ཞིག་ལ་དཔྱད་པ་དང་རྕོད་པར་བྱ་བ་དེ་ཙམ་མེད་སྙམ་དུ་བསམ་མི་རིགས་ཏེ། སྔོན་གྱི་མཁས་པ་དག་གིས་བྱས་པའི་བརྡའི་བསྟན་བཅོས་སོགས་ཀྱང་དེ་ལྟ་བའི་ཡི་གེ་མང་པོ་ལ་དཔྱད་པ་བྱས་ཏེ་གྲུབ་པ་ཤ་སྟག་ཡིན་ལ། ཕྱིས་ཀྱི་མི་དག་གིས་རྩོམ་ཡིག་འབྲི་བ་དང་ཡི་གེའི་ལས་སོགས་བྱེད་དུས་ཁོང་པ་དག་གི་ལུགས་གཞིར་འཛིན་པས་ཧ་ཅང་དོ་གལ་བྱེད་པའི་གནས་སུ་མཆིས། དེ་ཡང་སྐབས་འགར་ཁོང་ཅག་གིས་ཀྱང་ཐུགས་མཉམ་མ་བཞག་པ་སོགས་རྒྱུ་རྐྱེན་ཅི་རིགས་ཀྱི་དབང་གིས། བརྡ་གཅིག་ལ་འགྲེལ་བ་བྱེད་སྟངས་ཐད་དག་དང་མི་དག་གི་གནས་ཚུལ་ཅི་རིགས་བྱུང་བཞིན་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་དོ། དེ་ཡང་གང་དག་པ་དང་མི་དག་པའི་སྤུ་རིས་འབྱེད་པ་ནི་ཧ་ཅང་དཀའ་བའི་གནས་སུ་འདུག་ཅིང་། ལུང་རིགས་ཡང་དག་པའི་རྒྱབ་རྟེན་ནི་ཡེ་མེད་པར་ཁོ་བོས་འདི་སྙམ་དུ་སེམས་སོ་ཞེས་ཕོ་ཚོད་ཙམ་གྱིས་གཏམ་སྨྲ་བ་ནི་ཤེས་ལྡན་རྣམས་ཁྲེལ་བའི་རྒྱུར་ཅིས་ཀྱང་འགྲོ་བས་ཧ་ཅང་བག་ཡོད་པར་བྱ་བའི་གནས་སུ་ལགས་ན་ཡང་། ཁོ་བོས་དུས་རྒྱུན་དཔེ་ཆ་ཀློག་པའི་སྐབས་སྔ་མཁོ་ཞེས་པའི་བརྡ་དེ་ལ་ལན་གྲངས་དུ་མར་འཕྲད་ཅིང་། འཕྲད་ནས་ཀྱང་དག་ཡིག་ཁུངས་ཐུབ་མང་པོ་དཔྱད་བསྡུར་སོགས་ཅུང་ཟད་བགྱིས་མྱོང་གཤིས། འདིར་སྔ་མཁོ་ཞེས་པའི་ཐ་སྙད་དེའི་ཐད་ནས་ཅུང་ཟད་གླེང་བར་འདོད་དོ།

དང་པོ། མཁས་པ་དག་གི་འགྲེལ་ཚུལ།

དེ་ཡང་སྔ་མཁོ་བྱ་བའི་བརྡ་ཆད་འདི་གླེང་བ་ལ་ཆེས་མེད་དུ་མི་རུང་བ་ནི་དག་ཡིག་དང་བརྡ་གསར་རྙིང་གི་བསྟན་བཅོས་དག་ཡིན་པས། འདིར་དེ་དག་གི་བྱུང་འཕེལ་སོགས་རགས་བསྡུས་ཙམ་གླེང་བ་ནི་ཧ་ཅང་གལ་ཆེ་བར་འདུག་པས་ཅུང་ཟད་གླེང་ན། དེ་ཡང་སྔོན་གྱི་བརྡ་སྤྲོད་སྨྲ་བ་དག་ལས་ཐོན་མི་གཉིས་པ་ལྟར་ཚད་ཐུབ་ཏུ་བྱེད་པའི་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་གིས་མཁན་པོས་ཐོག་མར་ཡི་གེ་བརྩམས་པའི་རྗེས་སུ་བརྡ་སྤྲོད་པའི་གཞུང་ལུགས་རྣམས་བརྩམས་པ་དང་། ཞེས་གསུངས་པ་ལྟར། དང་པོ་སློབ་དཔོན་ཐོན་མིས་བོད་ཀྱི་སྐད་དང་བསྟུན་ཏེ་ཡི་གེ་གསར་དུ་བཟོས་ཏེ། བརྡ་སྤྲོད་པའི་བསྟན་བཅོས་སོགས་མཛད་པ་དང་། དེ་ནས་དག་ཡིག་ཆེ་ཆུང་དག་ཀྱང་རིམ་བཞིན་བྱུང་བར་ངེས་ཤིང་། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་ཡང་དག་ཡིག་གི་གཞུང་ཡོད་ངེས་ཏེ། སི་ཁྲོན་བོད་ཡིག་བསྡུ་བསྒྲིགས་ཁང་གིས་བསྒྲིགས་པའི་བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ་ཞེས་པར། བརྡ་དག་གི་ལྡེ་མིག་བཞུགགས་སོ་ཞེས་པ་ཞིག་བཞུགས་ཤིང་། ནང་དོན་དག་ཀྱང་དག་ཡིག་ཡིན་ལ། དེའི་མཇུག་ཏུ། ①ཀ་བ་ཨ་ཙ་ར་དཔལ་རྩེགས་དང་། ། ཅོག་རོ་ཀླུའི་རྒྱལ་མཚན་གྱིས། ། སྐད་གསར་གཅད་ཀྱི་ཡི་གེར་བཀོད་པའོ་ཞེས་མཛད་པ་པོའི་མིང་ཡང་གསུངས་ཡོད་དོ། བསྟན་པ་ཕྱི་དར་གྱི་དག་ཡིག་དག་ལས་སྔ་ཤོས་སུ་བྱེད་པ་ནི་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་②<<ཐོན་མིའི་ཞལ་ལུང>>དུ། ཕྱི་དར་བྱུང་བའི་རྗེས་ཀྱི་དག་ཡིག་གི་སྔ་ཤོས་ནི། རབ་བྱུང་དང་བོའི་སྨད་དང་གཉིས་པའི་སྟོད་ཀྱི་ཆར་བརྩམས་ངེས་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དག་ཡིག་བསྡུས་པ་དེ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་ལ། ཞེས་གསུངས་པ་ལྟར་རྔོག་ལོ་ཆེན་མོའི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པ་དེ་ཡིན་ལ། དེ་ནས་རིམ་བཞིན་<<དབུས་པ་བློ་གསལ་གྱི་བརྡ་གསར་རྙིང་གི་དག་ཡིག>>པཎ་ཆེན་བྱམས་པ་གླིང་བའི་<<དག་ཡིག་སྨྲ་རྒྱན>>དང་ཞ་ལུ་ལོ་ཆེན་གྱི་<<དག་ཡིག་ཟ་མ་ཏོག>>སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱི<<དག་ཡིག་ལི་ཤིའི་གུར་ཁང>>སོགས་ཀྱིས་གཙོས་པའི་དག་ཡིག་ཧ་ཅང་མང་པོ་ཞིག་བྱུང་ཡོད་ནའང་མང་པོ་ཞིག་མཚན་ཙམ་ལས་དངོས་སུ་མ་མཐོང་ཞིང་། མཐོང་བ་དེ་དག་ལས་ཁ་ཅིག་གི་གཞུང་དུ་སྔ་མཁོ་ཞེས་པའི་ཐ་སྙད་ཡེ་མ་བྱུང་ཞིང་། བྱུང་ཡོད་པ་དག་ལས་སྔ་མཁོ་ཞེས་པའི་ཐ་སྙད་ལ་ཐོག་མར་དཔྱད་མཁན་ནི་དབུས་པ་བློ་གསལ་ཡིན་ངེས་ཤིང་། དེ་ཡང་ཁོང་གི③་<<བརྡ་གསར་རྙིང་གི་དབྱེ་བ་དབུས་པ་བློ་གསལ་གྱིས་མཛད་པ་བཞུགས>>ཞེས་པ་རུ། སྔ་མཁོ་སྔ་མ། ཞེས་གསུངས་ཡོད་ཅིང་། དེའི་རྗེས་སུ④<<པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི<<བོད་ཀྱི་བརྡའི་བྱེ་བྲག་གསལ་བྱེད་བཞུགས་སོ>>ཞེས་པ་རུ། སྔ་མཁོ་ཞེས་པ་སྔོན་བཞིན་གྱི། ། མིང་ཡིན་སྔ་མའི་མིང་མ་ཡིན། ། ཞེས་སྔ་མཁོ་སྔ་མར་འགྲེལ་མི་རིགས་པར་སྔོན་བཞིན་ཞེས་འགྲེལ་དགོས་པར་གསུངས། དེའི་རྗེས་སུ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི་⑤<<དག་ཡིག་ལི་ཤིའི་གུར་ཁང>>དུ། “སྔ་མཁོ་ནི་སྔར་བཞིན་“ཞེས་བྱུང་ཞིང་། དེའི་རྗེས་སུ་⑥<<དག་ཡིག་ངག་སྒྲོན>>དུ་ཡང་། མཁན་ཁྲོད་མཁོས་ཕབ་སྔ་མཁོ་བཞིན། ། ཞེས་བྱུང་ཞིང་། དེའི་འགྲེལ་བ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པ་རུ། སྔ་མཁོ་སྔར་བཞིན་སྔར་ལྟར། ཞེས་སྔ་མཁོ་སྔར་ལ་འགྲེལ་ཡོད་ཅིང་། བཞིན་སྦྱར་ན་གཟོད་སྔར་ལྟར་དུ་འགྲེལ་འདུགདེ་ནས⑦<<དག་ཡིག་མཁས་པའི་འབྱུང་གནས>>སུ་ཡང་། སྔ་མཁོ་ནི་སྔ་མ། ཞེས་བྱུང་ཡོད་དོ། དེའི་རྗེས་སུ། ⑧<<ཨ་ལག་ཤའི་བརྡ་ཡིག་བློ་གསལ་མགྲིན་རྒྱན>>དུ། སྔ་མཁོ་བཞིན་ནི་སྔ་མ་བཞིན་དུ་གནས་པའི་དོན་ཞེས་འགྲེལ་བ་ཡང་དོན་དུ་སྔ་མཁོ་སྔ་མར་འགྲེལ་བ་ཡིན་ནམ་སྙམ་ཡང་། སྔ་མཁོ་ཞེས་པ་སྔ་མ་བཞིན་དུ་འགྲེལ་རྗེས། སྔ་མཁོ་བཞིན་ཞེས་པ་ཡང་སྔ་མ་བཞིན་དུ་མི་འགྲེལ་ཐུ་མེད་དུ་གྱུར་བ་ཡིན་ཡང་སྲིད་པས་དགོངས་པ་གསལ་བོ་རྟོགས་ཐབས་བྲལ། མདོར་ན་གོང་དུ་བཤད་པ་བཞིན་སྔ་མཁོ་ལ་འགྲེལ་ལུགས་གཉིས་ཤིག་བྱུང་ཞིང་། ཕྱི་མ་ཁ་ཅིག་ནི་ཕལ་ཆེ་བ་སྔ་མའི་ལུགས་བསྐྱར་བ་ཙམ་ལས་རང་ངོས་ནས་དཔྱད་པ་བྱས་ཡོད་མེད་ནི་ཧ་ཅང་བཤད་དཀའ་བའི་གནས་སུ་སྣང་་ལ། དེས་ན་ཁོ་བོའི་རྨོངས་བློར་ཤར་ཚོད་ལ་དབུས་པ་བློ་གསལ་དང་ལྕང་སྐྱ་རོལ་བའི་རྡོ་རྗེས་གཙོས་པའི་མཁས་པ་ཁ་ཅིག་གིས་སྔ་མཁོ་ཞེས་པ་སྔ་མ་ལྟར་འགྲེལ་བའི་འགྲེལ་ལུགས་དེ་ཧ་ཅང་དག་པར་སྣང་ཞིང་། དེ་ཡང་ལུང་རིགས་ལ་རག་མ་ལས་པར་ཕོ་ཚོད་ཀྱིས་གསུངས་པ་ཞིག་ཡེ་མིན་པར་ངེས་ཏེ། སྔོན་གྱི་བསྟན་བཅོས་རྙིང་བ་དག་ན་སྔ་མཁོ་ཞེས་པ་སྔ་མའི་དོན་འབའ་ཞིག་ལྟར་སྦྱར་ཡོད་ཅིང་། དེའི་རྗེས་སུ་བཞིན་ཞེས་པ་དུས་རྟག་ཏུ་སྦྱར་ཏེ་སྔ་མཁོ་བཞིན་ཞེས་འབྱུང་ཞིང་། དེ་ལྟར་སྦྱར་ན་སྔ་མ་བཞིན་ཞེས་པའི་དོན་དུ་འགྱུར་བ་བསྟན་བཅོས་དང་མདོ་སོགས་ལ་བལྟས་པ་ཙམ་གྱིས་ཧ་གོ་ལ། གལ་སྲིད་སྔ་མཁོའི་རྗེས་སུ་བཞིན་ཞེས་པ་མ་སྦྱར་ཚེ་སྔ་མ་ཞེས་པའི་དོན་ལས་གཞན་དུ་མི་འགྱུར་རོ། དེ་ཡང་བརྡ་རྙིང་བ་འདི་དག་གི་འབྱུང་ཁུངས་ནི། སྔོན་གྱི་བསྟན་བཅོས་རྙིང་བ་དག་ཡིན་ཞིང་། དེ་དག་ཏུ་ཇི་ལྟར་སྦྱར་ཡོད་པ་ལ་བལྟས་ཏེ་བརྡ་རྙིང་བ་དག་བཀྲལ་ན་ད་གཟོད་འགྲེལ་དག་པོ་ཡོང་ཐུབ་པར་ངེས་སོ།

གཉིས་པ། སྔ་མཁོ་ཞེས་པ་སྔ་མ་བཞིན་ཞེས་པར་འགྲེལ་ཚུལ་དགག་པ།

འདིར་སྔ་མཁོ་ནི་སྔ་མ་ལྟར་འགྲེལ་རིགས་པའི་ཐད་ལ་ཅུང་ཟད་གླེང་བར་བྱ་སྟེ། གོང་དུ་གླེང་ཟིན་པ་ལྟར། དབུས་པ་བློ་གསལ་སོགས་ཀྱིས་སྔ་མཁོ་ཞེས་པ་སྔ་མར་འགྲེལ་བ་ཧ་ཅང་ཐུག་དག་པར་བསམ་སྟེ། གནའ་དཔེ་ཚད་ཐུབ་མང་པོར་སྔ་མཁོ་ཞེས་པའི་ཐ་སྙད་འདི་སྔ་མཁོ་བཞིན་ཞེས་བཞིན་དང་མཉམ་དུ་སྦྱར་ཡོད་དེ། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་སྟོང་སའི་ཤོག་མཁན་གྱིས་ཤོག་ཁྲལ་ཆད་པ། ཞེས་པའི་ཡི་གེར། ⑨“ཤ་ཅུ་པ་་རྐྱར་སྦྱར6། ཞིང་མཁོས་མ…..

8.ལས་རྐྱ་ཞིང7དུ་མནོས་ཏེ། ། སྔ་མཁོ་བཞིན་རྣལ་དུ་རྨེད་ཅིང་མཆྀས་པ་ལས། ། ཞེས་བྱུང་ཞིང་། འདིར་བྱུང་བའི་སྔ་མཁོ་ཞེས་པ་ནི་སྔོན་ལྟར་ཞེས་པའི་དོན་ཡིན་ངེས་ཤིང་། སྔ་མཁོ་བཞིན་ཞེས་སྦྱར་ན་སྔ་མ་བཞིན་ནམ་སྔོན་བཞིན་ཞེས་པའི་དོན་ནོ། དེས་ན་སྔ་མཁོ་ནི་བཙན་པོའི་སྐབས་ཤིག་ནས་དར་ཡོད་པའི་བརྡ་ཡིན་པ་ཤེས་ནུས་སོ། ཡང་། ⑩<<མདོ་མཛངས་བླུན>>དུ། རྒྱལ་པོས་སྨྲས་པ། གལ་ཏེ་བདག་ཐོག་མ་ནས་ཐ་མའི་བར་དུ་འགྱོད་པའི་སེམས་མེད་པ་ཡིན་ན། ལུས་ཀྱི་རྨ་འདི་སྔ་མཁོ་བཞིན་དུ་སོས་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཏོ། ། ཞེས་དང་། ⑾ཡང་དེ་རུ་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་རྒྱལ་བོའི་ལུས་སྔོན་བས་ལྷག་པར་བཟང་བར་གྱུར་ཏོ། “ཞེས་སོགས་བཞིན་སྔ་མཁོ་ཞེས་པ་ལན་གྲངས་མང་པོར་བྱུང་ཞིང་། ⑿<<གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ>>ཞེས་པ་ལས། སྨན་དཔྱད་གང་ཅི་བསྟན་པ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་སོ། ནད་མེད་པ་དང་། ནད་ཉུང་བར་གྱུར་ནས་ཀྱང་སྔ་མཁོ་བཞིན་དུ་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། “”ཞེས་སྔ་མཁོ་བཞིན་ཞེས་པ་འབའ་ཞིག་བྱུང་། དེས་ན་འདི་ལ་ཁོ་བོ་ཅག་གིས་རྗེས་སུ་དཔོག་པའི་ཐབས་འདི་ཡིིས་བསམ་ཆོག་སྟེ། གལ་ཏེ། སྔ་མཁོ་ཞེས་པ་སྔོན་བཞིན་དང་སྔ་མ་བཞིན་གྱི་དོན་ཡིན་ཚེ། སྔ་མཁོ་ཞེས་པ་ཙམ་ཞིག་སྦྱར་ན་ཆོག་པ་སྟེ། བདག་གི་ལུས་འདི་སྔ་མཁོ་རྨ་མེད་པར་གྱུར་ཅིག་ཅེས་དང་། ནད་མེད་པ་དང་། ནད་ཉུང་བར་གྱུར་ནས་ཀྱང་སྔ་མཁོ་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། ་ཞེས་བརྗོད་པས་འཐུས་ཀྱང་དེ་ལྟར་ཡེ་མ་བརྗོད་པའིརྒྱུ་མཚན་གང་ཡིན་ནམ་སྙམ་ན། དེ་ནི་སྔ་མཁོ་ཞེས་པ་སྔ་མའི་དོན་ཡིན་པ་ལས། སྔ་མ་བཞིན་གྱི་དོན་མ་ཡིན་པའི་གཏན་ཚིགས་ཟང་མ་དེ་འོ། ཡང་ཁ་ཅིག་གིས་མཁོ་ལ་བཞིན་གྱི་དོན་ཡོད་ངེས་ཟེར་ན། མཁོ་ལ་དགོས་མཁོ་སོགས་ཀྱི་དོན་ཙམ་ལས་གཞན་ཅི་ཡང་བཤད་དུ་མེད་པས། སྔ་མཁོ་ཞེས་པ་སྔ་མ་ཞེས་དབུས་པ་བློ་གསལ་སོགས་གསུངས་པ་ནི་མཁས་པ་ཟླ་བྲལ་གྱི་ལུགས་སོ། གལ་སྲིད་སྔ་མཁོ་ཞེས་པ་སྔོན་བཞིན་ཞེས་བཀྲལ་ན། དེའི་རྗེས་སུ་བཞིན་ངེས་པར་སྦྱོར་དགོས་ཤིང་། དེ་སྦྱར་ན་སྔོན་བཞིན་བཞིན་ཞེས་སོགས་སུ་འགྱུར་བས་དེ་ལྟ་བུའི་ཐ་སྙད་སྦྱོར་སྲོལ་ཞིག་ཡོང་ཡེ་ཀུན་ཏུ་མི་སྲིད་པས་དོར་བར་རིགས་སོ། དེས་ན་སྔ་མཁོ་ཞེས་པ་སྔོན་བཞིན་ཞེས་འགྲེལ་མཁན་རྣམས་ཀྱིས་ཅིའི་ཕྱིར་ནོར་ཟེར་ན། དེ་ནི་སྔ་མཁོ་ཞེས་པ་སྔ་མཁོ་བཞིན་ཞེས་བཞིན་དང་མཉམ་དུ་སྦྱོར་སྲོལ་ཡོད་པའི་དབང་གིས་ཡིན་ལ། དེ་ལྟར་སྦྱར་ན་སྔ་མ་བཞིན་ཞེས་པའི་དོན་དུ་འགྲོ་ཞིང་། བསྟན་བཅོས་རྙིང་ཁུངས་ཚད་ཐུབ་དག་ཏུ་སྔ་མཁོ་བཞིན་ཞེས་སྦྱོར་བ་ལས་སྔ་མཁོ་ཞེས་མི་སྦྱོར་བ་ལ་བརྟེན་སྔ་མཁོ་ཞེས་པ་ཡང་སྔ་མ་བཞིན་ཞེས་པའི་དོན་ཡིན་འོང་སྙམ་དུ་བསམ་སྟེ་དེ་ལྟར་འགྲེལ་བ་ཡིན་པར་ངེས་སོ།

གསུམ་པ། སྔ་མཁོ་ཞེས་པའི་ཐ་སྙད་ཇི་ལྟར་གྲུབ་པའི་ཚུལ་བཤད་པ།

དེ་ཡང་སྔ་མཁོ་ཞེས་པའི་ཐ་སྙད་ཇི་ལྟར་བྱུང་ལུགས་ཀྱི་ཐད་ལ་སྔོན་གྱི་མཁས་པའི་དབང་པོ་དག་གིས་ལྗགས་མ་གཡོ་བ་འམ་ཡང་ན་ཕྲན་ཆུང་གིས་མ་མཐོང་བ་གང་ལྟར་ཡང་། བརྡ་དག་གི་བསྟན་བཅོས་དག་ལས་ཚད་མར་བྱེད་པ་དག་ཏུ་དེ་ལ་འགྲེལ་བ་ཙམ་བྱས་ཡོད་པ་ལས། ཇི་ལྟར་བྱུང་བ་འམ་ཡང་ན་དེ་དང་དོན་འདྲ་བའི་ཐ་སྙད་གང་ཡོད་མེད་སོགས་ལ་ཞལ་གསལ་མི་འདུག་པས། འདིར་ཁོ་བོས་དེའི་ཐད་ནས་གླེང་མོ་ཅུང་ཟད་བྱ་བར་བསམ། དེ་ཡང་སྔ་མཁོ་ཞེས་པ་དང་དོན་གཅིག་པའི་བརྡ་གཞན་ཞིག་ཡོད་པ་ནི་སྔ་མ་ཁོ་ན་ཞེས་པ་དེ་ཡིན་ལ། བརྡ་དེ་ནི་སྔོན་དུས་ཀྱི་བརྡ་འབའ་ཞིག་ཏུ་སྣང་ཞིང་། རྒྱལ་བའི་མདོ་དང་ཆོས་རྒྱལ་དུས་ཀྱི་ཡི་གེ་རྙིང་བ་འགའ་ཞིག་ཏུ་མཐོང་ཐུབ་ཅིང་། བསྟན་བཅོས་ཕྱི་མ་རྣམས་སུ་ཕལ་ཆེར་མཐོང་མི་ཐུབ་པའི་ཚོད་དུ་འདུག་སྟེ། དེ་ཡང་⒀<<སྦ་བཞེད>>དུ། ནང་ན་འཇིམས་གཟུགས་གཅིག་ཀྱང་མེད། ནང་སྟོང་པར་འདུག་ནང་བར་བལྟར་ཕྱིན་ཙ་ན་འཇིམ་གཟུགས་ཐམས་ཅད་སྔ་མ་ཁོ་ན་བཞིན་བཞུགས་ནས་སློབ་དཔོན་པདྨ་མཆོད་པ་བྱེད་པ་དང་། ཞེས་བྱུང་ལ། གོང་དུ་དྲངས་པའི་སྦ་བཞེད་ཀྱི་ལུང་དེ་རུ་ལྷད་བཅུག་པ་འམ་ཆེད་གཉེར་བཅོས་པ་ཨེ་ཡིན་སྙམ་དུ་ཡུན་རིང་བསམ་མོད། བར་སྐབས་ཤིག་ལ། ⒁<<འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ>>རུ་ཡང་། ནད་སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་ཏེ་ནད་མེད་པར་གྱུར་ཏོ། ནད་མེད་པར་གྱུར་ནས་ཀྱང་<སྔ་མ་ཁོ་ན་བཞིན་>དུ། མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ་ཞེས་སྔ་མཁོ་ཞེས་པའི་ཚབ་ཏུ་སྔ་མ་ཁོ་ན་ཞེས་བྱུང་ཡོད་པ་མཐོང་ཞིང་། དེ་ཡང་བརྡ་དེ་རེ་རེ་གཉིས་གཉིས་རེ་མཐོང་ཐུབ་པ་ལས། ཕལ་ཆེ་བར་དེའི་ཚབ་ཏུ་སྔ་མཁོ་བཞིན་ཞེས་བྱུང་ཡོད་དེ། ཡང་དེ་ན། ⒂ནད་མེད་པ་དང་། ནད་ཉུང་བར་གྱུར་ནས་ཀྱང་། སྔ་མཁོ་བཞིན་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ་ཞེས་སྔ་མཁོ་བཞིན་དང་སྔ་མ་ཁོ་ན་བཞིན་ཞེས་པ་རེས་མོས་ཀྱིས་གཅིག་གོ་གཅིག་ཆོད་དུ་སྤྱད་ཡོད་པས། ཁོ་བོའི་སེམས་ལ་སྔ་མཁོ་ནི་སྔ་མ་ཁོ་ན་ཞེས་པའི་བསྡུས་འབྲི་ཡིན་པར་ངེས་ཞེས་བསམ་སྟེ། ⒃དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་གསར་དུ་ཁ་སྣོན་བྱས་ཏེ་བསྒྱུར་བའི་མདོ་མཛངས་བླུན་དུ། སྔ་མཁོ་བཞིན་དུ། སྔ་མ་ཁོ་ན་བཞིན་དུ་ཞེས་ཚིག་འགྲེལ་བཀོད་པ་ནི་ཧ་ཅང་ཐུགས་དག་ཅིང་། ཁོང་གི་གསུངས་འདི་ཁོ་བོའི་བསམ་ཚུལ་ཡང་དག་པའི་སྒྲུབ་བྱེད་ཅིག་ཏུ་ངེས་པར་འགྲོ་བསམ་སྟེ། དེ་ཡང་སྔ་མ་ཁོ་ན་ཞེས་པ་མགྱོགས་པར་བཀླགས་པའི་དབང་གིས་སྔ་མ་ཞེས་པའི་མ་ཡིག་ཁོ་ཡི་སྔོན་དུ་ཞུགས་པ་དང་། ན་ཡིག་ཟོར་ཡངས་པའི་ཆེད་དུ་དོར་ཏེ་སྔ་མཁོ་ཞེས་གྲུབ་པར་བསམ། དཔེར་ན། བདེ་བར་གཤེགས་པ་ལ་བར་གྱི་བ་དང་གཤེགས་ཀྱི་མིང་མཐའ་པ་བསྡུས་ཏེ་བདེར་གཤེགས་དང་། ཕ་རོལ་དུ་ཕྱིན་པ་ལ་རོལ་གྱི་རྗེས་འཇུག་ལ་དང་ཕྱིན་གྱི་མིང་མཐའ་པ་བསྡུས་ཏེ་ཕར་ཕྱིན་ཞེས་བོད་པ་ལྟར་རིགས་འགྲེ་ཐུབ་བམ་སྙམ། གཞན། སྔ་མ་ཁོ་ན་ཞེས་ཀློག་དུས་སྔམ་ཁོ་འམ་སྔ་མཁོ་ཞེས་པར་འགྱུར་བ་སྐད་ཀྱི་ཆོས་ཉིད་ཡིན་ཞིང་། སྔ་མ་ལྟར་འགྲེལ་ན་སྔམ་ཁོ་ཞེས་སྔོན་གྱི་དོན་དང་ཡེ་མ་འབྲེལ་བ་ཞིག་འབྱུང་སྲིད་ཅིང་། སྔ་མཁོ་ཞེས་བྲིས་ན་སྔ་ཞེས་པའི་སྔ་མ་དང་མཁོ་ཞེས་པའི་སྔ་མའི་དགོས་མཁོ་ཞེས་སོགས་སྔ་མའི་དོན་ལ་བསྙེགས་པར་ནུས་པས་དེ་ལྟར་སྦྱར་བ་ཡིན་ངེས་སོ། དེས་ན་སྔ་མཁོ་ཞེས་པ་སྔ་མ་ཁོ་ན་ཞེས་པ་ནས་འགྱུར་བ་ཡིན་ཞིང་། དེ་ལྟར་བྱས་ན་སྔོན་གྱི་རྣམ་པ་ཇི་མ་ཇི་བཞིན་དུ་ཞེས་པའི་དོན་དུ་འགྱུར་ཞིང་། སྔོན་གྱི་ལུང་རྣམས་དང་སྦྲེལ་ན་ཡང་དེ་འབའ་ཞིག་ཏུ་འགྲེལ་བས་འབྲེལ་ཆགས་པ་ཡིན་ནོ།

དཔྱད་གཞིའི་ཡིག་ཆ།

①ཀ་བ་དཔལ་རྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། 《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་དགུ་བ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༣

②། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིག་པའི་བློ་གྲོས་མཆོག་གི་གསུང་འབུམ》གླེགས་བམ་བཞི་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣  ༡༦༤

③དབུས་པ་བློ་གསལ་སོགས་ཀྱིས་མཛད། 《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་》 པོད་ཉེར་ལྔ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༧

④གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བསྒྲིགས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》མི་རིགགས་དཔེ་སྐྲུན་ཁང་། ༢༠༡༢  ༡༧༥

⑤《དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢  ༤༠༨ ༤༡༧

⑥《ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ༥༦

⑦《དག་ཡིག་མཁས་པའི་འབྱུང་གནས》 མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ༢༧༡

⑧《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》 པོད་ཉེར་ལྔ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤   ༤༩

⑨བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ ༣༥༡

⑩⑾<<མཛངས་བླུན་ཞེས་བྱ་བའི་མདོ>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧  ༨  ༢༣

⑿<<འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ༤༣༢

⒀<<དབའ་བཞེད་བཞུགས་སོ>>བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༡༨༣

⒁⒂<<འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ༤༣༢ ༤༣༣

⒃འགོས་ཆོས་གྲུབ་ཀྱིས་བསྒྱུར། སངས་རྒྱས་ཀྱིས་བསྒྱུར་ཏེ་ཞུས་མཆན་བཏབ། <<མཛངས་བླུན་ཞེས་བྱ་བའི་མདོ>>མི་རིགས་དཔེ་སྐྲུན་ཁང་། ༢༠༡༢  ༢༢