ལན་མང་པོར་གྲོགས་པོ་ཚོས་ཁ་པར་ཡོང་སྟེ་ཁྱོད་ཚོས་ཅི་ཞིག་རྩོད་བཞིན་ཡོད། ཧ་གོ་གི་མེད། གསལ་བཤད་ཅིག་གནང་རོགས་ཟེར། དེར་ངས་ངག་ཐོག་ནས་གསལ་བཤད་བྱེད་འདོད་པ་རྣམས་ལ་ཞུས་ཚར། གཞན་དག་ལ་ཡིག་ཐོག་ནས་ཞུ་བར་བྱ་སྟེ། རྒྱུ་མཚན་ནི་ཁ་གསལ་བོ་ཞིག་མ་ཞུས་ན་བདག་གུར་མགོན་སྐྱབས་ཁྱོད་བུད་མེད་ཚོའི་ཁ་གློང་མཁན་དང་བུད་མེད་རྩོམ་པ་པོ་དག་ལ་བརྙས་བཅོས་བྱེད་མཁན་ཞིག་ཏུ་བལྟ་ཡང་སྲིད། དེ་བས་རགས་ཙམ་མི་ཞུ་ཀ་མེད་ཁ་མེད་དུ་གྱུར།

དེ་ཡང་འདས་པའི་སྤྱི་ལོ2008ལོར་གྲོགས་པོ་དབྱིན་ཡིག་ཤེས་མཁན་ཞིག་གི་ཁ་ནས་ད་ལྟ་རང་རེས་དབང་ཆ་དང་དབང་ཆ་ཞེས་འབོད་པ་འདི་དོན་ལ་ཐོབ་ཐང་གི་དོན་རེད། རྒྱའི权利སོགས་དབྱིན་ཡིག་ལས་འགྱུར་དུས་ནོར་འཁྲུལ་ཅུང་ཟད་བྱུང་འདུག་ཅེས་ཐོས། ལོ་དེའི་དགུན་ཁར་སྐུ་ཞབས་ཞོགས་དུང་ལགས་ངེད་མཚོ་སྔོན་དགེ་འོས་སློབ་ཆེན་ཆབ་ཆ་སློབ་ཁུལ་དུ་འཆད་ཁྲིད་ལ་འབྱོར་ཞིང་། འཆད་ཁྲིད་སྟེང权利ཞེས་པའི་དབྱིན་ཡིག་གི་མ་ཡིག་ལ་བསྟུན་ནས་རང་རེས་དབང་ཆར་འབོད་པ་དེས་ཐོབ་ཐང་ལ་བསྒྱུར་དགོས་ཚུལ་གསལ་བསྒྲགས་གནང་། འོན་ཀྱང་། ཁོང་ཅག་གིས་རྒྱ་ཡིག་གི权利ཟེར་བ་འདི་དག་ཡིག་ལ་བརྟེན་ནས་བཤད་གི་ཡོད་པ་ལས་ཚིག་མཛོད་དམ་ཆེད་ལས་ཚིག་མཛོད་ཀྱི་བརྡ་ཆད་ལ་བརྟེན་ནས་བཤད་གི་མེད་པའི་ཚོར་བ་ཆེན་པོ་ཞིག་ང་ལ་བྱུང་། འོན་ཀྱང་། ངེད་རང་ནས་ཀྱང་ཐེ་ཚོམ་དེ་འདྲའི་ངང་ལ་ཡང་གསར་འགྱུར་ཚུན་ཆད་དུ་ཐོབ་ཐང་ཞེས་བརྡ་དེ་འབྲི་གང་ཐུབ་བྱས་པ་ཡིན།

ཕྲན་རང་གིས་བྲིས་པའི་རྩོམ་རིག་གཞུང་ལུགས་ཀྱི་དེབ་ཏུ། རྩོམ་རིག་དང་མི་རིགས་ཀྱི་ཐོབ་ཐང་། རྩོམ་རིག་དང་རྟེན་གྱི་ཐོབ་ཐང་ཟེར་བ་ཞིག་ཡོད་དེ། རྩོམ་གཞུང་རྙིང་པ་རྣམས་སུ་དེ་ལ་རྩོམ་རིག་གི་མི་རིགས་རང་བཞིན་དང་རྩོམ་རིག་གི་རྟེན་གྱི་རང་བཞིན་སོགས་ཟེར་བ་དེ་རེད། སློབ་ཁྲིད་ཀྱི་སྐབས་ལ་ཚན་པ་འདི་གཉིས་འཆར་ཅན་དུ་ཁོ་བོས་ཅུང་ཟད་རྩལ་དུ་བཏོན་ནས་བཤད་པའི་ཁུལ་དུ་བྱས་པ་ཡིན། ཡིན་ནའང་། བུད་མེད་ཀྱི་ཐོབ་ཐང་དང་རྩོམ་རིག་གི་འབྲེལ་བ་བཤད་དུས་ང་ལ་དོགས་པ་གཞན་ཞིག་བྱུང་། དེ་ནི་ལོ་རྒྱུས་ཁྲོད་མང་དུ་བྱུང་བའི་ཐལ་མཐའ་བ་ཟེར་བ་དེ་རེད། དེ་ཡང་། 女权主义ཟེར་བ་དེ་འཕེལ་རྒྱས་སུ་འགྲོ་བའི་རྒྱུད་རིམ་ཁྲོད་རྟག་པར་འབྱུང་སྲིད་པ་ནི妇女霸权主义ཟེར་བ་དེ་རེད། 女权主义ནི་མཐོང་དུ་ཡོད་པའི་གང་ཟག་དང་སྡེ་དཔུང་། རིང་ལུགས་ལ་སོགས་ཡན་ལག་དུ་མ་ནས་གྲུབ་ཅིང་། 妇女霸权主义ཟེར་བ་ནི་རྟག་པར་དེའི་རང་བཞིན་ནམ་སྐབས་ལ་ལར་མཐོང་སྲིད་པའི་གཤིས་ཀ་ལྟ་བུའི་ཚུལ་གྱིས་ཐོན་པ་ཁོ་བོས་རྟོགས་ཤིང་། དེ་ཡང་ཐེ་ཝན་ནས་བསྒྲིགས་པའི་ལོ་རྒྱུས་དེབ་ནཱ་ཕོ་ལོན་བཙན་རྒྱལ་ཟེར་བ་དང་ཧྥ་རན་སིའི་གསར་བརྗེ་ཆེན་མོ་ཟེར་བའི་དེབ་དེ་གཉིས་ངེད་ནས་ལེགས་པར་བསྒྱུར་གྲུབ་རྗེས། དོགས་པ་དེར་གཟས་པའི་རྟིང་ཆོད་ཀྱི་རྩོམ་རིང་པོ་ཞིག་བྲིས་ཤིང་། མིང་ལ་ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་མོ་དབང་རིང་ལུགས་(法国大革命与妇女霸权主义)ཞེས་བཀོད། རྩོམ་དེའི་དོན་བསྡུས་ན་འདི་ལྟ་སྟེ“བུད་མེད་ཀྱི་ངག་དང་བུད་མེད་ཀྱི་རྩོམ་ཟེར་བ་ནི་རྩོམ་རིག་ལོ་རྒྱུས་ལ་ཆེད་དུ་སྤྱོད་པའི་བརྡ་ཆད་ཅིག་སྟེ། དེ་ལ་སྐྱེས་མའི་ངག་དང་སྐྱེས་མའི་རྩོམ་ཞེས་དང་། སྐྱེས་མ་རང་གི་ངག་དང་སྐྱེས་མ་རང་གི་རྩོམ་ཞེས་ཀྱང་འབོད་དོ།། དེ་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་ལ་འཛམ་གླིང་ནུབ་ནས་དར། དོན་ནི་སྐྱེས་མའི་ཐོབ་ཐང་སྐྱེས་མ་རང་གིས་གླེང་རྒྱུ་ཡིན་ཞེས་པ་དེར་ཐུག་ཡོད་དེ། དེའི་མཐར་ལྟུང་གི་ཆ་གཅིག་ནི་སྐྱེས་པའི་ངག་ལས་བྱུང་བའི་སྐྱེས་མར་བསྔགས་བརྗོད་ཀུན་ཀྱང་སྐྱེས་མར་དམོད་པའི་ཚིག་ཡིན་ཟེར་བ་དེར་མངོན་ཡོད། དེ་བཞིན་ལས་འགུལ་དེ་ནི་མོ་དབང་རིང་ལུགས་ཟེར་བ་བུད་མེད་དག་གིས་མཚོན་ཆ་ཐོགས་ཤིང་གོ་ཆ་བགོས། རྔམ་སྟོན་ཁྲོམ་སྐོར་བྱེད་ཅིང་དབང་ཆ་རྩོད་པའི་རླབས་རྒྱུན་གྱི་རྗེས་འབྲེལ་དུ་བྱུང་བ་ཞིག་གོ། རླབས་རྒྱུན་དེ་ཡང་ཐོག་མ་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་མཇུག་སྟེ་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ལ་བྱུང་། ཧྥ་རན་སིའི་གསར་བརྗེ་ཆེན་མོའི་དུས་མཇུག་ལ་ཟུར་དུ་མིང་ཞིག་བཏགས་ཡོད་པ་ནི་ཧྥ་རན་སིའི་སྡེབ་གསོད་ཆེན་མོ་ཞེས་ཀྱང་འབོད་དེ། དུས་དེར་མི་གྲངས་མེད་པ་ཕྱི་ནང་གི་རྐྱེན་ངན་གྱིས་དམྱལ་བར་བྱས་ཤིང་སྡེ་གཟར་ཡ་ང་བ་བྱུང་བར་མ་ཟད། སྤྱི་ཚོགས་ཟང་ཟིང་ལྟོས་མེད་ཀྱི་དུས་འགྱུར་མང་པོ་གཅིག་རྗེས་གཅིག་ལ་བྱུང་། གྲ་སྡེབ་དཔུང་བསྒྲིགས་ཀྱིས་ཕན་ཚུན་ལ་ཁ་འཐབ་ལག་འཛིང་གསོད་གཏུབ་བྱེད་པའི་རུ་དཔུང་མང་པོ་བྱུང་སྟེ་གསར་བརྗེ་བ་ལྔ་སྟོང་ལྷག་མཚོན་ཆ་གཅིག་གི་འོག་ཏུ་བཀྲོངས་པ་ཡིན་ལ།  ཡིད་སྐྱོ་བ་ནི་དེ་ཀུན་རང་དབང་ཟེར་བའི་ཐ་སྙད་ལ་ཁ་འཕངས་ཏེ་བྱུང་བ་ཡིན་ནོ།། མོ་དབང་རིང་ལུགས་ནི་སྤྱི་ཚོགས་ཀྱི་སྒྲིག་གཞིར་སྟངས་འཛིན་གང་ཡང་མེད་པའི་སྐབས་དེར་འབུས་ཤིང་མིའི་སྤྱོད་ལམ་འཆོལ་བའི་མངོན་རྟགས་མང་པོའི་གྲས་ཀྱི་གཅིག་ཡིན་ལ། རིང་ལུགས་གང་དེ་མར་ཁེ་སིའི་ལྟ་བ་ཡོ་རོབ་ཏུ་འཁྱར་བའི་ཕམ་ཁའི་ཕྱི་ལ་སྙེག་ནས་སྟེས་དབང་ལྟ་བུའི་ངང་ལ་ཨུ་རུ་སུར་བྱུང་། དེ་ནས་རིག་གསར་གྱི་སྐབས་ལ་ཀྲུང་གོ་དང་བོད་དུའང་འཁྱུག་ཙམ་བྱུང་བ་བཅས་སོ།།”འདི་ཡིན་ལ། ཚིག་འདི་ཕྱིས་ངའི་སློབ་མ་ཨི་ཏི་ཧཱ་ས་ལགས་ཀྱིས་དྲས་ཏེ་སྐད་ཚོམས་སུ་བཀོད་ཡོད་པ་དེ་བཞིན་ཡིན་ལ། འདི་ལས་ཀྱང་བསྡུས་པ་ཞིག་སྟེ“བུད་མེད་ཀྱི་ངག་དང་བུད་མེད་ཀྱི་རྩོམ་ཟེར་བ་ནི་དུས་རབས་དུ་མའི་གོང་ལ་ནུབ་ཕྱོགས་ནས་དར་ཞིང་ཀུན་སྤྱོད་འཆལ་བའི་མོ་དབང་རིང་ལུགས་དང་བསྡོངས་ནས་བྱུང་བ་ཞིག་ཡིན་ལ། ལོ་རྒྱུས་སྟེང་ནུབ་པར་གྱུར་པའི་རིང་ལུགས་དང་བསམ་བློའི་རླབས་རྒྱུན་ཡན་པོ་ཞིག་གོ།ཞེས་པ་ད་ལོའི་ཟླ་བདུན་པར་རང་གི་སྐད་འཕྲིན་ལ་བཀོད་ཡོད། དེ་ཡང་འདིའི་གཏིང་རིམ་གྱི་དོན་ཅི་ཡིན་ཞེས་ང་ལ་འདྲི་མཁན་བྱུང་ན་སྙམ་པ་ཙམ་ཡིན། འོན་ཀྱང་། འདྲི་མཁན་མ་བྱུང་ལ་དོགས་པ་གནང་མཁན་ཡང་མ་བྱུང་།

དེ་ནས་ཟླ་གསུམ་འགོར་རྗེས་ཀྱི་ཁ་ཉིན་ཞིག་ལ་གློ་བུར་དུ་ར་རྫ་མ་འཇམ་དབྱངས་སྐྱིད་ཀྱིས་དགག་རྩོམ་ཞིག་དྲ་ཐོག་ཏུ་སྤེལ་འདུག དེའི་ཡར་སྔོན་དུ་ངའི་སྐད་ཆ་དེ་ཅི་ཡིན་དང་དེའི་རྒྱ་ཡིག་གི་མིང་ཚིག་རྣམས་ཅི་ལྟར་ཡིན་སོགས་འདྲི་དགོས་པ་གཅིག་ཀྱང་མ་དྲིས་པར་རང་གཅིག་པུའི་འོལ་ཚོད་ཀྱིས་ངའི་ཡི་གེ་ལ་འདི་དང་གན་ཞེས་དག་བཅོས་གཤའ་བཅོས་ཤིག་ཀྱང་མཛད་གནང་འདུག་ལ།  མོའི་སྤྱོད་ལམ་དེར་ཡང་ང་ཁོང་ཁྲོ་ཕྲན་ཙམ་ལངས་མ་བྱུང་། མོའི་རྩོམ་དེ་ཡང་ཞིབ་ཏུ་བཀླགས་པ་ཡིན།

ར་རྫ་མའི་རྩོམ་དེར་ངས་གཤམ་མཆན་ཞིག་དང་བཅས་བཙན་པོ་དྲ་བར་ཡང་སྤེལ་དུ་བཅུག་ཡོད། དེ་ནས་ར་རྫ་མས་བུད་མེད་ཚོར་སྐུལ་སློང་གིས་ང་ལ་དགག་པའི་ལས་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་པ་ཐོས་ལ། སྐད་འཕྲིན་ལས་ཕར་བཤད་ཚུར་བཤད་ཀྱི་སྐད་དང་ཡི་གེ་འགའ་རེ་ཡང་ངའི་སྒེར་འཕྲིན་ལ་རིམ་པར་ཐོན་སོང་། ང་མཚར་སྣང་སྐྱེ་བ་གཞན་ཞིག་ནི་མོས་བུད་མེད་རྩོམ་པ་པོ་གཅིག་ལ་བཤད་པའི་སྐད་ཆ་རེད། ནང་དོན་ནི་ད་ཐེངས་རྩོམ་ཡག་མིན་ལ་བལྟ་མི་དགོས་པར་མ་ཟད། ནོར་བཅོས་དག་བཅོས་བྱེད་མཁན་ཡང་ཟུར་དུ་ཡོད་ལུགས་ཤིག་བཤད་སོང་ཟེར་བ་དེ་རེད། ཡིན་རྒྱུ་ནི་ང་ལས་བྲེལ་གྱི་དབང་གིས་ཁ་ཉིན་དགོང་མོར་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་དང་འབྲལ་རྒྱུ་ཡིན་ཚུལ་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་ཐུག་ཡོད་པ་འདྲ་སྟེ། དེ་ནི་ངའི་ཚོད་དཔག་ཡིན། གསལ་བསྒྲགས་དེར་ངསང་ལ་དགག་པ་དང་སྨད་པའི་རྩོམ་སྒེར་ལ་མ་སྐུར”ཞེས་པ་ཞིག་བྲིས་ཡོད་པས་ཡིན་འདྲ། དེས་མོར་ངར་བསླངས་པ་འདྲ།

ངས་གསལ་བསྒྲགས་སྤེལ་བའི་ཞོགས་པ་སྔ་མོར་ར་རྫ་མས་སྔར་ནས་གྲ་སྒྲིག་བགྱིས་པའི་བུད་མེད་བཅོ་ལྔ་ཙམ་གྱི་རྩོམ་ཐུང་རེ“རྒན་གུར་མགོན་སྐྱབས་ལགས། ང་ཚོར་ཁྱེད་ལ་ཞུ་རྒྱུ་ཡོད།ཅེས་པའི་ཁ་བྱང་གཅིག་གི་ཐུ་འོག་ལ་བཅུག་སྟེ་དྲ་སྟེང་དུ་བཀོད་འདུག ཕངས་པ་ཞིག་ལ་ང་སློབ་ཆེན་རྩོམ་གཞུང་དགེ་རྒན་ཞིག་གིས་རྟག་པར་དོ་སྣང་བྱེད་པའི་རྩོམ་པ་པོ་ཧོར་མོ་ལགས་ཀྱང་འདིའི་ནང་དུ་ཚུད་འདུག་པ་དེ་རེད། དེ་ནི་ངའི་བློ་ཡུལ་ལས་འདས་ཙམ། དེ་བཞིན་ཁོ་མོ་ཚོས་ངའི་སྐད་ཆ་དེའི་ནང་གི་ཚིག་གཅིག་ཀྱང་མ་གོ་བར“ངེད་རྣམས་ལ་བུད་མེད་ཀྱི་ཐོབ་ཐང་དགོསརབས་ཤིག་བཤད་གི་འདུག དེ་ལས་ངས་ཟ་ཁང་དུ་ཟ་མ་ཞོར་བཤད་པའི་སྐད་ཆ་རང་ག་བ་ཞིག་སྟེ ངས“བུད་མེད་ཀྱི་ངག”དང་“བུད་མེད་ཀྱི་རྩོམ”ཟེར་བའི་མིང་སྙན་མོ་དེ་གཉིས་ཀྱི་འབྱུང་ཁུངས་ནི་ཡ་ང་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ལ་ཐུག་ཡོད་པས།  བེད་སྤྱོད་བྱེད་དུས་དོ་སྣང་བྱ་དགོས་ཚུལ་གྱི་བརྡ་ཞིག་བཏང་བ་ལ།  ར་རྫ་མས་དམག་ཁྲིད་དེ་བུད་མེད་ཀྱི་ཐོབ་ཐང་དགོས་ཞེས་ངའི་སྒོ་རྩར་ཐོན་སོང་།  ངའི་ལག་ན་ཁྱོད་ཚོའི་ཐོབ་ཐང་ཟེར་བ་དེ་མེད་པཱ།  ཡོད་ན།  གཅིག་ཀྱང་མ་ལུས་པ་ཚང་མ་བཟུང་ནས་ཁྱེར་ཆོག   ང་ལ་སེར་སྣ་གཅིག་ཀྱང་མེད།  དེ་ནས།  ཐོབ་ཐང་ཡོངས་རྫོགས་ཁྱེར་དེ་ཕྱིར་འགྲོ་དུས།  ལམ་བར་ནས་འཕྲོག་འཛིང་མེད་པ་དང་ཐོབ་ཐང་ཁ་ཁེར་མི་འབོར་རྒྱུ་ནི་ངའི་རེ་བ་ཡིན།  ཐོབ་ཐང་དེ་ད་རེབ་དམག་འདྲེན་མཁན་གྱི་འགོ་པས་རྐུ་ལེན་ལྐོག་ལེན་སོགས་མེད་པར་ཆ་སྙོམས་ཀྱིས་བགོ་རྒྱུའི་རེ་བ་དང་།  རྗེས་སུ་ཆེ་ཆུང་དང་མང་ཉུང་ཤོར་སོང་ཞེས་ངུ་བཤུམ་བྱས་ཏེ་ཡོང་ན་ང་ལ་བཀོད་པ་ཅི་ཡང་མེད།  ད་ཚང་མ་ཁྱེད་ཚོར་བྱིན་ཚར་བས་ཁ་སྣོན་བྱ་རྒྱུ་དང་གསབ་མ་ཅི་ཡང་ལྷག་མེད།  གསལ་བོར་བཤད་བཏང་ནི་ཡིན། ཞེས་ཀུ་རེ་ཞིག་བྱས་པ་ཡི་གེར་ཡང་བཏང་འདུག

བུད་མེད་བཅོ་ལྔས་བྲིས་པའི་རྩོམ་ལ་ཡང་ངས་ཞིབ་ཏུ་བལྟས་པ་ཡིན། ཡ་མཚན་པ་ཞིག་ལ་རེ་གཉིས་ཤིག་མ་གཏོགས་སྐད་ཀྱི་འགྲོས་ལུགས་ཀྱང་གཅིག་པ་འདྲ་བ། ཡི་གེའི་རྣམ་འགྱུར་ཡང་གཅིག་པ་འདྲ་བ། ཚིག་སྦྱོར་ཡང་མཉམ་པ་ལྟ་བུའི་སྣང་བ་ཞིག་བྱུང་། ཚིག་གི་ངོ་གདོང་ན་རྒྱ་དང་སྨ་ར། ཁ་སྤུ་མང་བའི་སྣང་བ་བྱུང་།  དེ་ནི་དངོས་གནས་ཡ་མཚན་པ་ཞིག་རེད། ངའི་གྲོགས་པོ་མང་པོར་དེ་འདྲའི་ཚོར་སྣང་བྱུང་འདུག

གང་ལྟར་ངའི་སྡོམ་ནི“བུད་མེད་བཅོ་ལྔ་ཙམ་གྱིས་རང་འགུལ་སྒོས་ང་ལ་རྒྱུགས་ཤིག་སྤྲད་འདུག རེ་རེ་བཞིན་རང་ཉིད་སྡེར་ཐོག་ལ་བཞག་ནས་ཡོང་འདུག དེའི་ནང་མི་གཅིག་གིས་ཀྱང་བུད་མེད་ཀྱི་ངག་དང་བུད་མེད་ཀྱི་རྩོམ་ཟེར་བའི་ཐ་སྙད་དེ་གོ་ཡང་མྱོང་མེད་པ་དེ་རེད། ངེས་པར་སྐྱོ་བའི་གནས་སོ།།ཞེས་གཞན་གྱིས་ངའི་པར་དང་བཅས་དྲ་ཐོག་ལ་བཀོད་འདུག་པ་དེ་རེད།

མཇུག་ཏུ། རྩོམ་རིག་ལོ་རྒྱུས་སྟེང་སྐད་གྲགས་ཅན་གྱི་སྐད་ཆ་ཞིག་སྟེ།འཆི་འམ་གསོན་ནམ། དངོས་གནས་ངས་ཅི་བྱེད་དགོས་པ་མི་རྟོགས། ”ཞེས་པ་དེ། ཁོ་བོས་བསྐྱར་བཅོས་ཀྱིས། “བདག་གི་སྐྱེས་མ་རྩོམ་པ་པོ་དག གལ་ཏེ་ཁྱེད་ཚོས་འདི་ཙམ་ཡང་གསལ་བར་མ་གཟིགས་ན། ངས་དངོས་གནས་ངས་ཅི་བྱེད་དགོས་པ་མི་རྟོགས། ཞེས་པ་འདི་ཁྱེད་བུད་མེད་བཅོ་ལྔ་པོ་དག་ལ་སྤྱི་སྡེར་དུ་ཕུལ་བ་ཡིན། ཟ་དང་ཟུར་ནས་ལག་བསྲིངས་ཏེ་ཟ་མཁན་འཐུང་མཁན་ཡོད་ནའང་དེ་བཞིན་ཡིན།

                                                 
མཐར། པ་ཀྲ་ཧེས།


2018ལོའི་ཟླ10པའི་ཚེས11ཉིན་ཁྲིན་ཏུ་ནས་ཡུལ་ལྷའི་ཕ་གཞིས་ཙི་ཐུང་ལ་འགྲོ་བའི་ལམ་དུ།