དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཁས་དབང་དགེ་འདུན་ཆོས་འཕེལ་རྣམ་པ་གཉིས་ནི་གངས་རིའི་ལྗོངས་ཀྱི་རིག་གནས་དང་བསམ་བློ། ཆོས་ལུགས་སོགས་ཀྱི་ལོ་རྒྱུས་སྟེང་གདན་ཐོབ་ངེས་ཅན་ཡོད་པའི་མི་བོ་ཆེ་གཉིས་རེད། ཁོང་གཉིས་ཀ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཆེན་པོ་ཡིན་པས་མི་ཚད། སྲིད་ཕྱོགས་ནས་ཀྱང་རང་རང་ལ་དགོངས་བཞེད་ཟབ་མོ་ཡོད་པའི་གནད་ཅན་གྱི་མི་སྣ་གཉིས་ཡིན་པའོ། །

དགེ་བཤེས་ཤེས་རབ་རྒྱ་མཚོས་གོ་མིན་སྲིད་གཞུང་དང་ཀྲུང་གོ་གསར་པའི་སྐབས་སུ་སྲིད་ཀྱི་ཕྱག་ལས་མང་པོ་གནང་མྱོང་བ་དང་། སྔ་ཕྱིར“བསྟན་པའི་རོགས་མགོན་སྒྲོལ་སྟོན་ཁྲན་སི”དང“རྒྱལ་གཅེས་རྒན་པོ”སོགས་ཀྱི་མཚན་སྙན་བཞེས། དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ཀ་བློན་སྦུག་ཏུ་བཙུགས་པའི“ནུབ་བོད་ལེགས་བཅོས་སྐྱིད་སྡུག”གི་ཕྱག་ལས་གནང་རོགས་བྱས་ཤིང་། གཞན་བོད་གཞུང་གི་མཛད་ཕྱོགས་སྐོར་ལའང་ལམ་ལུགས་བཅོས་སྒྱུར་དང་སྤྱི་ཚོགས་ལེགས་བཅོས་བྱེད་དགོས་པའི་དགོངས་འཆར་མང་པོ་བཏོན་ཡོད་པ་རེད།

ཁོང་གཉིས་ལ་མཚོན་ན་བླ་སློབ་ཀྱི་འབྲེལ་བ་ཡོད་པར་མ་ཟད། རྩོད་ཟླའི་འབྲེལ་བའང་ཡོད་པ་སྟེ། དགེ་འདུན་ཆོས་འཕེལ་གྱི<<ཀླུ་སྒྲུབ་དགོངས་རྒྱན>>ལ་དགེ་བཤེས་ཤེས་རབ་རྒྱ་མཚོས<<ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེངྒེའི་ང་རོ>>ཞེས་པའི་དགག་ལན་རྒྱས་པ་ཞིག་མཛད་པ་དང་། གཞན་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཡིན་མིན་ཐད་ནས་ཀྱང་ཁོང་གཉིས་རྩོད་པ་ཚ་ངར་བྱས་པར་གྲགས།

དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞལ་ནས། དགེ་ལ་མི་འདུན་སྡུག་ལ་འདུན། །ཆོས་སྤྱོད་མི་འཕེལ་ཆོས་མིན་འཕེལ། །ཤེས་རབ་རྒྱ་མཚོའི་བརྩེ་འཛུམ་གྱིས། །ཉི་མས་པདྨོ་བཞིན་དུ་སྐྱོང་། །དགེ་སྡིག་མེད་ཅེས་མི་སྨྲ་བར། །འདུན་མོས་དམ་པའི་དོན་ལ་སྐྱེད། །ཆོས་ཚུལ་ལོག་པར་སྨྲ་བའི་གཏམ། །འཕེལ་ན་ཕྱི་མར་རྣམ་སྨིན་ལྕི། །ཤེས་པས་གཞལ་བྱའི་ཕ་མཐར་འགྲིམ། །རབ་འབྱམས་གཞུང་མང་ཐང་མར་བརྡལ། །རྒྱ་ཆེན་ལུང་རིགས་ཐོག་སེར་འབེབས། །མཚོ་སྐྱེས་འདབ་སྟོང་ལྡན་པའི་དཔེ། །ཞེས་གསུང་སྐབས། དགེ་འདུན་ཆོས་འཕེལ་འཇིག་རྟེན་མི་ཡུལ་དང་བྲལ་ནས་ལོ་ཡི་འཁོར་མོ་བདུན་འགོར་འདུག་ལ། གལ་ཏེ་དགེ་ཆོས་ཁོང་སྐབས་དེར་སྐུ་འཚོ་བཞུགས་གནང་ཡོད་པ་ཡིན་ན་ཕྱིར་རང་གི་དགེ་རྒན་ལ་ཚིགས་སུ་བཅད་པའི་གླུ་མང་པོ་ལེན་པར་གདོན་མི་ཟའོ། །

དགེ་བཤེས་ཤེས་རབ་རྒྱ་མཚོས<<རྩོད་ཡིག་རིགས་པའི་གད་རྒྱངས་ལ་རྣམ་པར་དཔྱད་པ་བསྐལ་བའི་མེ་དཔུང>>ལྗགས་རྩོམ་གནང་དུས་དགེ་འདུན་ཆོས་འཕེལ་ནི་རྩོམ་སྐུལ་གནང་མཁན་གཙོ་བོ་ཡིན་པ་དང་། བློ་ཡུལ་ལས་འདས་པ་ཞིག་ལ་ལོ་ངོ་ཉེར་ལྔ་འགོར་བའི་རྗེས་ནས་དགེ་བཤེས་ཁོང་གིས་སླར་ཡང་རྩོད་པའི་མེ་འབར་རལ་གྲི་དེ་རང་གི་སློབ་བུ་དགེ་འདུན་ཆོས་འཕེལ་གྱི་སྟེང་ལ་ཕྱར་དགོས་བྱུང་འདུག དགེ་འདུན་ཆོས་འཕེལ་ལ་མཚོན་ན་རང་གི་དགེ་རྒན་གྱི་བློ་གྲོས་ཆེན་པོ་དང་ཤེས་རབ་ཀྱི་རྩལ་ལ་ནམ་ཡང་མཐོང་ཆེན་ཡི་རངས་བྱེད་ཀྱི་ཡོད་ལ། དགེ་བཤེས་ཤེས་རབ་རྒྱ་མཚོ་ལ་མཚོན་ནའང་རང་གི་སློབ་བུའི་ཤེས་རབ་ཆེན་པོ་དང་རྣམ་དཔྱོད་ཀྱི་རྩལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་མང་པོ་གཏོར་གྱི་ཡོད་པ་རེད།

སྤྱི་ལོ1934ལོའི་དབྱར་ཁར་དགེ་འདུན་ཆོས་འཕེལ་དང་རྒྱ་གར་གྱི་པཎྜི་ཏ་རཱ་ཧུ་ལ་གཉིས་ལྷ་སའི་དགེ་བཤེས་ཤེས་རབ་རྒྱ་མཚོའི་བཞུགས་གནས་སུ་ཐོག་མར་ངོ་ཤེས་ཤིང་དེ་ནས་འདྲིས་པོ་ཆགས་པ་དང་། པཎྜི་ཏ་རཱ་ཧུ་ལ་ལ་བརྟེན་ཅིང་འབྲེལ་ནས་དགེ་ཆོས་ཁོང་གི་རིག་གནས་རྟོག་ཞིབ་ཀྱི་འགྲུལ་བཞུད་རིང་མོའི་དབུ་ཡང་ཚུགས་པར་གྱུར། ངའི་བསམ་པར་དགེ་འདུན་ཆོས་འཕེལ་ཁོང་པཎྜི་ཏ་རཱ་ཧུ་ལར་ངོ་སྦྱོར་གནང་མཁན་ཡང་དགེ་བཤེས་ཤེས་རབ་རྒྱ་མཚོ་ཡིན་ཤག་ཤག་རེད་སྙམ་གྱི་ཡོད།

དགེ་འདུན་ཆོས་འཕེལ་ཁོང་རྒྱ་གར་དུ་ཕེབས་རྗེས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཁོང་གཉིས་ཕན་ཚུན་བར་ལ་ཡིག་འབྲེལ་བྱུང་ཡོད་པ་དང་། སྤྱི་ལོ1937ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་སྐུ་འཁོར་དང་བཅས་པ་ལྷ་ས་ནས་རྒྱ་གར་བརྒྱུད་དེ་རྒྱ་ནག་ཏུ་ཕེབས་སྐབས། ཀ་ལི་ཀ་ཏ་ནས་དགེ་འདུན་ཆོས་འཕེལ་དང་ཁོང་གཉིས་མཇལ་འཛོམས་བྱུང་འདུག་ལ། ཐེངས་འདིའི་མཇལ་འཕྲད་ནི་ཁོང་རྣམ་པ་གཉིས་ཀྱི་སྐུ་ཚེ་འདིའི་མཇལ་འཕྲད་མཐའ་མ་རུ་ཆགས་འདུག གཞུག་ནས་དགེ་བཤེས་ཁོང་པེ་ཅིང་དུ་བཞུགས་སྐབས་ཀྱང་མི་གཞན་ལ་དགེ་ཆོས་ཀྱི་གནས་ཚུལ་ཡང་ཡང་བཀའ་འདྲི་གནང་གི་ཡོད་པ་དང་། གཞན་ཡང་དགེ་འདུན་ཆོས་འཕེལ་གྱིས་པཎྜི་ཏ་རཱ་ཧུ་ལར་སྤྲིངས་པའི་འཕྲིན་ཡིག་ཅིག་ཏུ། ད་ལོ་དགེ་བཤེས་ཤེས་རབ་རྒྱ་གར་ལ་ཕེབས་ནས་ཕ་ཡུལ་ལ་ཕེབས་རྒྱུ་རེད་ཅེས་ཐོས་ཞེས་གསུངས་ཡོད་པ་སོགས་ལ་བརྟགས་ན། དགེ་ཆོས་ཁོང་གིས་དགེ་བཤེས་ཤེས་རབ་རྒྱ་མཚོ་རྒྱ་གར་དུ་ཕེབས་པར་རེ་སྒུག་ཆེན་པོ་གནང་བཞིན་པའང་གསལ་པོར་རྟོགས་ཐུབ་པ་ཡིན་ནོ། །

དགེ་འདུན་ཆོས་འཕེལ་སྐུ་གཤེགས་རྗེས། དགེ་བཤེས་ཤེས་རབ་རྒྱ་མཚོས་མི་སྟོང་ཕྲག་ཤི་བ་ལས་དགེ་འདུན་ཆོས་འཕེལ་གཤེགས་པ་ཕངས་ཞེས་སྐྱོ་གདུང་ཚད་མེད་གནང་བ་དང་། གཅིག་བྱས་ན་དགེ་བཤེས་ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་དགོང་རྫོགས་ལ་མྱ་ངན་མཚོན་བྱེད་ཀྱི་སྙན་ངག་ཅིག་མཛད་ཡོད་ལས་ཀྱང་ཆེ་མོད། ཡིན་ནའང་ཁོང་གི་གསུང་རྩོམ་མང་ཆེ་བ“རིག་གསར”གྱི་སྐབས་སུ་མེད་བརླག་ཏུ་སོང་བས་རང་རེའི་བསམ་པའི་བགོ་སྐལ་དུ་སྨིན་རྒྱུ་མ་བྱུང་ངོ་། །

དགེ་བཤེས་ཤེས་རབ་རྒྱ་མཚོ་སྤྱི་ལོ1937ལོར་ལྷ་ས་ནས་རྒྱ་ནག་ནན་ཅིན་དུ་ཆིབས་བསྒྱུར་གནང་བ་ནས་དགོངས་པ་རྫོགས་པའི་བར་དུ་ཕྱིར་ལྷ་སར་ལོག་མ་ཐུབ་པ་དང་། དགེ་འདུན་ཆོས་འཕེལ་སྤྱི་ལོ1934ལོར་ལྷ་ས་ནས་རྒྱ་གར་དུ་ཕེབས་ནས་མི་ལོ་བཅུ་གཉིས་ཀྱི་རྗེས་ཏེ་སྤྱི་ལོ1945ལོར་ཕྱིར་ལྷ་སར་འབྱོར།

དགེ་བཤེས་ཤེས་རབ་རྒྱ་མཚོ་སྔ་གཞུག་ཏུ་ནན་ཅིན་དང་ཁྲུང་ཆིན། པེ་ཅིང་སོགས་སུ་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་ཕྱག་ལས་ཐོག་ཤ་ཐང་ཐང་དུ་འབད་པ་གནང་། སྤྱི་ལོ1964ལོའི་ལོ་སྨད་ནས་བཟུང་ཁོང་ལ་དགག་རྒྱག་འཐབ་རྩོད་རབ་དང་རིམ་པ་བྱས་ཤིང་། ཐ་ན“ཤེས་རབ་རྒྱ་མཚོ་ཏང་རྒོལ་རྒྱལ་འགལ་ཚོགས་པའི་ཉེས་སྤྱོད་བཀྲམས་སྟོན”ཞེས་པ་ཡང་བཤམས་ནས་སྐྱོན་འཛུགས་བྱས། མཐར་སྤྱི་ལོ1968ལོ་སྟེ་དགུང་ལོ་གྱ་ལྔའི་སྟེང་དགོངས་པ་རྫོགས། སྐུ་འདས་ཁར་ད་རུང་ཡང“ཏང་ལ་ངོ་རྒོལ་དང་། མའོ་ཀྲུའུ་ཞི་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ”བཅས་ཀྱི་ཞྭ་མོ་ལྗིད་ཏིག་གེ་བ་ཞིག་དབུ་ལ་མནབས་ཡོད།

དགེ་འདུན་ཆོས་འཕེལ་ཕྱིར་ལྷ་སར་ཕེབས་ཏེ<<དེབ་ཐེར་དཀར་པོ>>རྩོམ་པའི་སྒང་དུ“ནུབ་བོད་ལེགས་བཅོས་སྐྱིད་སྡུག”དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་སྡེ་པ་གཞུང་གིས་འཇུ་བཟུང་བྱས་ཤིང་། མི་ལོ་གསུམ་ལྷག་གི་རིང་ལ་བཙོན་དུ་བཞུགས། བཙོན་གྲོལ་ཐོབ་ནས་ལོ་ངོ་གཅིག་ལྷག་འགོར་བའི་རྗེས་ཏེ་སྤྱི་ལོ1951ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་སྐུ་གཤེགས། དགོངས་པ་རྫོགས་ཁར་ཁོང་གི་སྐུ་ལུས་སྟེང་ན་བཟའ་ཐེད་པོ་ཞིག་དང་ཀམ་པ་ལི་རྙིང་ཧྲུལ་ཞིག་ལས་ཅི་ཡང་མེད་པའོ། །

དགེ་བཤེས་ཤེས་རབ་རྒྱ་མཚོ་ཡིན་ནའང་འདྲ། དགེ་འདུན་ཆོས་འཕེལ་ཡིན་ནའང་འདྲ། ཁོང་རྣམ་པ་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་ཁྲོད་ཆེས་མཐའ་མཇུག་གི་མི་ལོ་བཞི་ལྔ་དེ་ནི་ཧ་ཅང་གི་སྐྱོ་པོ་རང་ཆགས་འདུག དཀའ་སྡུག་གིས་མནར་བའི་མི་ལོ་དེ་དག་གི་རིང་ལ་ཁོང་གཉིས་ཀ“སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྐྱོ་ཉམས་དང་བཅས”བཞུགས་པ་རེད་ཨང་།

ཁ་སང་དེ་རིང་། “རྒྱལ་གཅེས་བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ”ཞེས་དང་། “རྒྱལ་གཅེས་མཁས་དབང་དགེ་བཤེས་ཤེས་རབ་རྒྱ་མཚོ”ཞེས་ལ་བསྒྲགས་ལུང་བསྒྲགས་བྱེད་ཀྱིན་འདུག དེའི་མི་ཚད། ལྷ་སའི་བར་སྐོར་དུ“དགེ་འདུན་ཆོས་འཕེལ་དྲན་གསོ་ཁང”ཞེས་པ་བཙུགས་འདུག་ལ། ཟི་ལིང་དུའང“རྒྱལ་གཅེས་མཁས་དབང་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྒྱལ་གཅེས་ཆོས་གཅེས་སྐོར་གྱི་མཛད་རྗེས་འགྲེམ་སྟོན”ཞེས་པ་བཤམས་འདུག ཁོ་བོས་ནི“སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ”ལྟ་བུའི་ཁོང་གཉིས་ཀའི་ཚེ་མཇུག་གི་ལས་དབང་སྐྱུར་མོ་དག་ཡིད་ལ་དྲན་ཞོར་ལོ་རྒྱུས་རྒན་པོའི་ཀུ་རེ་རྩེ་སྲོལ་དེའང་ཐལ་དྲགས་འདུག་ཨང་སྙམ་པ་བྱུང་།

 

སྤྱི་ལོ2018ལོའི་ཟླ10པའི་ཚེས11ལ།

广告位招租