སློབ་ཆུང་སློབ་མའི་ཡི་གེ་དང་མིང་ཚིག་གི་རྣམ་བཤད་ཅེས་པའི་དཔེ་དེབ་འདིར་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་དུ་དེབ་ཕྲེང་བཅུ་གཉིས་ཡོད། བེད་སྤྱོད་བྱེད་དུ་འཇུག་མཁན་དག་གིས་འཁྲུལ་སེལ་ལེགས་པོ་ཞིག་མ་བྱས་པར་སློབ་མ་ཚོའི་ལག་ཏུ་བཞག་ནས་བཀོལ་ཆོག་ཆོག་ཅིག་མ་རེད།

གུང་གསེང་དང་གཟའ་མཇུག དབྱར་དགུན་གནངས་ཀྱི་སྐབས་གང་ཞིག་ཡིན་ཡང་། ལོ་རིམ་གསུམ་པ་ཡིན་པའི་བུ་ཆུང་ལ་ལས་བྱ་བྲིས་ནས་རྫོགས་རྒྱུ་མེད་པ་རེ་ཡོད་པས་བཟའ་མི་བཀང་བོའི་གུང་གསེང་བུ་ཆུང་གི་ལས་བྱའི་ཁྲོད་ནས་འདས་འགྲོ། དེའི་ཚོད་ཀྱིས་སློབ་སྦྱོང་ཡར་རྒྱས་སུ་འགྲོ་བཞིན་པ་ཅང་མ་ཚོར། ད་ཐེངས་ཀྱི་བོད་ཡིག་ལས་བྱ་ནི་བློར་འཛིན་སྐོར་ཞིག་རེད་འདུག་པས་ཡང་འབྲི་བསྐྱར་འབྲི་ལས་བཟང་བར་བསམ་ནས་སེམས་ཀྱང་བྲོད་པོ་བྱུང་མོད། འོན་ཀྱང་། བུ་ཆུང་གིས་ཡི་གེ་དེ་དག་སྐྱོར་ཡོང་དུས། ཚིག་གྱོང་བོ། རྣར་མི་སྙན་ཞིང་ཡིད་ལ་མི་འབབ་པའི་མིང་ཚིག་མཆན་འགྲེལ་དང་། ཚིག་གྲུབ་སྐོར་ཞིག་ཡང་ཡང་ཐོས་པས་རང་ཉིད་ཀྱི་རྣ་ལའང་ཡིད་མི་ཆེས་པ་ལྟར་གྱུར། དཔེ་ཆ་དེའི་མགོའི་སློབ་ཚན་དང་པོ་ནས་རིམ་གྱིས་བཀླགས་པ་ན། ཡིག་ནོར་དང་དོན་ནོར་མང་པོས་ཁེངས་པའི་དཔེ་ཆ་དེར་སློབ་སྦྱོང་བྱེད་མཁན་གྱི་བུ་ཆུང་དང་ཁོའི་ན་མཉམ་གྱི་སློབ་གྲོགས་དག་ལ་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ་འཛིན་གྲྭའི་སྐད་འཕྲིན་ཚོགས་པའི་ནང་གསལ་བཤད་ཅིག་བྱས་པ་ཡིན་མོད། དགེ་རྒན་གྱིས་བཀའ་དྲིན་ཆེ་ཞེས་པའི་མཚོན་རྟགས་ཙམ་བསྐུར་སོང་བ་ལས། ཁྱིམ་བདག་གཅིག་གིས་ཀྱང་ཁ་ཡ་བྱས་མ་སོང་། བྱིས་པ་མང་པོ་ཞིག་གིས་སྐད་འཕྲིན་ནང་ནོར་བ་དེ་བཞིན་སྐྱོར་གྱིན་འདུག དགེ་རྒན་དག་གིས་ཀྱང་དོ་སྣང་བྱས་མི་འདུག་ཨང་སྙམ་ནས་འཁང་ར་ཤོར། དཔེ་དེབ་དེའི་དཔར་གྲངས་བྲིས་མི་འདུག་ཀྱང་ ༢༠༡༧ ལོའི་ཟླ་བརྒྱད་པ་ནས་ ༢༠༡༨ ལོའི་ཟླ་བདུན་པའི་བར་ཐེངས་གསུམ་ལ་པར་སྐྲུན་བྱས་འདུག་པས། གནད་དོན་འདི་བུ་ཆུང་གི་འཛིན་གྲྭ་ཁོ་ནར་བྱུང་ཡོད་པ་ཞིག་མིན་གཏན་ནས་མིན་པ་ཤེས་ནས་བོད་ཁམས་སྤྱིའི་སློབ་ཆུང་སློབ་མ་དག་གི་ཆེད་དུའམ་དཔེ་ཆ་འདི་བེད་སྤྱོད་གཏོང་མཁན་དག་ལ་གསལ་བཤད་ཅིག་བྱེད་ཐུབ་ན་བསམ་སོང་།

སྤྱིར་བཏང་གི་ཐོན་རྫས་དག་ལ་མཚོན་ན་མཛད་སྤྱོད་པ་མང་པོ་མེད་ཚེ་དེས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཅི་ཡང་བཟོ་མི་ཐུབ་མོད། སློབ་མའི་མཁོ་ཆས་སོགས་སློབ་གསོའི་ཁོར་ཡུག་ནས་ཁེ་བཟང་ལེན་འདོད་མཁན་དག་ནི་དེ་ལས་ལྡོག་སྟེ། སློབ་མ་ཡོངས་ཀྱིས་ཅིས་ཀྱང་ཉོ་དགོས་པའི་དཔེ་ཆའི་རིགས་མང་པོ་ཞིག་རང་ཉིད་ལ་ཉམས་མྱོང་དང་ཆུ་ཚད་ཡོད་མེད་ལ་ལྟོས་མེད་ཀྱིས་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་དང་བྱེད་མུས་ཀྱི་སྦྱངས་གཞི་ལྷན་ཐབས་དང་། སློབ་སྦྱོང་ཡར་རྒྱས་ལྷན་ཐབས། དབྱར་དགུན་གནངས་ཀྱི་ལས་བྱ། བསླབ་ཕྱིའི་རྒྱུན་ཤེས། མིང་དང་ཚིག་གི་རྣམ་བཤད། སློབ་ཆུང་རྨང་གཞིའི་མྱུར་ལམ། འབྲིང་རྒྱུགས་མན་ངག འབྲིང་རྒྱུགས་མྱུར་ལམ། མཐོ་རྒྱུགས་མྱུར་ལམ་ཟེར་བ་སོགས་ཕྱི་རྫིག་ནང་སྟོང་གི་དཔེ་ཆ་ཧ་ཅང་མང་ན་ཡང་། དེ་དག་ལས་མང་པོ་ཞིག་ནི་ཞིབ་འཇུག་ཁང་དང་། རྩོམ་སྒྲིག་ཚོགས་ཆུང་སོགས་གང་ལ་ཡང་མི་གཏོགས་པའི་དགེ་རྒན་རེ་འགའ་དང་ཚོང་བ་རེ་ཟུང་གི་ཐལ་མཐར་ལྷུང་བའི་སྒོར་མོ་འཚོལ་སྟངས་ཤིག་སྟེ། ཤོག་བུའི་རྒྱུ་སྤུས་ཞན་པ། ཡི་གེའི་ཆེ་ཆུང་ལ་ཚད་གཞི་མེད་པ། ཇུས་འགོད་གང་དྲན་དུ་བྱས་པ། ཚོན་མདོག་སོགས་ལོ་ནའི་བབ་ལ་མི་མཐུན་པ། རིན་གོང་ཚད་ལས་བརྒལ་བ། ཡིག་ནོར་དང་དོན་ནོར་གྱིས་གང་སར་ཁྱབ་པ་སོགས་གནད་དོན་ཤིན་ཏུ་མང་བའི་ཁར། མུ་གེའི་སྒང་ལ་ཟླ་ལྷག་བཞིན་ལག་བསྟར་བྱེད་མཁན་གྱི་དགེ་རྒན་དག་གིས་ཀྱང་དེར་དཔྱད་ཞིབ་བྱེད་རྒྱུ་བཞག མགོ་ཁྲིད་དག་གིས་ནི་ཁེ་ལས་ཙག་ཙིག་ཁྲོད་ན་ཁ་ངོ་དང་རྒྱུ་ངོ་དབང་བཙན་པར་གྱུར་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཅི་འདྲིའི་མང་པོ་ཞིག་ལ་དོན་ལོག་དང་བརྡ་ལོག་སྤྲད་ནས་གོལ་ལམ་དུ་འདེད་བཞིན་པ་ནི་མིག་མཐོང་ལག་ཟིན་ཡིན་ཡང་། མང་པོ་ཞིག་དང་སྒོས་བོད་ཡིག་དགེ་རྒན་ཚོས་ཁ་སང་དེ་རིང་གི་སློབ་མ་ཚོ་བོད་ཡིག་ལ་མི་དགའ་ཚུལ། བོད་ཡིག་གི་རྨང་གཞི་ཞན་ཟེར་བ་སོགས་ཀྱི་ཡོངས་ཁྱབ་རང་བཞིན་གྱི་སྐད་ཆ་འདི་ཡང་སློབ་མ་ཚོ་ཁོ་ན་ལན་པ་ཞིག་ག་ལ་ཡིན་ཨང་།

དགེ་རྒན་རེ་ཟུང་དང་ཁེ་ལས་པ་རེ་འགས་ལྷན་ཐབས་ཟེར་བ་སོགས་མང་པོ་ཞིག་དཔར་འགྲེམས་བྱེད་ཐུབ་པ་བདེན་ན། སློབ་གྲྭ་དག་གིས་སློབ་མ་ཚོའི་བོད་ཡིག་གི་རྨང་གཞི་ཇེ་ལེགས་དང་རྩོམ་རྩལ་ཇེ་ལེགས་ལ་གཏོང་བྱེད་ཀྱི་དུས་དེབ་དང་དྲ་བ་ཕར་ཞོག ཚགས་ཤོག་གྲལ་དག་གཅིག་ཀྱང་དཔར་འགྲེམས་བྱེད་མི་ཐུབ་དོན་ཅི་ཡིན་ནམ། ངས་འདི་ལ་བསམ་བློ་མང་པོ་གཏོང་བཞིན་ཡོད།

གང་ལྟར་མང་པོ་བཞག་ནས་མདུན་གྱི་དཔེ་ཆ་འདིའི་སྐོར་གླེང་ན། སློབ་ཆུང་སློབ་མའི་ཡི་གེ་དང་མིང་ཚིག་གི་རྣམ་བཤད་ཅེས་པའི་མགོ་ཤོག་སྟེང་། “ཀྭ ཀྭ་ཡེ་སློབ་གྲོགས་ཚོ། ཀྭ་ཡེ་མི་རིགས་ཤིག་གི་རེ་འབོད་ཀྱིས། ཀྭ་ཡེ་སློབ་དཔོན་ཐོན་མིའི་ཤུལ་བཞག་འཛིན་དུ་འགྲོ།”ཞེས་ནང་དོན་ཡོད་ཡོད་འདྲ་བ། མེད་མེད་འདྲ་བ། བོད་ཡིག་ཡིན་པ་བོད་སྐད་ཤོད་ཀྱིན་མེད་པའི་ཚིག་འདི་དག་ཡོངས་སུ་འགྲེལ་མི་ཤེས་ཀྱང་། དཔེ་དེབ་འདི་ལ་བསྟེན་ན་སློབ་དཔོན་ཐོན་མིའི་ཤུལ་བཞག་འཛིན་དུ་འགྲོ་རྒྱུ་ལས་སློབ་དཔོན་ཐོན་མི་ཤུལ་མེད་དུ་བཟོ་མཁན་ཞིག་ལས་ཡོང་ཐབས་གང་ན་ཡོད།

“གཟར་མོའི་ལྡོག་ཟླ་ནི་དམའ་མོ་ཡིན།” ཟེར། གཟར་མོའི་ལྡོག་ཟླ་ནི་དམའ་མོ་ཡིན་ན་བདེ་མོའི་ལྡོག་ཟླ་མཐོན་པོ་ཡིན་དགོས་ཀྱི་འདུག་ག “ཉེའུ་རྣམས་འཇབས་ནས་”ཞེས་པ་སོགས་རེ་རེ་བཞིན་བཤད་པའི་ལོངས་མི་འདུག་པས་བཞག

ཚིག་སྒྲིག་སྐོར་གྱི་གོལ་ས།

བསྣོལ་མ་ཞེས་པར་ཚིག་སྒྲིག་པ་སྟེ། “གྲོང་ཁྱེར་ཕན་ཚུན་བསྣོལ་མར་གྲུབ་པའི་གཞུང་ལམ་མང་པོ་ཡོད་”ཅེས་བཀོད་འདུག གྲོང་ཁྱེར་ཕན་ཚུན་བསྣོལ་མར་གྲུབ་པ་ཞིག་འཛམ་གླིང་གི་ས་ཆ་གང་དུ་ཡོད་དམ། གལ་སྲིད་འདིས་གོ་དོན་ཞིག་སྟོན་པར་བྱེད་རྒྱུ་ཡིན་ན་ནི། གྲོང་ཁྱེར་དུ་ཕན་ཚུན་བསྣོལ་མར་གྲུབ་པའི་གཞུང་ལམ་མང་པོ་ཡོད་ཟེར་དགོས་པ་མིན་ནམ། འདབ་མ་ལ་ཚིག་སྒྲིག་སྐབས་ཀྱང་། “གནས་འདིར་ཀེ་ཚེའི་མེ་ཏོག་བཞད་འདུག་པས་སྣང་བ་ཧ་ཅང་སྐྱིད་”ཅེས་བྲིས་འདུག གལ་སྲིད་རྒྱུགས་ཤོག་ངོས་སུ་སློབ་མ་ཚོས་འདི་ལྟར་བྲིས་པ་ཡིན་ན་འདིར་སྐར་མ་འབབ་རྒྱུ་རེད་དམ། དོན་དམ་ཚིག་སྒྲིག་ཅེས་པ་ནི་མིང་ཚིག་གང་ཞིག་ཚིག་གྲུབ་དེའི་ནང་འདུས་པར་བྱས་ཏེ་འབྲི་དགོས་པའི་བརྗོད་པ་ཞིག་ལ་ཟེར་བ་མིན་ནམ། རླན་གཤེར་ཞེས་པར་ཚིག་སྒྲིག་སྐབས། “དབྱར་རྩྭ་དགུན་འབུ་ནི་དྲོད་གཤེར་འཛོམས་པའི་རྫ་ལུང་དུ་སྐྱེས་བཞིན་ཡོད་”ཅེས་ཚིག་སྒྲིག་འདུག འདི་ཡང་གོང་དུ་བཤད་པའི་གནད་དོན་དང་གཅིག་རེད། རླན་དང་དྲོད་གཉིས་བརྗེས་ནས་ཚིག་སྒྲིག་ན་ཆོག་པའི་ལམ་ལུགས་ཤིག་གང་ནས་བྱུང་བ་ཡིན་ནམ། ད་དུང་སྐྱེ་བཞིན་ཡོད་ཅེས་པའི་ད་ལྟ་བའི་སྐབས་སུ་སྐྱེས་བཞིན་ཡོད་ཅེས་བྱ་ཚིག་འདས་པ་འབྲི་སྲོལ་ཞིག་ཡོད་དམ། སྐམ་ས་ལ་རྐམ་ས་དང་། རི་རྒྱུད་ལ་རི་རྒྱུན། འོ་མ་བཞོ་བ་ལ་འོ་མ་འཇོ་བ་སོགས་འབྲི་སྟངས་ཤིག་རྩོམ་སྒྲིག་པ་དག་གིས་གང་ནས་སྦྱངས་པ་ཡིན་ནམ།

མིང་འགྲེལ་སྐོར་གྱི་གོལ་ས།

དཔེ་ཆ་འདིའི་ངོས་ཀྱི་མིང་འགྲེལ་དག་ནི་ཚིག་མཛོད་གཞན་ལས་ཇི་བཞིན་བཤུས་པ་འདྲ་ཞིག་རེད་མོད། སྐབས་དོན་ལ་བསམ་བློ་ཅི་ཡང་མ་བཏང་བར་ཁྲལ་ཙམ་བསྒྲུབ་པའི་རྣམ་པ་དང་ཚིག་མཛོད་ངོས་ཀྱི་འགྲེལ་བཤད་དག་ལ་གཅོད་གཏུབ་གང་འདོད་བཞིན་བྱས་འདུག་པ་ནི། དཔེར་ན། ཚོམ་བུའི་མིང་འགྲེལ་དུ། “ཆུན་པོ་ཆུང་ངུའི་མིང་”ཞེས་བྲིས་འདུག འདིར་གོ་རྒྱུ་ཅི་ཞིག་འདུག་གམ། གལ་སྲིད་མི་ཤེས་ན། དག་ཡིག་གསར་བསྒྲིགས་ཀྱི་ཁ་ཡང་འབྱེད་མ་ཤེས་པ་འདི་འཚང་དུ་ཆེ་བ་ལ། “ཆུན་པོ་ཆུང་ངུའི་”མིང་ལབ་ན་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཞིག་གིས་གོ་ག་ལ་ཐུབ་སྟེ། ཁོང་ཚོའི་དགེ་རྒན་དག་གིས་ཀྱང་འགྲེལ་བཤད་ལེགས་པོ་ཞིག་བྱེད་ཐབས་ཡོད་པ་མ་རེད་ལ། དཔེ་དེབ་འདི་རྩོམ་སྒྲིག་བྱེད་མཁན་གྱི་མཁས་པ་གཉིས་ཀས་འགྲེལ་བཤད་སྐྱོན་ཐབས་དེ་བས་ཀྱང་ཡོད་པ་མ་རེད།
ཆུ་ཚོད་ལ་མིང་འགྲེལ་བྱེད་སྐབས། “དུས་ཚོད་མཇལ་བྱེད་ཀྱི་ཚད་གཞི་སྟེ། ཉིན་ཞག་གཅིག་ཆ་བཅུ་གཉིས་སམ་ཆུ་ཚོད་ཉེར་བཞིར་བགོས་པའི་དུས་ཡུན་གྱི་མིང་”ཞེས་འགྲེལ་འདུག འདིར་གོ་བ་ཇི་ལྟར་ལེན་དགོས་སམ། ཉིན་ཞག་གཉིས་ཀ་དུས་ཚོད་ཉེར་བཞིར་བགོ་བའམ་ཉིན་མོ་དང་མཚན་མོ་གཉིས་ཆ་བཅུ་གཉིས་རེར་བགོ་སྲོལ་ཡོད་མོད། ཉིན་ཞག་གཅིག་ཆ་བཅུ་གཉིས་སུ་ཇི་ལྟར་བགོ་དགོས་སམ། ཟམ་མིག་ཅེས་པ་འགྲེལ་སྐབས། “ཟམ་པའི་ཆུ་འགྲོ་སའི་ཁུང་བུའི་མིང་”ཞེས་ལབ་འདུག “ཟམ་པའི་ཆུ་འགྲོ་སའི་ཁུང་བུ་”ལབ་ན་གང་ཟེར་གྱི་ཡོད་པ་རེད་དམ། ཟམ་འོག་ནི་ཆུ་འགྲོ་ས་ཡིན་ཡིན་པ་རེད། དེ་ལ་ཟམ་མིག་ཇི་ལྟར་ཟེར་རམ། བཟོ་བཀོད་ཅེས་པ་ནི”དབྱིབས་གཟུགས་སྒྲིག་སྟངས་ཀྱི་མིང་ལ་ཟེར་”ལབ་འདུག བཟོ་བཀོད་ཅེས་པ་དབྱིབས་གཟུགས་སྒྲིག་སྟངས་ཀྱི་མིང་ལ་ཟེར་རམ་རྣམ་པ་ལ་ཟེར། “ས་བོན་ལས་བྱུང་བའི་འབྲས་བུ་ལ་མྱུ་གུ་ཟེར་རམ།” མྱུ་གུ་ནི་རྒྱུ་ས་བོན་ལས་བྱུང་བའི་འབྲས་བུ་དངོས་རེད་དམ། འཇོན་ཐང་གི་མིང་འགྲེལ་ལ་”ལག་རྩལ་ལ་མཁས་པའི་དོན་”ཞེས་བྲིས་པ་སོགས་ཧ་ཅང་མང་ན་ཡང་། དུས་ཚོད་ཀྱི་དབང་གིས་སློབ་ཚན་བརྒྱད་ཙམ་ལས་བཀླགས་ཁོམ་མ་བྱུང་བའི་ཁྲོད་ཀྱི་ནོར་བ་ཁ་ཟིན་སྣ་ཟིན་ཙམ་འདིར་བཀོད་པ་ཡིན། ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་དཔེ་ཆ་བཅུ་གཉིས་པོར་རེ་རེ་བཞིན་ཞིབ་འཇུག་ཅིག་བྱེད་ཐུབ་པ་ཡིན་ན། དཔེ་དེབ་འདི་དག་གིས་བདག་ཅག་གི་སྙིང་ཉེ་བའི་གཅེས་ཕྲུག་དག་ལ་ཡིག་ནོར་དང་དོན་ནོར། གོ་ལོག་དང་བརྡ་ལོག་ཅི་འདྲིའི་མང་པོ་ཞིག་སློབ་ཀྱིན་ཡོད་པར་བསམ་སྟེ་སྙིང་འདར་ནས་བཟོད་ཐབས་མེད་པ་ཞིག་རེད། དཔེ་ཆ་འདི་དང་འདི་ལྟ་བུ་དག་གིས་བོད་ཡིག་གི་ཆུ་ཚད་བཟང་བའི་སློབ་མ་ག་ཚོད་སྐྱེད་བསྲིང་བྱེད་ཐུབ་བམ། དཔེ་ཆ་འདི་ཉིད་བློར་འཛིན་དུ་འཇུག་ཕོད་པའི་སྙིང་ཁམས་ཅན་དག་གི་བྱེད་ལས་ནི་ཆེས་འཇིགས་སུ་རུང་བ་ལ། སྤྱིར་ན་བསླབ་དེབ་ཅིག་བསྒྲིག་པ་ལ་རྩོམ་སྒྲིག་ཚན་ཆུང་དང་ཞིབ་འཇུག་ཁང་སོགས་བཙུགས་ནས་ཞུས་དག་ངེས་འདྲོངས་ཤིག་དང་། བསྐྱར་ཞིབ་ཡང་ཞིབ་ཡང་ཞིབ་བྱེད་དགོས་པ་ལས་རྒྱུས་མེད་རྒྱུས་གཏམ་ལ་འགའ་བའི་གང་ཟག་རེ་གཉིས་ཤིག་གིས་གླེན་རྟགས་ཕྱིར་མངོན་པ་ཙམ་གྱིས་ཡོང་ཐབས་ག་ལ་ཡོད་དེ་གཏན་ནས་མེད། མདོར་བསྡུས་ནས་བཤད་ན་བྱིས་པ་ཚོའི་ལག་ཏུ་ཕན་སེམས་ཁོ་ནས་དཔེ་ཆ་ཡོད་ཚད་འཇོག་ཆོག་པ་ཞིག་གཏན་ནས་མིན་པ་དང་། གལ་སྲིད་འཇོག་རྒྱུ་ཡིན་ན་ནི་དེ་ལ་ཞིབ་འཇུག་དང་ཞུས་དག་ཡག་པོ་ཞིག་ཅིས་ཀྱང་གནང་རོགས། དྲིན་ཆེན་ཚོ།