—སྲིད་ཀྱི་སྐྱ་ཐིག་ཤིན་ཏུ་རགས་པ་ཞིག 

སྤྱི་བོ་གནམ་ལ་བསྟན་པ། འགྲེང་ནས་འགྲོ་བ། སྨྲ་ཤེས་དོན་གོ་བ། ཕོ་མོ་རིས་སུ་མེད་པ་གང་ཞིག་ལ། འཇིག་རྟེན་གྲགས་ཚོད་དུ“མི”ཞེས་འབོད་ཅིང་། སོ་སོའི་མཚན་ཉིད་དེ་འཛིན་པའི་མི་རྣམས་ལ། རང་ཉིད་ཀྱི་ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ཀྱི་ཐད། ལྟོས་མེད་རང་ཆས་སུ་མངའ་བ། གཞན་གྱིས་འཕྲོག་བཅོམ་མི་ཆོག་པ། རང་གིས་འདོར་བཤུག་མི་རུང་བའི་ཆོས་ཁྱད་པར་བ་ཞིག་མཆིས་ཏེ། ཀུན་ལ་བརྡ་འཕྲོད་པའི་སླད་དུ་མིང་ཞིག་བཏགས་པར“ཐོབ་ཐང”(rights/权利)ཞེས་བྱ།  

མི་དག་གཅན་གཟན་ལྟར་ཁེར་རྐྱང་དུ་འཚོ་མ་ཐུབ་པའི་དབང་གིས། ཕན་ཚུན་གཅིག་རོགས་གཅིག་འདེགས་ཐུབ་པའི་ཕྱིར། རང་ངང་གིས་ཁྱུ་རུ་བསྡེབས་པ་ལས“སྤྱི་ཚོགས”བྱུང་ཞིང་། མི་རྣམས་སྤྱི་ལ་ཚོགས་པར་ཕན་རླབས་ཆེན་པོ་བྱུང་ཡོད། དེ་ཡང་། གཅིག་གིས་སྒྲུབ་མི་ཐུབ་པ་གཉིས་ཀྱིས་བསྒྲུབས། གཉིས་ཀྱིས་སྒྲུབ་མི་ཐུབ་པ་དུ་མས་བསྒྲུབས། དུ་མས་སྒྲུབ་མི་ཐུབ་པ་མང་པོས་བསྒྲུབས། དེ་བཞིན། ཁྱོད་ཀྱི་དགོས་མཁོ་ཁོང་གིས་བསྐངས། ཁོང་གི་དགོས་མཁོ་བདག་གིས་བསྐངས། བདག་གི་དགོས་མཁོ་ཁྱོད་ཀྱིས་བསྐངས་པར་བརྟེན། ཐམས་ཅད་སྒྲུབ་ཐུབ་པར་གྱུར་ལ། ཐམས་ཅད་ཀྱི་དགོས་མཁོའང་སྐོང་ཐུབ་པར་གྱུར་ཏེ། ཞར་ཞོར་དུ་མི་རེ་རེའི་ཡུལ་པོའི་ཁེར་སྡུག་ཀྱང་རང་ཡལ་དུ་སོང་། 

དེ་ལྟར། མི་རྣམས་ཀྱིས་སོ་སོའི་ཐོབ་ཐང་དག་ལོངས་སུ་སྤྱོད་ཅིང་། རང་དབང་གི་འཚོ་བ་སྐྱེལ་བཞིན་པའི་དུས་དེ་ཤེད་དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སོགས། ཉོན་མོངས་ཇི་སྙེད་པ་རང་བཞིན་ལ་གྲུབ་ཡོད་པའི་མི་མང་གི་ཁྲོད་དུ། གཉོམ་ཆུང་ལ་བཙན་པོས་རྒོལ་བ་དང་། ཚུལ་ལྡན་ལ་ཁྲམ་པས་རྐུ་བ། དྲང་མོ་གྱ་གྱུས་སླུ་བའི་གནས་ཚུལ་སྐབས་དང་སྐབས་སུ་བྱུང་། དོན་དེས་མི་ཕལ་མོ་ཆེ་སེམས་ཁོང་དུ་ཆུད་ཅིང་། ཡུན་རིང་པོར་བསྲན་བསྲན་པའི་མཐར། འུ་ཐུག་པའི་ཐབས་ཤིག་རྙེད། 

རིགས་མཚུངས་པའི་མི་དག་ལྷན་དུ་འདུས་ཤིང་། སོ་སོའི་ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ལ། གཞན་གྱི་བཙན་གནོད་མི་ཐེབས་པར་དམིགས་པའི་སྤྱི་ཚོགས་ཀྱི་འབའ་གན(Social contract/社会契约)ཞིག་གཞིར་བཟུང་ནས། སྡེ་ཆེན་པོ་གཅིག་ཏུ་ཚོགས་པ་ལས“རྒྱལ་ཁབ”བྱུང་ཞིང་། ཁོ་ཚོས་རང་རང་གི་རྩ་ཆེའི་ཐོབ་ཐང་དེ་དག་ལས། ཁག་ཅིག་སྤྱི་ལ་བཤུགས་པ“དབང་ཆ”(power/权力)རུ་གྱུར་ལ། དབང་ཆ་དེ་སྤྱད་ནས་མི་དམངས་ཀྱི་གོང་སྨོས་མངོན་འདོད་དག་དོན་སྨིན་ཡོང་བར་བྱེད་མཁན་སྒྲིག་འཛུགས་ཀྱི་མིང་ལ“སྲིད་གཞུང”ཞེས་བྱ། སྲིད་གཞུང་ཆགས་པའི་མཇུག་ཐོགས་སུ། ནང་ཁུལ་དུ་མི་ཕན་ཚུན་གཅིག་ལ་གཅིག་འཚེ་བའི་དཀའ་སྡུག་དག དྲག་པོ་དྲག་པོས་འཇོམས་པའི་དབང་ཆའི་དྲག་ཤུགས་ལ་བརྟེན་ནས་སེལ་ཐུབ་པར་གྱུར། 

དབང་ཆ་ནི་དེ་ལྟར་དྲག་ཤུགས་ཀྱི་ངོ་བོ་ཅན་ཞིག་ཡིན་པས་ན། མཁས་པ་མང་པོས་དེ་འཛིན་མཁན་གྱི་སྲིད་གཞུང་ལ“དགོས་ངེས་ཀྱི་སྡིག་པ”ཞེས་བྱ་ཞིང་། སྡིག་པ་ཞེས་པའི་ཐ་སྙད་སྦྱར་བར་གོ་རྒྱུ་ཆེན་པོ་ཡོད། དེ་ཡང་གོང་དུ་སྨོས་ཟིན་ལྟར། མི་ཐམས་ཅད་ཉོན་མོངས་ཅན་དང་། དབང་ཆའི་ངོ་བོ་དྲག་ཤུགས་ཅན་ཡིན་དུས། དབང་ཆ་ཅན་གྱི་མི་སུ་ཞིག་ཡིན་རུང་། སྤྱི་པའི་དབང་ཆ་སྤྱད་དེ་རང་དོན་སྒྲུབ་པའི་ཧམ་སེམས་སྐྱེ་སྲིད། ནམ་ཞིག་ཧམ་སེམས་དེས་ཀུན་ནས་བསླངས་ཤིང་། རང་ལ་ཚུལ་མིན་གྱི་ཁེ་བཟང་སྒྲུབ་པའི་ཕྱིར། གཞན་དག་སྲུང་སྐྱོབ་ཀྱི་ཐོག་མའི་བབས་ཁུར་ཐེད་ལ་བོར་ཏེ། དབང་ཆ་ལོག་པར་སྤྱོད་པའི་བྱ་བྱེད་མ་རུངས་པ་དེ་རིགས་ལ“རུལ་སུངས”ཞེས་བྱ། 

སུ་ཞིག་དེ་ལས་ཀྱང་ཐལ་ཏེ། རང་གི་བརྣབ་སེམས་འགྲུབ་པ་ཁོ་ནའི་ཕྱིར། མི་དམངས་ཀྱི་ལུས་སྲོག་ལོངས་སྤྱོད་ལ་རྡོག་རོལ་གཏོང་བས་མི་ཚད། ཡ་ང་དང་སྙིང་རྗེ་མེད་པའི་སྒོ་ནས་ཁོང་ཅག་བྲན་དུ་བཀོལ་ཏེ། སྲིད་གཞུང་ནི་སྒེར་དོན་སྒྲུབ་བྱེད་ཅིག་ཏུ་སྒྱུར་མཁན་ལ“སྒེར་གཅོད་པ”ཞེས་བྱ། མི་རྣམས་སྒེར་གཅོད་པའི་མནར་གཅོད་འོག་ཏུ་སྡོད་པའི་དུས་ནམ་ཞིག་གི་ཚེ། ཐོག་མར་རྒྱལ་ཁབ་འཛུགས་པའི་དུས་སུ། མི་ཐམས་ཅད་ཀྱི་བར་དུ་བཞག་པའི་འབའ་གན་དེ་མི་ཉུང་ཤས་ཀྱིས་བརྡལ་བཤིག་བཏང་བ་ལས། དབང་འཛིན་པ་རྗེས་འབྲངས་དང་བཅས་སྒེར་གཅོད་པར་གྱུར་ཚུལ། མཁས་པ་རྣམས་ཀྱིས་སྔོན་དུ་ཚོར་ལ། རིམ་གྱིས་མི་དམངས་ནས་ཀྱང་རྟོགས་ཤིང་། རྟོགས་ནས་ཀྱང་སོ་སོའི་ཐོབ་ཐང་གལ་ཆེན་གཞན་ཞིག་སྟེ། སྡིག་སྤྱོད་ཀྱི་སྲིད་གཞུང་མགོ་རྟིང་སློག་པའི་ཐོབ་ཐང་ལག་ལེན་དུ་བསྟར་བས། ངལ་བར་འབྲས་བུ་བྱུང་ནས། མཐར་ཐུག་དམངས་གཙོའི་སྲིད་གཞུང་འཛུགས་ཐུབ་པར་གྱུར། 

འདས་པའི་བྱུང་རབས་ལས་ཉམས་མྱོང་དང་བསླབ་བྱ་བླངས་ཐོག ཡང་ཡང་བརྟགས་ཤིང་དཔྱད་པའི་མཐར། རང་ཉིད་སླར་ཡང་སྒེར་གཅོད་ཀྱི་སྡེར་འོག་ཏུ་ལྷུང་མི་འཇུག་པར། དབང་ཆ་ཉིད་ལམ་ལུགས་ཀྱི་གཟེབ་ཏུ་བཅུག་སྟེ། དབང་འཛིན་མཁན་བཙན་ཐབས་ཀྱིས་འདུལ་རྒྱུ། ཁ་ཚ་དགོས་གཏུགས་ཡིན་ཚུལ་མི་ཕལ་མོ་ཆེས་རྟོགས།  

དེའི་ཕྱིར་དུ། མི་དམངས་ཡོངས་རྫོགས་མཉམ་ཞུགས་ཀྱིས། སྔར་ཡོད་འབའ་གན་དེ་སྒྲིགས་སྲོལ་བྱིན་ཅན་ཞིག་ཏུ་བཟོས་པར“རྩ་ཁྲིམས”(constitution/宪法)ཞེས་བྱ། སྲིད་གཞུང་གིས་རྩ་ཁྲིམས་ཀྱི་བཅས་པ་ལྟར། མིའི་ཐོབ་ཐང་སོགས་སྲུང་སྐྱོབ་དང་སྤྱི་ཚོགས་སྒྲིགས་རིམ་དང་ལྡན་པར་བྱེད་པའི། རྒྱལ་ཁབ་བདག་སྐྱོང་བྱེད་ཚུལ་ལ“ཁྲིམས་ཀྱི་དབང་སྒྱུར”(rule of law/法治)ཞེས་བྱ་ཞིང་། དེ་ནི་སྒེར་གཅོད་སྲིད་གཞུང་གིས། དབང་འཛིན་པ་རྗེས་འབྲངས་དང་བཅས་པའི་བརྣབ་སེམས་འགྲུབ་པའི་ཕྱིར། མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་བྱེད་པའི“མིའི་དབང་སྒྱུར”(rule of man/人治)གྱི་ལྡོག་ཟླ་ཡིན། 

དབང་ཆ་ལས་སུ་རུང་བར་གྱུར་བ་དང་འབྲེལ་ནས། མིའི་འཚོ་བ་ལ་སྒེར་གྱི་ཁོངས་ཤིག་དང་སྤྱི་པའི་ཁོངས་ཤིག་སྟེ། ཁོངས་མི་འདྲ་བ་གཉིས་བྱུང་། དེ་ཡང་། མི་གཞན་དང་མི་འབྲེལ་ཞིང་རྒྱ་ཆེ་ལ་ཁོད་ཡངས་པའི་སྒེར་གྱི་ཁོངས་སུ། ཡ་རབས་ཚུལ་གནས་དག་གིས་གཞན་མར་མི་གནོད་པའི་རང་དབང་ཡོངས་རྫོགས་ལོངས་སུ་སྤྱོད་ཆོག་ལ། དེར་སྲིད་གཞུང་གི་དབང་ཆ་གཏན་ནས་འཛུལ་མི་ཆོག ཡང་མི་གཞན་དག་དང་ཀུན་ནས་འབྲེལ་ཞིང་རྒྱ་ཆུང་ལ་ཁོད་དོག་པའི་སྤྱི་པའི་ཁོངས་སུ། སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར། མ་རབས་ལོག་སྤྱོད་དག་དབང་ཆའི་དྲག་ཤུགས་ཀྱིས་ཚར་གཅོད་ཆོག་ལ། མི་མང་མཉམ་དུ་འཚོ་བའི་སྤྱི་ཚོགས་སྒྲིགས་རིམ་དང་ལྡན་པར་བྱེད།   

དེ་འདྲའི་གནས་སྟངས་སུ། མཐོ་བ་རྒྱལ་ཁབ་ཀྱི་མགོ་ཁྲིད་ནས། དམའ་བ་ས་གནས་སྲིད་གཞུང་གི་ལས་བྱ་དཀྱུས་མ་ཐུན་མོང་ལ“གཞུང་ཞབས”(Civil servants/公务员)ཞེས་བྱ་ཞིང་། ཁོ་ཚོ་ནི། ངེད་ཅག་མི་རེ་རེར་ཕྱོགས་ཞེན་མེད་པའི་སྲི་ཞུའམ་ཞབས་ཏོག་སྒྲུབ་མཁན་ཤ་སྟག་ཡིན།

སྲིད་གཞུང་འཐུས་སྒོ་ཇེ་ཚང་དུ་སོང་བར་བརྟེན། དྲག་ལས་ཀྱི་སྡེ་ཉིད་ཤོག་ཚན་ཆེན་པོ་གཉིས་སུ་གྱེས། དེ་ཡང་། སོ་སོའི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཕྱིར་ཕྱི་དགྲ་བཙན་འཛུལ་པ་ཆམ་དུ་འབེབས་མཁན་ལ“དམག་དཔུང”ཞེས་བྱ་ཞིང་། དེ་སྲིད་གཞུང་གི་བཀའ་ལ་མི་གཏོགས་པར། གཞུང་དམངས་གཉིས་ཀའི་བར་དུ་སྡོད་ཅིང་ཁ་ཕྱི་འཁོར་ཡིན། ཡང་རྒྱལ་ཁབ་ཀྱི་ནང་ལོགས་སུ། གཉོམ་ཆུང་ལ་གནོད་འཚེ་བརྙས་གསུམ་བྱེད་པའི་ངན་པ་གཉའ་རེངས་དང་། ཚུལ་ལྡན་ལ་རྐུ་གཙེར་སླུ་གསུམ་བྱེད་པའི་གཡོ་ཅན་ཁྲེལ་མེད་དག་དམ་དུ་འདོགས་མཁན་ལ“ཉེན་རྟོག་པ”ཞེས་བྱ་སྟེ། སྤྱི་ཚོགས་བརྟན་འཇགས་དང་སྒྲིགས་རིམ་ལྡན་པ་ཡོང་ཕྱིར། དེ་སྲིད་གཞུང་གི་བཀའ་བཀོད་ལྟར་ལས་སུ་འཇུག་ཅིང་ཁ་ནང་འཁོར་ཡིན། 

དེ་ལྟར། སྲིད་གཞུང་གིས་རྒྱལ་ཁབ་བདག་སྐྱོང་བྱེད་པ་ལ་འགྲོ་སོང་དགོས་ཏེ། རྩ་ཁྲིམས་དང་མི་དམངས་རང་གི་མོས་མཐུན་དག་གཞི་རྩར་བཞག་ཐོག གཙོ་བོ་མི་རེ་རེའི་ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་སྲུང་སྐྱོབ་ལ་འདང་ཙམ་གྱི་དངུལ་ཞིག རིགས་རུས་དང་མཐོ་དམན་གྱི་དབྱེ་འབྱེད་མེད་པར། སྤྱི་དམངས་ཐམས་ཅད་ཀྱི་ལག་ནས་སྙོམས་པོར་བསྡུ་བ་ལ། ལུགས་དང་མཐུན་པའི“དཔྱ་ཁྲལ”(revenue/税收)ཞེས་བྱའོ། །         

དབུས་ལྷ་ལྡན་གྲོང་དུ་ཕྱི་ལོ་༢༠༡༨་ཟླ་༡༠་པར་བྲིས།