སྒྱུ་རྩལ་བརྩམས་ཆོས་ནི་མངོན་སུམ་འཚོ་བ་གཞིར་བྱས་པའི་མངོན་སུམ་གཞན་ཞིག་ཡིན་འོས་པ་ལས་མངོན་སུམ་པར་བཤུ་བྱས་པ་ཞིག་ཡིན་མི་འོས། ད་ལྟ་བོད་པ་ཚོས་གློག་བརྙན་དང་བརྩམས་སྒྲུང་། ཟློས་གར་སོགས་མྱོང་རོལ་བྱེད་སྐབས་དེ་དག་ཡག་པོ་ཡིན་མིན་གྱི་ཚད་གཞི་ནི་མངོན་སུམ་གྱི་འཚོ་བའི་ནང་གི་གོམས་གཤིས་དང་སྤྱོད་ལམ། ཡུལ་སྲོལ་སོགས་ལ་བསྟུན་མིན་གཙོ་བོར་འཛིན་པ་ནི་ནོར་བ་ཡིན།

མངོན་སུམ་ཟེར་བ་གང་ལ་ངོས་འཛིན་མིན་གྱི་དོན་དེར་དཔྱད་ན། དེ་ནི་ངེད་ཅག་གི་མྱོང་བའི་འཇིག་རྟེན་ཏེ་ཕྱི་རོལ་བདེན་གྲུབ་ཏུ་འདོད་པ་གང་ཞིག་སྒྲ་རྟོག་གིས་ཕར་བཞག་པ་དེའི་ཆ་ཤས་ཤིག་ཡིན་ཚེ། སྐྱེ་བོ་སོ་སོར་སྣང་བའི་མངོན་སུམ་མི་འདྲ་བ་དང་། སྣང་བ་དེའི་རང་བཞིན་ཡང་དུས་དང་ཡུལ་མི་འདྲ་བའི་ནང་རྣམ་པ་སྣ་ཚོགས་སུ་འགྱུར་ངེས། དཔེར་ན་ངེད་ཅག་གིས་དེ་རིང་གནས་ག་གེ་མོ་ཞིག་ནས་མཐོང་བའི་འཚོ་བའི་གོམས་གཤིས་དང་མིའི་སྤྱོད་ལམ། ཡུལ་སྲོལ་སོགས་ནི་སྒྱུ་རྩལ་བརྩམས་ཆོས་ནང་ནས་གནས་གཞན་དང་དུས་གཞན་དུ་སྤྱད་ཆོག་པ་དང་། དེ་ལྟར་བྱས་ཚེ་དེ་ནི་དེ་དག་ངེད་ཅག་གིས་དེ་རིང་དེ་མཐོང་བ་མ་ཡིན་པར་གཞན་དུ་འགྱུར་ངེས། 《ང་ཡི་ཆང་གསོལ་རོགས》ནང་གི་སྦྱིན་པས་རོང་ཁྱིམ་ནས་འབྲོག་སྐད་བཤད་པ་ནི་སྒྱུ་རྩལ་གྱི་ལས་སྣོན་བྱས་པའི་མངོན་སུམ་དེ་ཡིན་པ་ལས་318རྒྱལ་ལམ་འགྲམ་གྱི་ཁྱིམ་ཚང་གང་རུང་གི་བྲིས་རིས་མ་ཡིན།

སྒྱུ་རྩལ་བརྩམས་ཆོས་གང་ལའང་དེ་ཉིད་ཀྱི་ལུས་སྒྲོམ་ཞིག་ཡོད་ཅིང་ལུས་སྒྲོམ་དེ་ཉིད་ཚད་དང་རན་ཞིང་ཆ་འགྲིག་པ་ཞིག་ཡོད་ན་བརྩམས་ཆོས་དེ་ཡག་པོར་གྲུབ་རྟགས་ཡིན། དཔེར་ན། ལོ་ངོ་བརྒྱའམ་སྟོང་འགོར་བའི་རྗེས་སུ་318རྒྱལ་ལམ་འགྲམ་གྱི་ཁྱིམ་ཚང་གང་རུང་དེ་མངོན་སུམ་ནང་ཇི་ལྟར་འགྱུར་བར་ཆ་འཇོག་གཏན་ནས་མེད། སྒྱུ་རྩལ་བརྩམས་ཆོས་ལ་མཚོན་ན་དེའི་ཆ་ཤས་ཐམས་ཅད་བརྩམས་ཆོས་དེ་ཉིད་ཀྱི་ལུས་སྒྲོམ་ནང་ཆ་འགྲིག་པ་དང་རན་པ་ཞིག་ཡིན་པས་འཐུས་པ་ལས་དེ་རིང་གི་མངོན་སུམ་ཇི་བཞིན་དུ་བསྐྱར་བཤུ་བྱས་པས་ཅི་ཡང་མི་ཕན། སྒྱུ་རྩལ་བརྩམས་ཆོས་ཤིག་གི་ཆ་གང་རུང་དེ་ཉིད་ཀྱི་སྤྱི་ཁོག་དང་ལུས་སྒྲོམ་ནང་འཚམས་པོ་མེད་ན་དེ་མ་འཁྱོངས་པའི་རྟགས་ཡིན། དེ་བས་དེ་རིང་གི་མངོན་སུམ་དེ་ལོ་ངོ་མང་པོར་གནས་འགྱུར་གྱི་བརྩམས་ཆོས་ཤིག་གི་ཚད་འཇལ་བྱེད་བྱ་མི་འོས་སོ།།

སྒྱུ་རྩལ་བརྩམས་ཆོས་བླ་ན་མེད་པ་ཞིག་ཡིན་ཚེ་དེ་གཙང་མ(纯粹)ཞིག་ཡིན་འོས། གཙང་མར་འགྱུར་བ་དང་གཙང་མའི་རང་བཞིན་དུ་གནས་པར་ཀུན་གྱིས་འབད་ཀྱང་དེ་འདྲ་ཡོང་དཀའ་སྟེ་སྒྱུ་རྩལ་བ་ཁོ་རང་ཡང་མངོན་སུམ་འཁྲུལ་བའི་བློས་ཡང་ཡང་བྲིད་པས་སོ།། སྒྱུ་རྩལ་བའི་གསར་རྩོམ་གྱི་བློ་ནི་དུས་དང་གནས་གཏན་དུ་འཁེལ་བའི་མངོན་སུམ་ལས་ཐར་ཏེ་དུས་དང་གནས་ལས་འདས་པའི་སྒྱུ་རྩལ་གྱི་ཞིང་ཁམས་དེར་སླེབ་དགོས་ན་མང་མང་གིས་ཁྱོད་རང་ངའི་མཐོང་སྣང་གི་གཏན་དུ་འཁེལ་བའི་གནས་དེར་ཤོག་ཅེས་མར་འདྲུད་པ་ནི་བརྩམས་ཆོས་ལེགས་པོ་ཞིག་ལ་མཚོན་ན་ཁྱད་གསོད་བྱས་པ་ཉིད་དོ།།

ངེད་ཅག་གི་ཀློག་མཁན་ནམ་ལྟད་མོ་བས་སྒྲུང་ཀློག་པའམ་གློག་བརྙན་ལ་ལྟ་བའི་སྐབས་སུ་དེ་ནི་ཡུལ་གཞན་ཞིག་ལ་གནས་སྐོར་དུ་འགྲོ་བ་ལྟ་བུའི་སེམས་བསྐྱེད་དགོས་པ་ལས་དེ་ཉིད་དེའི་དཔེ་ལེན་སའི་འཇིག་རྟེན་དེར་མཐུན་མིན་ཁོ་ན་བསམ་ཚེ་བརྩམས་ཆོས་དེ་ཡག་པོར་ལོངས་སུ་སྤྱད་མི་ནུས།

གནད་ཀྱི་དོན་པོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་ཉིད་དོན་གྱི་བྱུང་བར་དྲངས་པའི་བརྩམས་ཆོས་ཡོད་ཚད་ཀྱི་མཐར་ཐུག་གི་བརྗོད་བྱ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མིན། དེ་ཉིད་སྒྱུ་རྩལ་གྱི་མཚོན་བྱེད་ཅིག་ཡིན། ཚོན་རིས་ཤིག་གི་ནང་གི་ཁ་དོག་དམར་པོ་ལྟ་བུ་ཞིག་ཡིན། ཁ་དོག་དམར་པོར་མཚོན་བྱ་ཞིག་ཡོད། མཚོན་བྱ་དེ་ནི་ད་གཟོད་ཀློག་མཁན་དང་ལྟད་མོ་བའི་མྱོང་བྱ་ཡིན་པ་ལས་བརྩམས་ཆོས་ནང་གི་དམར་པོ་ཉིད་མངོན་སུམ་ནང་གི་དམར་པོར་མཐུན་མིན་ཁོ་ནར་བསམ་བློ་བཏང་ཚེ་རྗེས་དཔག་གི་རིགས་པས་སྒྱུ་རྩལ་མྱོང་རོལ་ལ་བར་ཆད་བྱེད་པ་ཡིན་ནོ།།