ང་ཆུང་དུས་དང་ངའི་ཕ་ཡུལ་དྲན་དུ་བཅུག་བྱུང་།

ད་ལོ (2018) སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་བོད་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་ཚེ་རིང་རྣམ་དྲུག་ཅེས་པའི་དཔེ་ཚོགས་ལས། «གཟི་དམར»དང«འཚོ་བའི་ཟིན་བྲིས» གཉིས་བདམས་ཏེ་ཅུང་ལེགས་པོ་ཞིག་ལྟ་རྒྱུ་བྱུང་། ངས་དཔེ་ཆ་འདི་གཉིས་རྩོམ་མཁན་གྱི་མིང་ཁོ་ནར་བལྟས་ནས་བཀླགས་པ་ཡིན་ཏེ། རྒན་ཚངས་དབང་དགེ་འདུན་བསྟན་པ་ལགས་ནི་དཔེ་ཆ་གསར་རྙིང་ཀུན་ལ་གཟིགས་རྒྱ་ཧ་ཅང་ཆེ་བར་མ་ཟད། གནའ་རྫས་རིག་དངོས་ཀྱི་ཕྱོགས་ལའང་མཁྱེན་པ་ཡངས། དེ་བཞིན་དུ་སྐྱབས་ཆེན་བདེ་གྲོལ་ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་ཆ་བ་གྲགས་ཆེན་ཡིན་པ་དང་། བློ་གྲོས་ཟབ་ཅིང་འཆར་སྒོ་ཤིན་ཏུ་ཡངས་པའི་མི་ཞིག་རེད་བསམ་ཡོད་པས་སོ། །

དང་པོ་རྒན་ཚངས་དབང་ལགས་ཀྱི «གཟི་དམར» ཀློག་དུས། དཔེ་ཆ་འདི་ཡིག་ནོར་མང་ཞིང་རྗོད་པ་ཅུང་མི་བདེ་བ་ཞིག་ཏུ་སྣང་ཡང་། འདིའི་ནང་ནས་རང་ཡུལ་གྱི་དགོན་པ་རྙིང་པ་དང་རི་ཁྲོད། མཁར་ཤུལ། གནའ་བོའི་ལུགས་ཀྱི་ཡོ་བྱད་རྙིང་པ་སྒ་ཆས་དང་། མཆོད་ཆ། མཆོད་རྟེན། ཚ་ཁང་། མ་ཎི་རྡོ་འབུམ། བགྲེས་པོ་དག་གི་ངག་རྒྱུན་དུ་ཡོད་པའི་ལོ་རྒྱུས་དང་འདྲ་བའི་གཏམ་རྒྱུད་ངོ་མཚར་ཅན་དེ་དག་ཚང་མ་བློ་ཡུལ་དུ་འཆར་ཡོང་།

དེང་སང་ནི་མི་རྣམས་ཆོས་དང་རིག་གནས་ལ་དང་འདོད་ཆེན་པོ་མེད་པར། ཟས་གོས་ཀྱི་འཚོ་ཚིས་ཙམ་གྱིས་དུས་འདའ་ཞིང་། སྤུན་ཟླ་ཚང་མ་མགོ་བོ་སྟོང་པར་འགྱུར་བཞིན་པའི་སྐབས་འདིར། བོད་ཡིག་བཀླགས་ཏེ་ཤེས་རིག་གཉེར་མཁན་ཤིན་ཏུ་ཉུང་ན་ཡང་། གནའ་བོའི་ཤེས་རིག་དང་འབྲེལ་བའི་ཤུལ་བཞག་འདི་དག་ཡི་གེར་འགོད་ཐུབ་ན་ཅི་མ་རུང་སྙམ་པ་བྱུང་ཞིང་། དེ་དག་ཡིག་ཐོག་ཏུ་བཀོད་ན་མེས་པོ་དམ་པའི་དམར་སྨུག་གི་ཞལ་རས་མཇལ་ཐུབ་པ་དང་། ཡབ་མེས་དག་གི་བློ་གྲོས་དང་ཉམས་མྱོང་ལ་སློབ་སྦྱོང་བྱེད་ཆོག་པ་སོགས་རིན་ཐང་ཤིན་ཏུ་ཆེ་བའི་ངོས་འཛིན་ཟབ་མོ་རེ་ཡང་བྱུང་སོང་།

གཉིས་པ་སྐྱབས་ཆེན་གྱི «འཚོ་བའི་ཟིན་བྲིས» ལ་ལྟ་དུས། འདི་ནི་ཁོང་གིས་བྲིས་པའི་སྒྲུང་དང་སྙན་ངག་དེ་དག་ལྟ་བུའི་དྭངས་མ་གསེར་ཞུན་ཞིག་མིན་ན་ཡང་། སྐད་ཆའི་འབབ་རྒྱུན་དེའི་ཁྲོད་ནས་ང་རང་ཉིད་ཆུང་དུས་འཚར་ལོངས་ཀྱི་གོ་རིམ་མང་དག་ཅིག་རང་ཤུགས་ཀྱིས་དྲན་དུ་བཅུག །

ཉི་མ་དེར་ངེད་ཚང་གི་ཞིང་ཁའི་མུ་མཐར་བསྡད་ནས་དུད་དཀར་སྙེ་མ(སྙེ་ནག་ཡང་ཟེར)ཞིག་ལག་དུ་བཟུང་སྟེ་སྙེ་ནག་དེ་ཅི་ཞིན་ཡིན་པའི་སྐོར་ནས་ཨ་ཕར་སྐད་ཆ་དྲིས། ང་ནི་དེ་དུས་ལོ་ངོ་དྲུག་ཙམ་ལོན་པའི་འདྲི་རྒྱུ་མང་བའི་བྱིས་པ་ཞིག་ཡིན་ཞིང་། ཨ་ཕས་ཀྱང་མགར་བློན་རིག་པ་ཅན་རྒྱ་ཡུལ་དུ་སོང་ནས་རིག་པའི་རྣམ་གྲངས་མང་པོས་རྒྱལ་ཁ་བླངས་ཏེ། རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་ཚུལ་སོགས་ཀྱིས་སྙེ་ནག་གི་བྱུང་རབས་ཡིད་འཕྲོག་པ་ཞིག་བཤད་བྱུང་བ་ནམ་ཡང་བརྗེད་མ་མྱོང་། དུས་དེ་ཤད་ནས་བཟུང་ཨ་ཕས་ངེད་སྤུན་མཆེད་དག་ལ་གླིང་སྒྲུང་ནང་གི་འཁྲུངས་གླིང་དང་། འདན་མའི་ནས་རྫོང་། རྟག་རྒྱུག ། བདུད་གླིང་། ཧོར་གླིང་། འཇང་གླིང་། མོན་གླིང་། ཁ་ཆེ། སྟག་གཟིག ། ཨ་གྲགས། དམྱལ་གླིང་སོགས་དང་། ཨ་མས་ཀྱང་སྣང་ས་འོད་འབུམ་དང་། འགྲོ་བ་བཟང་མོ། མི་ལ་རས་པ། ནོར་བཟང་སོགས་ཀྱི་ངག་རྒྱུན་ཆ་ཚང་ཚོར་སྣང་ཟབ་མོས་བཤད་གནང་མྱོང་། དེ་དག་གི་རྐྱེན་གྱིས་སྙན་ཞིང་ཡིད་འཕྲོག་པའི་གནའ་བོའི་ངག་རྩོམ་དག་ལ་ཉན་པའི་སྤྲོ་བ་འཕེལ་ནས་ཨ་ཕྱི་རྒད་མོ་གཉིས་ལས་ཀྱང་གླུ་ཤགས་དང་དམངས་གཏམ་མང་དུ་ཉན་པ་ཡིན།

རྗེས་སུ་རང་ལོ་བཅོ་ལྔ་ཙམ་ནས་ང་ཚོའི་གྲོང་པའི་ནོར་རྫི་དག་དང་མཉམ་དུ་གླུ་ཤག་དང་ཁེད་རྡེའུ་སོགས་འགྲན་བསྡུར་མང་པོ་བྱས་ཤིང་། གླུ་ཡི་གྲངས་ཀ་སུ་མང་ཡང་འགྲན་མྱོང་། དེ་དུས་རྡོ་ཡི་སྟེང་དུ་སོལ་བས་རི་མོ་བྲིས་ཏེ་གྲངས་ཀ་བརྒྱབས་པར། ང་རང་གཅིག་པུས་ཀྱང་གླུ་ཤག་སུམ་བརྒྱ་མ་ཟིན་ཙམ་བློར་ཟིན་ཡོད། བལྟས་ཡོང་ན་ཆུང་དུས་ཐོས་མྱོང་བའི་བོད་ཀྱི་ངག་རྩོམ་རིང་མོ་དེ་དག་ཡི་གེར་བཀོད་ན་པོད་བཅུ་ཕྲག་ཁ་ཤས་ཡོད་ངེས་ཡིན།

རང་ཉིད་ལ་ད་ལྟ་སྦྱངས་ནས་ཐོབ་པའི་ཤེས་བྱ་ལེགས་པོ་ཅི་ཡང་མེད་ན་ཡང་། བྱིས་དུས་ཀྱི་བག་ཆགས་འཇོག་སྟངས་དེས་དུས་ད་ལྟ་ཡང་དཔེ་ཆ་ཀློག་པར་ཧ་ཅང་སྤྲོ་ཞིང་། ཁ་པར་སོགས་སུ་དུས་ཚོད་ཁ་ཤས་ཟད་སོང་ན་དཔེ་ཀློག་གི་དུས་ཚོད་བརླགས་སོང་བསམ་ནས་འགྱོད་པ་ཆེན་པོ་ཞིག་སྐྱེ་རྒྱུ་འདུག ། མ་ཟད་དཔེ་ཀློག་ཟེར་བ་འདི་ནི་ད་ལྟའི་དྲ་བའི་ཁ་རྩོད་དང་རང་འདོད་རིས་གཅོད་ཀྱི་འདམ་ལས་ཅུང་ཟད་གཡོལ་ཏེ་ཁེར་རྐྱང་གི་ངལ་སྟེགས་ཆུང་ཆུང་ཞིག་གམ། ཡང་ན་དཔེ་ཀློག་འདི་ནི་དྲ་བའི་སྤྱི་ཚོགས་ཀྱི་རུལ་དྲི་ལ་ཅུང་ཟད་བསྐྱེད་པའི་རང་ཁོ་ནར་དབང་བའི་མཐའ་མེད་པའི་མེ་ཏོག་སྡུམ་ར་ཞིག་ཀྱང་ཡིན།   

2018.10.13


«མངོན་པར་འབྱུང་བའི་མདོ»བཀླགས་པའི་ཟིན་ཐོ།

ཉེ་ཆར་ཝེད་ནམ་རྒྱལ་ཁབ་ཀྱི་གནས་བརྟན་ཐིག་ནཏ་ཧཱན (Thich Nhat Hanh) ལགས་ཀྱིས་མཛད་པའི་སངས་རྒྱས་ཀྱི་མཛད་རྣམ་རྒྱས་པ«སྤྲིན་དཀར་ལམ་རྙིང»ཟེར་བའི་དཔེ་ཆ་རྨད་དུ་བྱུང་བ་ཞིག་མཇལ་རྒྱུ་བྱུང་བ་དང་། དཔེ་ཆ་འདི་ལ་རྨང་གཞིར་བཟུང་ནས་འཁྲབ་སྟོན་བྱས་པར་གྲགས་པའི«སངས་རྒྱས»ཞེས་པའི་རྒྱ་གར་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་བོད་སྐད་དུ་འགྱུར་བ་དེ་ལའང་སྤྲོ་བ་ཆེན་པོས་བལྟས་པ་ཡིན། ད་དུང་གནས་བརྟན་སི་རི་དྷརྨས་མཛད་པའི«སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང»སོགས་མཇལ་རྒྱུ་བྱུང་བའི་རྐྱེན་གྱིས་ང་ཚོའི་བཀའ་འགྱུར་ནང་གི་ཐེག་པ་ཐུན་མོང་བའི་ལུགས་ཀྱི་སངས་རྒྱས་ཀྱི་རྣམ་ཐར་ལ་ཤེས་འདོད་ཆེན་པོ་ཞིག་བྱུང་སོང་། བོད་རང་ཉིད་ལ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་སྟོན་པའི་རྣམ་ཐར་རྒྱས་པ «དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ» སོགས་ཆོས་འབྱུང་ལོ་རྒྱུས་ཁག་སོ་སོར་མཛད་བཅུ་དང་འབྲེལ་བའི་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་མང་དུ་ཡོད་མོད། དེ་དག་ཚང་མ«གསང་ཆེན་ཐབས་ལ་མཁས་པའི་མདོ»སོགས་ཐེག་ཆེན་ཐུན་མོང་མིན་པའི་ལུགས་གཞིར་བཞག་ནས་བྲིས་མཛད་པ་ཤ་སྟག་ཡིན་པས། མཁས་དབང་དགེ་ཆོས་ཀྱིས། “ཐེག་ཆེན་ལས་བྱུང་བ་དག་ཕལ་ཆེར་ནི། ཧ་ཅང་རྒྱ་ཆེ་དྲགས་པས་ཧ་ཅང་མཁས་པ་དང་། ཧ་ཅང་གླེན་པ་ཞིག་མ་གཏོགས་དཀྱུས་མ་ཐམས་ཅད་ཀྱི་སེམས་ལ་འགྲོ་བ་ཞིག་ཤིན་ཏུ་དཀའ”ཞེས་གསུངས་པ་ལྟར། ང་ཅག་དཀྱུས་མའི་རིགས་ཅན་རྣམས་ཀྱི་ཁམས་དང་དབང་པོ་ལ་མི་འཕྲོད་པ་ཧ་ཅང་མང་བ་ལགས། 

བཀའ་འཁོར་ལོ་དང་པོའི་ཁོངས་སུ་གཏོགས་པའི«འདུལ་ལུང་སྡེ་བཞི»སོགས་ལས་སངས་རྒྱས་ཀྱི་མཛད་སྤྱོད་ཤིན་ཏུ་མང་པོ་འབྱུང་བར་འདུག་མོད། དེ་དག་ནི་པོད་ཆེན་བཅུ་གསུམ་དང་བམ་པོ་སུམ་བརྒྱ་བཞི་བཅུ་ཙམ་གྱིས་བཟུང་ཡོད་པས། རེ་ཞིག་བརྩོན་འགྲུས་ཀྱི་དབང་པོ་རྟུལ་བོ་ཅན་དག་གི་སྤྱོད་ཡུལ་མིན་པ་ལྟ་བུར་སྣང་། དེ་བས“མདོ་སྡེ”༼ས༽རྟགས་ཅན་གྱི་ནང་དུ་ཉན་ཐོས་ཀྱི་ཐེག་པའི་ལུགས་ཀྱི «འཕགས་པ་མངོན་པར་འབྱུང་བའི་མདོ» ཞེས་པའི་སངས་རྒྱས་ཀྱི་རྣམ་ཐར་རྒྱས་བསྡུས་ཤིན་ཏུ་རན་པ་ཞིག་འདུག་པ་དེར་མཇལ་ཐུབ་པ་བྱུང་། མདོ་འདི་ནི་རྒྱ་གར་གྱི་མཁན་པོ་ཨ་ཙརྱ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པར་གསུངས་ལ། བམ་པོ་དགུ་ཙམ་ཡོད་ཅིང་ཉན་ཐོས་ཆེན་པོ་ཞིག་གི་ཟིན་བྲིས་ཡིན་པར་བཤད་པས། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་སོགས་ཤིན་ཏུ་ཡིད་འཕྲོག་པའི་སྙན་ཚིག་གི་ལམ་ནས་བྲིས་ཡོད། མ་ཟད་མདོ་གཞན་དག་དང་མི་འདྲ་བར་བསྐྱར་ཟློས་མང་པོ་མཛད་མེད་པས་སྒྲོས་གཙང་བ་དང་སྟོན་པའི་སྐུ་དང་གསུང་གི་མཛད་སྤྱོད་གཙོ་བོར་བསྟན་པས་གོ་སླ་བ། འདུལ་བ་ལུང་བཞིན་དུ་བརྡ་རྙིང་མང་པོ་མེད་པས་ཀློག་སྤྲོ་བ་ཞིག་ཀྱང་བྱུང་།

མདོ་འདིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་འཕོས་པ་ནས་བཟུང་སྟེ། ལྷུམས་སུ་ཞུགས་པ། སྐུ་བལྟམས་པ། སྒྱུ་རྩལ་ལ་བྱང་བ། བཙུན་མོ་བཞེས་པ། ངེས་པར་འབྱུང་བ། དཀའ་ཐུབ་མཛད་པ། བདུད་བཏུལ་བ། སངས་རྒྱས་པ། ཆོས་འཁོར་བསྐོར་བ་སྟེ་མཛད་ཆེན་བཅུ་ཙམ་གསལ་ལ་རྗེན་པར་བསྟན་ཡོད།

ཀརྨ་པ་མི་བསྐྱོད་རྡོ་རྗེས། “མཛད་པ་བཅུ་གཉིས་བྱེ་བྲག་ཏུ་སྟོན་པ་མངོན་འབྱུང་གི་མདོ”ཞེས་གསུངས་ཀྱང་། མདོ་འདི་ཉིད་ལས་ནི་མཛད་པ་བཅུ་གཉིས་ལས་མངོན་པར་སྐྱེ་བ་དང་མྱ་ངན་ལས་འདས་པ་སོགས་བསྟན་མེད།

རྒྱལ་པོ་ཟས་གཙང་མས་སངས་རྒྱས་ལ་ཕོ་ཉ་ཡང་ཡང་བཏང་སྟེ་ཚུར་ཕ་ཡུལ་དུ་ཕེབས་པའི་རེ་བ་ཞུས་ཤིང་། ཐ་མ་བློན་ཆེན་འཆར་ཀས་སངས་རྒྱས་འཁོར་དང་བཅས་པ་གྲོང་ཁྱེར་སེར་སྐྱ་རུ་སྤྱན་དྲངས། དེ་དུས། “བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། གྲོལ་བ་འཁོར་གྲོལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། གླང་པོ་ཆེ་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ”ཞིག་མཛད་དེ་ཕེབས་པ་སོགས་ནི། དགེ་འདུན་ཆོས་འཕེལ་གྱིས། “སྤྱིར་ཐེག་པ་ཆུང་ངུའི་ལོ་རྒྱུས་གང་ཡིན་ཡང་ཐུན་མོང་བའི་ལུགས་སུ་བཤད་པས་སྟོན་པས་མཛད་ཕྱོགས་སོགས་གླེང་སྐབས་ཅི་བས་ཀྱང་ཡིད་འཕྲོག་པ་རྐྱང་སྣང་།” ཞེས་གསུང་པ་ལྟར་ཐོག་མཐའ་བར་གསུམ་དུ་ཡིད་འཕྲོག་པ་རྐྱང་རྐྱང་སྣང་ངོ་།།

མཐར་ཤཱཀྱའི་ཁྱིམ་ཚང་རེ་ནས་མི་རེ་རབ་ཏུ་བྱུང་བ་དང་། ཤཱཀྱའི་དགེ་སློང་རྣམས་ཀྱི་ངོར་གནས་བརྟན་མཽད་གལ་གྱི་བུས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་མཐོང་བའི་ཏིང་ངེ་འཛིན་ལས་ལངས་ཏེ་འཇིག་རྟེན་ཆགས་ཚུལ་ནས་བརྩམས། ཤཱཀྱའི་གདུང་རབས་གསུངས་ནས་མཇུག་གྲུབ་པར་མཛད་འདུག   འཁྱེར་བདེ་ཕྱིར་མདོ་འདི་ཁོལ་ཕྱུང་གི་དེབ་ཅིག་ཡོད་ན་ཨང་སྙམ་པ་བྱུང་ཞིང་། སངས་རྒྱས་ཀྱི་མཛད་རྣམ་ལ་མཇལ་འདོད་ཡོད་ཚེ་བསྟན་བཅོས་ཀྱི་ལུགས་སུ་བྱས་པ་ཞིག་ལས་མདོ་འདི་བརྒྱ་འགྱུར་གྱིས་དགའ་ངེས་པར་མཐོང་སྟེ། ལྷ་དང་ལྷ་ཡི་རི་མོ་ལྟ་བུའི་ཁྱད་པར་འདུག་གོ།

2018.4.11


ཆོས་བཟང་ལྷ་ཡི་རྔ་བོ་ཆེ་བརྡུངས་བ།

ལོ་ཤས་སྔོན་ནས་རྨེ་སྤྲུལ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ཆོས་རྗེ་བླ་མའི་རྣམ་ཐར་རྒྱས་པ་ཞིག་མཛད་བཞིན་ཡོད་པའི་གཏམ་བཟང་ཐོས་ལ། རྩོམ་པ་པོ་ཁོང་ཉིད་ནི་བླ་མའི་ཐུགས་ཟིན་གྱི་བུ་ཆེན་ཡིན་པ་དང་། གསན་བསམ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ངག་རིག་སྨྲ་བ་ཀུན་ཀྱི་རྩེ་མོར་འགྱིང་བ། དོན་གནད་ཆེ་ཕྲ་ཐམས་ཅད་ཁུང་ལུང་དང་བཅས་པར་སྨྲ་བ་སོགས་ལ་ཆ་རྒྱུས་ཅུང་ཟད་ཡོད་པའི་རྐྱེན་གྱིས་རྣམ་ཐར་ཆེན་མོ་དེར་རེ་སྒུག་བྱས་ནས་བསྡད་ཡོད།

ཏག་ཏག་ད་ལོའི་བླ་མའི་འདས་མཆོད་ཐེངས་བཅུ་བཞི་པའི་སྐབས་སུ་རྣམ་ཐར་རྒྱས་པ་དེ་ཉིད་ལེགས་གྲུབ་པར་སྐྲུན་བྱས་ཏེ་སྐོམ་གྱིས་གདུང་བ་ལ་ཆུ་ཡི་གནང་སྦྱིན་བསྩལ། དེ་ཡང«ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པ་ཆོས་བཟང་ལྷ་ཡི་དུནྡུ་བྷིཿ» ཞེས་བྱ་བ་འདི་ལ་པོད་ཆེན་གཉིས་དང་ལེའུ་བཞི་བཅུ་ཡིས་གྲུབ་པར་བྱས་ཡོད་ཅིང་། བོད་རང་ལ་ཡོད་པའི་སྐྱེས་ཆེན་དམ་པའི་རྣམ་ཐར་ཤིན་ཏུ་རྒྱས་པ་རྒྱལ་དབང་ལྔ་པའི་རང་རྣམ«དུ་ཀུ་ལའི་གོས་བཟང»ལས་ཅུང་ཟད་ཉུང་ཞིང་དེ་ལས་ཀྱང་སྒྲོས་གཙང་བ། སྐད་གྲགས་ཤིན་ཏུ་ཆེ་བའི«རྗེ་བཙུན་མི་ལའི་རྣམ་མགུར»ལས་ཅུང་ཟད་མང་ཞིང་དེ་ལས་ཀྱང་ཡིད་རྟོན་ཕེར་བ་ཞིག་རེད་འདུག་བསམ་བྱུང་།

ད་དུང་བརྗོད་པ་བདེ་ཞིང་གནད་ལ་འབྱོར་བ་དང་། གཙོ་ཕལ་རན་ཞིང་བློ་དང་འཚམ་པ་ཙམ་དུ་མ་ཟད། རྣམ་ཐར་རྩོམ་སྟངས་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཆེན་མོ་གསུམ་ཙམ་ཡོད་པར་མཐོང་སྟེ།

དང་པོ་བླ་མའི་ཐུན་མིན་གྱི་མཛད་པ་དམིགས་བསལ་བ་དག་འཆད་སྐབས་འདུལ་བ་ལུང་སོགས་མདོ་རྒྱུད་མན་ངག་དང་། བཀའ་གཏེར་དག་སྣང་གི་ཆོས་སྐོར་སོགས་ལས་ལུང་འདྲེན་མཛད་ཅིང་། ཆོས་ཚུལ་དེ་དག་དང་བླ་མའི་མཛད་པ་གཉིས་གཤིབ་བསྡུར་བྱས་ཏེ་ཐེ་ཚོམ་ཅན་ཡང་ཡིད་ཆེས་པར་བྱས་པ།

གཉིས་པ་བླ་མ་དམ་པའི་རྣམ་ཐར་ཁྱད་པར་བ་དག་དང་སྔོན་བྱོན་གྱི་སྐྱེས་བུ་དམ་པ་འགའི་མཛད་བཟང་གཉིས་ལྟོ་སྦྱར་ཏེ་གདོང་ལ་མེ་ལོང་བསྟན་པ་བཞིན་དུ་ཨུ་ཚུགས་མཁན་གྱི་ཀླན་ཀ་འཇུག་པའི་གནས་མེད་པར་བྱས་པ།

གསུམ་པ་ནི་རྣམ་ཐར་འདིའི་སྟོད་སྨད་བར་གསུམ་དུ་མཆན་བུ་རིང་ཐུང་མི་འདྲ་བ་གྱ་བརྒྱད་ཙམ་བཏབ་སྟེ་གཏིང་རིང་ཡང་ཁ་གསལ་བ། དོན་ཟབ་ཀྱང་རྟོགས་སླ་བར་མཛད་འདུག་པ་རྣམས་སོ།།

དེ་སྔོན་ཡིན་ན་རང་ཉིད་ཀྱིས་གདོང་ལེན་བྱེད་དཀའ་བའི་དོན་དག་རེ་འཕྲད་སྐབས། གལ་ཏེ་ཆོས་རྗེ་བླ་མ་མཆོག་ལ་དཀའ་སྡུག་འདི་འདྲ་ཞིག་འཕྲད་ཚེ་ཇི་ལྟར་གནང་སྲིད་དམ་སྙམ་པའི་དྲི་བ་རེ་རང་གིས་རང་ལ་དྲིས་པ་ཙམ་གྱིས། འགག་འཕྲང་གི་མདུད་པ་གྲོལ་སོང་བའི་སྣང་བ་ཤར་མྱོང་མོད། དེ་དུས་ནི་བླ་མའི་ཆེ་བ་རྣམ་ཐར་འལ་འོལ་ཙམ་ལས་ཤེས་ཀྱི་མེད་ལ། ཉི་མ་འདི་དག་གི་རིང་ལ་བླ་མའི་མཛད་རྣམ་འདིར་ཅུང་ཞིབ་ཙབ་མཇལ་བའི་སྐལ་བཟང་གི་དུས་སྐབས་ཤར་ཏེ། ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཞུ་བ་དེ་ནི་གསུང་རབ་གཞུང་ཆེན་གང་ལའང་ཐོགས་པ་མེད་ཅིང་གནད་ཟིན་པའི་གཟུངས་ཆེན་ཐོབ་པ། དབུ་འཕང་ནམ་མཁའ་ལས་མཐོ་ཞིང་གང་ལའང་འཇིགས་པ་མེད་པའི་སྤོབས་པ་མངའ་བ། སྐབས་དང་སྐབས་མ་ཡིན་པ་མཁྱེན་ཞིང་གྲུབ་པའི་མཐའ་ཐམས་ཅད་འགལ་མེད་དུ་རྟོགས་པའི་བློ་གྲོས་དང་ལྡན་པ། མཁས་དང་གྲུབ་པའི་ཡོན་ཏན་རྫོགས་ཏེ་ཚར་གཅོད་རྗེས་འཛིན་གྱི་ལས་ལ་མངའ་དབང་འབྱོར་བ་སོགས་དཔའ་བ་དང་མཛངས་པ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་གི་ཞལ་རས་མཇལ་བྱུང་བའོ།།   

ནང་ལོ། ༢༥༦༡.༡༡.༢༢ ཉིན་བྲིས།

ཐེག་མཆོག་མཛོད་ཀྱི“རིམ་ཁང”ཞེས་པའི་གོ་དོན།

བཀའ་པོད་གསེར་གྱི་བང་རིམ་མཐོན་པོའི་སྟེང་།།རྫོགས་ཆེན་ཤེལ་གྱི་མཆོད་སྡོང་བསྐྲུན་མཛད་པའི།།ཀློང་ཆེན་ལྷ་ཡི་བུ་ཆུང་རོལ་རྩེད་མཁན།།དད་གསུམ་པདྨའི་རྫིང་བུར་མགྲོན་དུ་འབོད།།དེ་ཡང་བོད་ཀྱི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་འཇིག་རྟེན་གྱི་མིག་དམ་པ་རྣམས་ཀྱིས་རྒྱ་དཀར་ནག་གཙོ་བོར་བྱས་པའི་མི་རིགས་གཞན་ལས་བྱུང་བའི་བཀའ་དང་བསྟན་བཅོས། གསུང་རབ་རིག་གནས་དང་བཅས་པ་སྟོང་ཕྲག་མང་པོ་བོད་སྐད་དུ་བསྒྱུར་མཛད་པ་ལས། མང་ཆེ་བ་སརྒས་བཅིངས་པའི་བསྟན་བཅོས་ཆེན་མོ་དག་ཡིན་ལ། དེ་དག་གི་རྩོམ་གྱི་ཚན་པ་མི་འདྲ་བ་དང་བརྗོད་བྱ་དུམ་བུར་བགོས་པ་ལ། «རྩ་བ་ཤེས་རབ»སོགས་ནི་རབ་བྱེད་ཅེས་པའི་མིང་གི་སྒོ་ནས་ཕྱེས་པ་དང་། «མངོན་རྟོགས་རྒྱན»ལྟ་བུ་སྐབས་ཞེས་པའི་ཐ་སྙད་ཀྱིས་འབྱེད་པ། «མངོན་པ་མཛོད»སོགས་ནི་གནས་ཀྱི་མིང་གིས་ཆོས་ཚན་ཕྱེ་བ། «ཚད་མ་རྣམ་འགྲེལ»སོགས་ལེའུ་ཡི་སྒོ་ནས་དང་། ཆེད་དུ་བརྗོད་པའི་མདོ་ལྟ་བུ་ཚོམས་ཀྱི་མིང་གིས་དུམ་བུར་ཕྱེས་ཡོད་པ་ལགས།

དེ་བཞིན་དུ་བོད་རང་གི་མཁས་པ་དག་གིས་ཀྱང་རྩོམ་ཚན་སོ་སོར་འབྱེད་སྐབས་རྒྱ་གར་གྱི་བསྟན་བཅོས་ཆེན་མོ་དེ་དག་དང་འདྲ་བར་ལེའུ་དང་རབ་བྱེད་སོགས་ཀྱིས་བསྙད་དེ་བརྩམས་གནང་ཡོད་པ་རེད། ཡིན་ན་ཡང་སྤྱི་འགྲོས་དེ་དག་ལས་ཡོངས་སུ་འདས་པ་གཞན་ཞིག་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི«ཐེག་མཆོག་རིན་པོ་ཆེའི་མཛོད»ནི་གོང་གི་རྒྱ་བོད་ཀྱི་མཁས་པའི་གསུང་སྲོལ་ཐུན་མོང་བ་དག་དང་མི་གཅིག་པར་ཆོས་ཚན་མི་འདྲ་བ་རྣམས“རིམ་ཁང”ཞེས་པའི་མིང་གིས་དོན་ཚན་ཉེར་ལྔ་རུ་ཕྱེས་གནང་བ་དེ་རེད། དེ་ལ“རིམ་ཁང”ཞེས་པའི་མིང་གིས་དོན་ཚན་སོ་སོར་འབྱེད་དོན་ཅི་ཞིག་ཡིན་པའི་ཐད་ནས་གཞུང་རང་དུ་ཡང་དངོས་སུ་གསལ་ཁ་མེད་པ་དང་མཁས་པ་གཞན་གྱིས་གསལ་བཤད་མཛད་པ་ཡང་མི་སྣང་བས། གཞུང་འདི་ལ་སློབ་གཉེར་བྱེད་སྐབས་སུ་རིམ་ཁང་ཞེས་པའི་དོན་ལ་བསམ་བློ་ཅུང་ཙམ་བཏང་ཞིང་། རང་བློས་ཚོད་འཇོག་བྱེད་སྟངས་ཞིག་འདིར་འབྲི་བ་ལགས།

«ཐེག་མཆོག་རིན་པོ་ཆེའི་མཛོད»ཅེས་པའི་གཞུང་འདི་ཉིད་རྒྱལ་དབང་ཀློང་ཆེན་པའི་རྩ་བའི་བླ་མ་རིག་འཛིན་ཀུ་མ་རཱ་ཛཱའི་འདས་མཆོད་དགོངས་རྫོགས་ཀྱི་ཚུལ་དུ་མཛད་ཡོད་པར་གྲགས་པ་བཞིན། མཇུག་རྩོམ་ལ་ཞིབ་ཏུ་བསམ་ན་ཡང་གཞུང་འདི་ཉིད་ཁམས་གསུམ་སྲིད་ཞིའི་ཁྱོན་ཐམས་ཅད་ཡོངས་སུ་གང་བའི་མཆོད་རྟེན་ཆེན་མོ་ཞིག་གི་གཟུགས་སུ་བཀོད་ནས་བཞེང་གནང་བ་ཡིན་པས། དེ་ལ་བརྟགས་ན“རིམ་ཁང”ཞེས་པའི་དོན་ཅུང་ཟད་ཤེས་མི་ཐུབ་བམ་སྙམ་མོ། ། དེ་ཡང་མཇུག་རྩོམ་དེ་ཉིད་ལས། “ཆོས་མཆོག་རིན་ཆེན་སྙིང་པོ་ལས་གྲུབ་པ། ། རང་བཞིན་རྫོགས་པ་ཆེན་པོའི་མཆོད་རྟེན་ནི། ། སྣང་སྲིད་འཁོར་འདས་ཞིང་ཀུན་ཐག་གྲུས་ཁྱབ། ། རྩེ་མོ་ལྷུན་མཐོ་ཆོས་དབྱིངས་ནམ་མཁས་ཀླས། །” ཞེས་བསྟན་བཅོད་འདིའི་བརྗོད་བྱའི་གཙོ་བོ་རྫོགས་པ་ཆེན་པོ་ནི། རྩེ་མོ་ནམ་མཁའི་དབྱིངས་སུ་བསླེབས་ཤིང་རྒྱ་ཁྱོན་སྲིད་ཞི་འཁོར་འདས་ཐམས་ཅད་གང་བའི་མཆོད་རྟེན་ཆེན་མོ་ཞིག་གི་གཟུགས་སུ་བཀོད་ཅིང་། དེ་ནས་ཡང་བརྗོད་བྱ་དེའི་ཚུལ་དང་མཐུན་པར། མཇུག་རྩོམ་དེ་ལས། “ཚུལ་དེའི་རྗེས་འགྲོ་ངོ་མཚར་རྨད་ཀྱི་ཆོས། ། ཐེག་མཆོག་མཛོད་ཀྱི་མཆོད་རྟེན་ཆེན་པོ་ཡང༌། ། ཚིག་དོན་རྣམ་བཀྲའི་བཀོད་པ་མཐའ་ཡས་ཤིང༌། ། ཟབ་ཅིང་རྒྱ་ཆེའི་སྣང་བས་མཁའ་དབྱིངས་ཁྱབ། །” ཅེས་དང་། ད་དུང་། “རླབས་ཆེན་ས་འཛིན་ཤིན་ཏུ་མཐའ་ཡས་རྩེ་མོ་ནམ་མཁའི་དབྱིངས་ན་གསལ། ། ཐ་གྲུ་རྒྱ་ཆེ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལས་འདས་གྱུར་ཅིང༌། ། ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཁྱབ་བསྟན་པའི་མཆོད་རྟེན་བཀོད་ལེགས་པ། ། ཕྱི་རབས་དོན་དུ་བསོད་ནམས་འདུན་སླད་ཀུན་མཁྱེན་ངག་གི་དབང་པོས་བཞེངས། །” ཞེས་སོགས་ཀྱི་སྒོ་ནས་བླ་མའི་དགོངས་རྫོགས་ལ་མཆོད་རྟེན་བཞེང་པའི་སྲོལ་ཡོད་པ་ལྟར་རྣམ་པ་མཚུངས་པར་མཛད་ཅིང་། ནང་དོན་བསྟན་བཅོས་ཀྱི་ལུས་སུ་གྲུབ་པ། བསྟན་བཅོས་ཀྱི་དོན་ཚན་རེ་རེ་བཞིན་མཆོད་རྟེན་ཞིག་གི་བང་རིམ་གྱི་གཟུགས་སུ་བཀོད། དོན་ཚན་དེའི་ནང་གི་ཚིག་དོན་རྣམ་པར་བཀྲ་བའི་རྫོགས་ཆེན་གྱི་ལྟ་གྲུབ་དེ་དག་བཀོད་ལེགས་ཀྱི་ཁང་པའི་གཟུགས་སུ་བཀོད་དེ་བྲིས་མཛད་པ་ཡིན་པས། རིམ་ཁང་དང་པོ་དང་རིམ་ཁང་གཉིས་པ་ཞེས་བང་རིམ་གྱི་ཁང་པ་ཉེར་ལྔ་ཅན་གྱི་མཆོད་རྟེན་ཞིག་གྲུབ་པ་ཡིན་ནོ་སྙམ་སྟེ། ཡང་དེ་ཉིད་ལས། ཆོས་ཚུལ་འདི་ནི་ཐེག་མཆོག་རིན་ཆེན་མཛོད། ། ཚིག་དོན་རྣམ་བཀྲའི་རིམ་ཁང་བཀོད་མཛེས་ཤིང་། ། རིམ་ཁང་རེ་ནའང་སྙིང་པོའི་དེ་ཉིད་ཀྱི། ། ཟབ་ཅིང་རྒྱ་ཆེའི་འབྱོར་ཚོགས་དཔག་མེད་ལྡན། ། ཞེས་གསུངས་འདུག་པས་སོ། །       

དེས་ན་འདིར་ལེའུ་དང་རབ་བྱེད་སོགས་མ་གསུངས་པར། རིམ་ཁང་ཞེས་སྨོས་པ་ཙམ་གྱིས་བསྟན་བཅོས་འདི་ཉིད་མཆོད་རྟེན་གྱི་གཟུགས་སུ་འགོད་ཐུབ་པའི་ཤུགས་བསྟན་ཅན་གྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་པར་སྙམ་མོ། །

ཤིན་ཏུ་མཁྱེན་ཡངས་བླ་མའི་བཀའ་དྲིན་གྱིས།།རྒྱལ་ཀུན་ཐུགས་ཀྱི་རིང་བསྲེལ་བཞུགས་པ་ཡི།།ཐེག་མཆོག་མཛོད་ཀྱི་མཆོད་རྟེན་བཀོད་ལེགས་པ།།མཇལ་བའི་བསོད་ནམས་འགྲོ་བ་ཡོངས་ལ་བསྔོ།།ཞེས་པ་འདི་ནི་ཀློང་ཆེན་མཛོད་བདུན་གྱི་སློབ་གཉེར་པ་ལེགས་བཤད་བཟང་པོས་བྲིས་པའོ།།