གློག་བརྙན་ངོ་སྤྲོད་མདོར་བསྡུས།
བོད་འགྱུར་གྱི་མིང་།   སའི་གོ་ལའི་སྟེང་གི་སྐར་མ།
ཐོག་མའི་བརྙན་མིང་།   Taare Zameen Par
རྒྱ་འགྱུར་མིང་།   地球上的星星
རྒྱལ་ཁབ།   རྒྱ་གར།
སྐད་རིགས།   རྒྱ་གར་བྱང་མའི་སྐད། དབྱིན་སྐད།
འཁྲབ་ཁྲིད་པ།   ཨ་སྨི་ཨར• ཧན།
གཙོ་འཁྲབ་པ།   ཨ་སྨི་ཨར• ཧན། ཏཱ་ཞི་ཨར• སཱ་ཧྥ་ཏོན། ཐཱ་ནཱ• ཆི་ཧུ་ཏཱ། ཝེ་ཕིང• ཧྲ་མཱ་ཨར་སོགས།
བོད་སྐད་དུ་སྒྱུར་པ་པོ། མཚོ་སྔོན་ཨ་མའི་བུ་གློག་བརྙན་འཕྲིན་སྐད་སྒྱུར་ལྟེ་གནས།
བོད་སྒྱུར་དང་འགྲེམ་སྤེལ་གྱི་འགན་ལེན་མཁན། ཨ་ཁུ་ཨ་ཇོ་དང་རླངས་ཚང་བསོད་ནམས་རྡོ་རྗེ།
འགྲེམ་དུས།   2007-12-21
བརྙན་རིགས།   གཏམ་རྒྱུད། སློབ་གསོ།
ཡུན་ཚད།   སྐར་མ165
བོད་སྐད་ཀྱི་འགྲེམ་སྤེལ་མཛད་སྒོ། རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་ནས་བསྡུས།

ནང་དོན་མདོར་བསྡུས།
《སའི་གོ་ལའི་སྟེང་གི་སྐར་མ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཨ་སྨི་ཨར• ཧན་གྱིས་འཁྲབ་ཁྲིད་དང་གཙོ་འཁྲབ་བྱས་ཤིང་། ཏཱ་ཞི་ཨར• སཱ་ཧྥ་ཏོན་དང་ཐཱ་ནཱ• ཆི་ཧུ་ཏཱ། ཝེ་ཕིང• ཧྲ་མཱ་ཨར་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བྱིས་པའི་སློབ་གསོའི་སྐོར་གྱི་གློག་བརྙན་ཞིག་ཡིན་པ་དང་གློག་བརྙན་འདིའི་ནང་དུ་བྱིས་པ་ཡེ་ཤེས་ཟེར་བ་ཞིག་གི་ནར་སོན་བརྒྱུད་རིམ་ཁྲོད་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཞིག་བརྗོད་འདུག

ཡེ་ཤེས་ནི་ལོ་ན་དགུ་ཅན་གྱི་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད། ཁོ་ལ་སློབ་སྦྱོད་ཐད་དཀའ་ངལ་ཆེན་པོ་འཕྲད་ནས་ཅི་བྱ་གཏོལ་མེད་དུ་གྱུར། ཡིན་ན་ཡང་ཁོ་རི་མོ་འབྲི་རྒྱུར་ཅུང་ཟད་དགའ་བོ་ཡོད། འོན་ཀྱང་དེ་ལ་སུས་ཀྱང་དོ་སྣང་མ་བྱས། མ་གཞི་ཁོའི་བསླབ་ཚན་གཞན་དག་གི་སྐར་འབྲས་ཧ་ཅང་ཞན་པས་སློབ་གྲྭའི་དགེ་རྒན་ཚང་མ་ཁོ་ལ་ཡིད་ཆད་ཡོད་པ་མ་ཟད། ཁོས་ནམ་རྒྱུན་སློབ་གྲོགས་ཚོས་འཕྱ་དམོད་དང་བརྙས་བཅོས་ཁུར་དགོས་བྱུང་། ད་དུང་ཕ་མས་ཀྱང་བཀའ་བཀྱོན་ནན་མོ་གནང་བས་ཁོའི་སེམས་པ་སྡུག་གིས་ཁེངས་ཡོད།

སྐབས་ཤིག་ཁོའི་ཨ་ཕ་ཐབས་ཟད་ནས། ཁོ་རང་ཁྱིམ་དང་ཁ་ཐག་རིང་བའི་བཅའ་སྡོད་སློབ་གྲྭར་བསྐྱལ། ཁོས་དེ་ནི་ཁོ་ལ་ཆད་པ་གཅོད་སྟངས་ཤིག་རེད་བསམ་ནས་སེམས་པ་སྔར་བས་ཀྱང་སྡུག་ཏུ་ཕྱིན། ནམ་རྒྱུན་གཞན་ལ་སྐད་ཆ་ཤོད་རྒྱུར་མི་དགའ་ལ། གྲོགས་པོ་ཀྱང་སྒྲིག་མི་འདོད། ཁོའི་གྲལ་མཚེས་རྐང་བ་མི་བཟང་བའི་བྱིས་དེ་མ་གཏོགས་གཞན་ཚང་མས་སྔར་བཞིན་མཐོང་ཆུང་བྱས།

ཉིན་ཞིག་རི་མོའི་དགེ་རྒན་ཉི་ཁོ་ཐོན་ནས་ཁོ་ལ་མཉམ་པར་བཞག ཁོ་ལ་རོགས་རམ་ཅི་ཐུབ་བྱས་པ་མ་ཟད་ཞིབ་འཇུག་ཡང་ཡང་བྱས་མཐར་ཡེ་ཤེས་ནི་ཐུན་མོང་མ་ཡིན་པའི་བྱིས་པ་ཞིག་ཡིན་པ་རྟོགས། ཁོའི་དཀའ་ངལ་དང་ཁེར་རྐྱང་རྟོགས་ལ། ད་དུང་ཁོའི་རྣམ་དཔྱོད་དང་འཇོན་ནུས་ཡང་རྟོགས་སོང་། དགེ་རྒན་དེས་ཡེ་ཤེས་ཀྱི་གནས་བབ་ལ་འཚམས་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁོ་ལ་ཡང་བསྐྱར་རྨང་གཞིའི་སྐོར་གྱི་སློབ་ཁྲིད་བྱས། ཁོའི་སློབ་སྦྱོང་ལ་ཡར་ཐོན་ཆེན་པོ་བྱུང་། མཐར་རི་མོའི་འགྲན་བསྡུར་ལས་ཨང་དང་པོ་བླངས་པ་དང་། དེས་སློབ་གྲྭའི་དགེ་རྒན་དང་སློབ་མ། ཁོའི་ཕ་མ་སོགས་ངོ་མཚར་དུ་བཅུག་པ་དང་། ཚང་མས་དགེ་རྒན་ཉི་ཁོ་ལ་རྗེས་སུ་ཡི་རངས་བྱས་པར་མ་ཟད་ཡེ་ཤེས་ལ་བཟུང་བའི་རྣམ་འགྱུར་དེ་ཡང་གཞི་ནས་འགྱུར་སོང་།

གློག་བརྙན་འདིའི་ཁྲོད་ནས་གནས་ལུགས་ཤིག་མཐོང་བ་ནི། འཇོན་ཐང་ཅན་གྱི་བྱིས་པ་མང་མོད། འཇོན་ཐང་སྔོག་འདོན་བྱེད་ཤེས་པའི་ཕ་མ་དང་དགེ་རྒན་ཧ་ཅང་ཉུང་ཞེས་པ་དེའོ། ང་ཚོ་ལ་ཡེ་ཤེས་ལྟ་བུའི་སློབ་མ་མང་མོད་། འོན་ཀྱང་དགེ་རྒན་ཉི་ཁོ་ལྟ་བུ་ཧ་ཅང་ཉུང་། ཕལ་ཆེར་མེད་ལབ་ཀྱང་ཆོག

རང་གི་བསམ་ཚུལ།

གློག་བརྙན་འདི་ནི་དགེ་རྒན་ཁྱིམ་བདག ད་དུང་ཆུང་འབྲིང་སློབ་མ་རྣམས་ཀྱིས་ངེས་པར་བལྟ་དགོས་པར་བསམ། ལྷག་པར་སློབ་སྦྱོང་ལ་ཞན་པའི་སློབ་མ་དང་དེའི་ཁྱིམ་བདག་གིས་བལྟས་ན་ཕན་པ་ཆེ་བར་འདོད།
ང་ཚོའི་ཉེ་འགྲམ་ན་ཡང་ཀློག་འདོན་དང་ཡི་གེ་ངོས་འཛིན་སོགས་ལ་དཀའ་ཁག་འབྱུང་བཞིན་པའི་སློབ་མ་ཡེ་ཤེས་ལྟ་བུ་ཧ་ཅང་མང་པོ་ཡོད། ང་ཚོའི་དགེ་རྒན་ཚོས་ཁོ་ཚོའི་བྱེ་བྲག་གི་གནད་དོན་དེ་རིགས་མ་གཏོགས་པས། ནམ་རྒྱུན་ཁོ་ཚོའི་དགོས་མཁོ་ལྟར་རོགས་རམ་བྱས་ནས་དཀའ་ཁག་སེལ་བ་ལས་གཤེ་གཤེ་གཏོང་བ་དང་གཅར་རྡུང་བྱེད་པ་སོགས་དྲག་པོའི་ཐབས་ལ་བརྟེན་ནས་ཁོང་་ཚོ་ཡར་སྐྱེད་འབྱུང་བར་རེ་བ་བྱེེད་ཀྱིན་ཡོད། འོན་ཀྱང་རེ་བ་དེ་ཧ་ཅང་འགྲུབ་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི་ང་ཚོས་ཁོ་ཚོའི་སེམས་ཁམས་མ་རྟོགས་པ་དང་ཁོ་ཚོའི་བྱེ་བྲག་གི་གནད་དོན་ངེས་འཛིན་བྱས་མེད་པས། ཕན་འབྲས་རྩ་བ་ནས་ཐོན་གྱི་མེད།

ཁྱིམ་བདག་སྐལ་ཚེས།
2018/ 11/ 3」