དེ་རིང་སློབ་གསེང་གི་གོ་སྐབས་བེད་སྤྱད་དེ་དེབ་ཆུང་ཞིག་བཀླགས་པ་ཡིན། དེབ་ཀྱི་ཁ་བྱང་ལ«ཆག་ལོ་ཙཱ་པ་ཆོས་རྗེ་དཔལ་གྱི་རྣམ་ཐར»ཞེས་ཟེར་ཞིང་། རྩོམ་པ་པོ་ནི་ཁོང་གི་ཞབས་ཟིན་གྱི་དངོས་སློབ་འཇུ་བ་ཆོས་དཔལ་དར་བྱང་ཞུ་བ་ཡིན་འདུག རྣམ་ཐར་གྱི་བརྗོད་བྱ་ནི་ཆག་ལོ་ཙཱ་པ་ཆོས་རྗེ་དཔལ་བ་ཡིན་ཞིང་། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆག་ལོ་ཙཱ་པ་སྔ་ཕྱི་གསུམ་བྱུང་བར་ཐོས་པའི་སྔ་མ་ཆག་དགྲ་བཅོམ་པའི་ཚ་བོ་ཡིན་ལ་ཁོང་གི་དངོས་སློབ་ཀྱང་ཡིན། དེབ་འདི་ནི་འཕྲུལ་དེབ་ཀྱི་རྣམ་པར་བཟོས་པའི་ལག་བྲིས་མ་ཐེབས་ཆག་ཅིག་ཡིན་པས་ཀློག་དཀའ་བའི་སུན་ཚོར་ཀྱང་བྱུང་མོད། ཤོག་ལྷེ་ཉུང་བ་དང་ལོ་ངོ་བརྒྱད་བརྒྱའི་རིན་ཐང་སྦྲུམ་པའི་དོན་ལ་དཔགས་ཏེ་ཨུ་ཚུགས་ཀྱིས་ཆ་ཚང་བར་བཀླགས་པ་ཡིན།  དེབ་འདི་ནི་ལེའུ་བཅུ་དྲུག་གི་བདག་ཉིད་དུ་གྲུབ་ཅིང་། སྔོན་བྱོན་དམ་པའི་རྣམ་ཐར་སྤྱི་ཡོངས་དང་མི་འདྲ་བའི་རྩོམ་སྟངས་ཤིག་སྤྱད་ཡོད་པའི་སྣང་བ་སྟེར་ཏེ། རྣམ་ཐར་གྱི་དབུར་བླ་མའི་གསུང་དྲི་མ་མེད་པ་བསྒྲིགས་པ་ཞེས་གསུངས་པ་ནང་ལྟར་ཚིག་རིས་མང་ཆེ་བ་ཆག་ཆོས་རྗེ་དཔལ་ཁོང་གི་གསུང་རྣམས་དེ་ག་རང་དྲངས་ཏེ་བམ་བཤད་སྤྲིན་སྨུག་གིས་ནམ་ཡང་གཡོགས་མེད་པའི་ཚོད་དུ་མཐོང་སོང་།

ཆག་ལོ་ཆོས་རྗེ་དཔལ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་འཁྲུངས་ཤིང་། ས་སྐྱ་པཎ་ཆེན་དང་དུས་མཉམ་པའི་ལོ་ཙཱ་པ་དང་མཁས་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་རྣམ་ཐར་རང་དུ་འདི་ལྟར་གསལ་ཏེ། ཕྱིས་ས་སྐྱར་མཇལ་དུས་གསུང་གླེང་མཛད་པས། ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལོ་ཙཱ་པ་རིན་ཆེན་བཟང་པོའི་རྟིང་ལ་ཁྱེད་ལས་མཁས་པ་མ་བྱུང་ངེས་པ་ཡིན། ང་ཡང་ཁྱེད་ཀྱི་འདི་ལྟར་མཁས་པ་ཅིག་བྱ་སྙམ་པ་ལ། ཡབ་མེས་ཀུན་གྱིས་རྒྱ་གར་དུ་མ་བཏང་བས་ལན། སྐུ་དྲིན་ཆེ་ལ་ཆུང་དུ་བྱུང་། ཆེ་སྟེ། ཆོས་དང་། ལོངས་སྤྱོད་དང་མ་བྲལ་བར་མཛད། ཆུང་སྟེ། རྒྱ་གར་དུ་མ་བཏང་གསུངས་སོ། །  ཞེས་གསུངས་པ་འདི་ལས་རྣམ་པ་གཉིས་ཀ་དངོས་སུ་མཇལ་བར་མ་ཟད་ཐུགས་རྒྱུས་ཀྱང་ཡོད་པར་མཐོང་ཐུབ། ད་དུང་ཆོས་རྗེ་འདི་བས་ཁྲོ་ཕུ་ལོ་ཙཱ་པ་བྱམས་པ་དཔལ་གྱི་ཞབས་ལའང་གཏུགས་ཡོད་པ་དང་། ཁྲོ་ཕུ་པས་ཆོས་རྗེ་བ་ཁོང་རྒྱ་གར་དུ་འབྱོན་པ་ལ་སྐུ་ཚེར་དགག་བྱ་ཆེ་བར་གསུངས་པའང་རྣམ་ཐར་དུ་འཁོད་འདུག

སྔོན་ཆད་བདག་གིས་ཐོས་པ་དུས་གཅིག་ན། ཉན་ཐོས་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་འཁྱེར་མཁན་མཐོང་ན། ཁྱེད་རང་དགེ་སློང་རྣམ་དག་ཅིག་ལ་མི་འོས་པའི་གླེགས་བམ་དེ་ཆུར་གཡུགས་ཤིག་ཟེར་བ་རེད་ཅེས་པ་ཞིག་གོ་ཐོས་ཙམ་ཡོད་པ་ནི། རྣམ་ཐར་འདི་ལས་ཡོངས་སུ་གསལ་ཏེ། {རྡོ་རྗེ་གདན་དགེ་འདུན་གྱི་གཙུག་ལག་ཁང་ཞེས་བྱ་བར་བླ་མ་ཆོས་རྗེས་བརྒྱད་སྟོང་པའི་རྒྱ་དཔེ་གཅིག་ཁུར་ནས་བྱོན་པས། དཀོན་གཉེར་ཉན་ཐོས་ཤིག་ན་རེ། ཆོས་ཅི་ཡིན་ཟེར། ཆོས་རྗེས་པྲ་ཛྙཱ་པཱ་ར་མི་ཏཱ་ཧོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གསུངས་པས་དེ་ན་རེ། ཁྱོད་དགེ་སློང་ལེགས་པོ་ཞིག་འདུག་པ་ལ་ཐེག་པ་ཆེན་པོའི་ཆོས་རྒྱབ་ཏུ་ཁུར་བ་དེ་མ་ལེགས། དེ་བོར་ལ་ཆུ་ལ་སྐྱུར་ཅིག་ཟེར་ནས་སྣ་འགེབས་སུ་བྱུང་། ཐེག་པ་ཆེན་པོ་བྱ་བ་སངས་རྒྱས་ཀྱིས་མ་གསུངས། ཀླུ་སྒྲུབ་ཟེར་བའི་དབང་པོ་རྣོ་རྒྱུ་རེ་གཅིག་གིས་བཅོས་པ་ཡིན་ཟེར།} ཞེས་གསུངས་འདུག་ལ།

ཆོས་རྗེ་དཔལ་བ་རྒྱ་གར་དུ་སླེབས་དུས་གར་ལོག་གི་དམག་གིས་རྒྱ་གར་རྡོ་རྗེ་གདན་གྱི་ཉེ་རྒྱང་དུ་གནས་བཅས་པའི་ཆོས་ཀྱི་གཙུག་ལག་ཁང་དང་སངས་རྒྱས་པའི་ཆོས་གཞིས་ཁག་ནི་ཡོངས་སུ་བཅོམ་ཡོད་པར་མངོན་ཏེ། {མ་ག་དྷའི་བྱེ་བྲག་དཀྵི་ཎ་ཞེས་པ་ལྷོ་ཕྱོགས་ཀྱི་རྒྱུད་ཅེས་པ་ན་བཛྲ་ས་ན་རྡོ་རྗེ་གདན་ཡོད། བྱ་རྒོད་ཕུང་པོའི་རི་དང་། ན་ལེནྡྲ་དང་། རྒྱལ་པོའི་ཁབ་དང་། འོད་མའི་ཚལ་ཡོད། བི་ཀྲ་མ་ལ་ཤི་ལ་ཆོས་རྗེ་གོང་མའི་དྲུང་དང་། ཁ་ཆེ་པཎ་ཆེན་གྱི་དུས་ན་ཡོད་པ་ན། ཆོས་རྗེ་བྱོན་པ་ན་གར་ལོག་གིས་རྨང་རྡོའང་བཏོན་ཏེ་ཆུ་བོ་གངྒཱ་ལ་བསྐྱུར་ནས་མི་འདུག་གསུངས།} ཞེས་གསུངས་ཤིང་། གར་ལོག་གིས་དམག་ཆེན་སླེབས་པའམ་གང་ལྟར{བླ་མ་ཆོས་རྗེས་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་པ་ལ་གྲོང་བཙུན་བཞི་ཡོད་པའི་རྒྱུས་ཅན་ཞིག་ན་རེ། མ་ལེགས། གར་ལོག་གིས་ཉེན་ནས་བྲོས་པ་ཡིན་ཟེར།} ཞེས་གསུངས་ཡོད་པས་སྐབས་དེར་རྒྱ་གར་ལ་ཏུ་རུ་ཁའི་དམག་སླེབས་ནས་ཡུན་རིང་པོ་སོང་ཡོད་དེ། སྐབས་སྔ་ཕྱི་དག་ཏུ་ཁ་ཆེ་པཎ་ཆེན་སོགས་ལོ་པཎ་མང་པོ་བཞུགས་བཟོད་མ་བདེ་བར་བོད་ཡུལ་དུ་སླེབས་པ་ལོ་རྒྱུས་གཞན་དུ་གསལ་བ་ལྟར་རོ། །

ཆག་ལོ་ཙཱ་པ་ཁོང་རྒྱ་གར་དུ་བྱོན་དུས་ནང་བསྟན་གྱི་གནས་གཞི་མང་ཆེ་བ་འཇིག་ཚབས་ཆེ་བར་མཐོང་ལ། ཁྱད་པར་དུ་བྱ་རྒོད་ཕུང་པོའི་རི་བོའང་གཅན་གཟན་དང་དུག་སྦྲུལ་གྱིས་ཡོངས་སུ་བཟུང་བའི་ནགས་ཚལ་སྟུག་པོའི་རི་ལྗོངས་ཤིག་ཏུ་གྱུར་འདུག་སྟེ། {སྤྱིར་རྒྱ་གར་ན་རི་མེད། བྱ་རྒོད་ཕུང་པོའི་རི་དེ་བོད་ཀྱི་རི་འབྲིང་ཙམ་པ་དེ་བོར་ཡོད་པ། རྩེ་མོ་ཟླུམ་འཁྱིལ་ལེ་བ། ཕྱོགས་ཐམས་ཅད་ནགས་ཀྱིས་ཁེངས་པ། རི་སུལ་ལ་ལ་ནས་ཆུ་འབབ་པ། ལ་ལ་ན་བྲག་ཡོད་པ། སྟག་དང་། དོམ་དང་། དྲེད་དང་། གཅན་གཟན་མང་པོ་གནས། དེར་མི་ཕལ་གྱིས་འགྲོ་མི་ནུས་པ། གྲུབ་པ་ཐོབ་པའི་པཏ་དུག་སྦྲུལ་དང་གཅན་གཟན་གྱིས་མི་ཚུགས་པ་འགའ་རེ་ཙམ་བཞུགས་པ། དབྱར་ཤིང་དང་རྩ་ཐམས་ཅད་སྐྱེས་པས་རི་མདོག་སྔོན་པོར་སྣང་བ། དགུན་རྩ་དང་འཇག་མ་གང་ཡོད་པ་རྣམས་སྐམ་པས་མདོག་སྐྱ་བོར་སྣང་བ།} ཞེས་གསུངས་པ་ལྟར་བྱ་རྒོད་ཕུང་བོའི་རི་བོའི་སྟེང་དུ། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བའི་ཆོས་ཀྱི་ཁྲི་སོགས་ཀྱང་རྩྭ་ལྡུམ་ནགས་གསེབ་ཏུ་ཐིམ་ནས་ཡོད་པ། ཆོས་རྗེ་ཁོང་བས་བསྐྱར་གསོ་དང་འབྲེལ་བའི་གནས་གཞི་གཙང་མར་བཟོས་པར་ངེས་ཏེ། {དེར་ཆོས་རྗེ་ཆག་ལོ་ཙཱ་པས་མི་མང་པོ་ལ་རྔན་པ་བྱིན་པས། ལ་ལས་མདའ་གཞི་ཐོགས། གཅན་གཟན་འབྲོས་པའི་ཐབས་ལ་ལ་ལས་རྔ་བརྡུངས། དུང་དང་། ཆ་ལང་དང་། འབུད་དཀྲོལ་མང་པོ་ཐོགས། ལ་ལས་སྙུག་ཕོན་རློན་པ་ལ་མེ་སྦར་ནས་ཙག་ཆོལ་ཆེན་པོ་འོང་བ་ཁྱེར་ནས་བྱོན།}ཞེས་གསུངས་འདུག་ལ། སྤྱིར་རྒྱ་གར་ན་རི་མེད་ཅེས་པ་ཡང་། ཁོང་གིས་ངོས་བཟུང་བའི་རྒྱ་གར་ནི་རྒྱལ་བ་དོན་ཀུན་གྲུབ་པ་སངས་རྒྱས་པའི་གནས་དང་འདབས་འབྲེལ་བ་དག་ཡིན་ཤས་ཆེ་སྟེ། ཡུལ་དེ་དག་ཏུ་རི་མཐོན་པོ་མེད་ཅེས་པ་ལས་ཧིན་དུའི་རྒྱལ་ཁམས་ཡོངས་ན་རི་བོ་མེད་པ་ནི་གཏན་ནས་མིན་ནོ། །

ཡང་རྣམ་ཐར་ལས། {དེ་ནས། ཆོས་རྗེའི་དྲུང་དུ་སླེབས་པ་དང་ལྕགས་ཀྱུ་དེས་སྣ་རྩ་ནས་བཟུང་མི་ལྔས་རྒྱལ་པོ་གླང་པོ་ཆེའི་སྟེང་ནས་ལོགས་ལ་འབྲེང་ཐག་གི་སྐས་ལས་ཤོད་དུ་ཕབ་སྟེ། རྒྱལ་པོས་ཆོས་རྗེ་བ་དང་ལྔ་པོ་ལ་ཕྱག་འཚལ་ཞིང་རཱ་ཧུ་ལ་ཧེ་བནྡ་ན་ཀྱེ་ཇོ་བོ་ལ་ཕྱག་འཚལ་ཞེས་པར་རྒྱ་གར་གྱི་རྒྱལ་པོ་ཆེན་པོ་དེ་འདྲ་བ་ཡང་རབ་ཏུ་བྱུང་བ་ལ་ཕྱག་འཚལ་ཏེ། བོད་བ་གླང་ཡིན་པས་དེ་འདྲ་མི་ཤེས་གསུངས་སོ། །} ཞེས་དང་། གཞན་ཡང་ཆོས་རྗེ་དཔལ་ཁོང་བ་ཡར་ལུང་སྟག་ཚལ་དུ་པཎྚི་ཏ་དཱ་ན་ཤཱི་ལར་མཇལ་བའི་སྐབས་སུ། {པཎྚི་ཏ་འདར་སིག་སིག་སྤྱན་ཆབ་སིལ་ལི་ལི་བྱུང་། མཁས་མཁས་ང་བས་ཁྱོད་མཁས་པར་འདུག ཁྱོད་རྒྱ་གར་དུ་ཡུན་རིང་དུ་སྦྱངས་པས་པཏ་ཆེན་པོའི་ཆེན་པོར་འདུག ང་བོད་དུ་བསྡད་པས་བ་ལང་དུ་སོང་།} ཞེས་སྐབས་དེའི་མཁས་པ་ཀུན་གྱི་ངག་ཏུ་བླུན་པོའི་དཔེ་རུ་བ་ལང་བཀོལ་གྱིན་འདུག་པ་འདྲ་སྟེ། ས་པཎ་གྱིས་ཀྱང་། བླུན་པོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་མདུན་ན་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་ལང་ངོ་། ། ཞེས་སྐབས་དེར་མི་ལ་དུད་འགྲོ་ཞེས་སྨོད་པའི་ཚིག་རྩུབ་དག་ལ་ཅི་མི་སྙམ་པར་མི་འཛེམ་པའི་རྣམ་པ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སླེབས་ཡོང་ངོ་། །

གཞན་ཡང་སྐབས་དེར་རྒྱ་གར་དབུས་རྒྱུད་དེ་མུ་སྟེགས་པའམ་གར་ལོག་གི་དམག་གིས་བཟུང་སྟབས་ཐེག་པ་ཆེན་པོ་བ་ནི་ཧ་ཅང་ཉུང་བར་སྣང་སྟེ། {སྤྱིར་རྒྱ་གར་ན་མུ་སྟེགས་མང་། དེ་བས་ཉན་ཐོས་ཉུང་། དེ་བས་ཀྱང་ཐེག་ཆེན་པ་ཉུང་། བོད་ཀྱི་ཐེག་ཆེན་པ་བས་ཀྱང་རྒྱ་གར་གྱི་ཐེག་ཆུང་བ་ཕན་སེམས་ཆེ།} ཞེས་གསུངས་པ་འདི་ལས་ཞར་འཕྲོས་སུ་རྟོགས་ཐུབ་པ་གཞན་ཞིག་ནི་འདི་ནས་བརྩིས་པའི་མི་ལོ་བརྒྱད་བརྒྱའི་གོང་རོལ་ཏུ་བོད་ཀྱི་ཐེག་ཆེན་གྱི་ཆོས་ཉམས་སུ་ལེན་པ་དག་གི་བརྩེ་སེམས་ཀྱི་མཛད་བཟང་དེའང་མིག་ལ་ཤར་ཐུབ་པ་ཞིག་མ་ཡིན་ནམ། ད་དུང་ཡང་། {བསྟན་པས་ཕྱེ་བའི་དབུས་ནི། ཐོས་བསམ་སྒོམ་གསུམ་གར་ཡོད་པ་ནི་དབུས། མེད་པ་ནི་མཐའ་འཁོབ་ཡིན་ནོ་གསུངས་སོ། །} ཞེས་གསུངས་པས། ང་ཚོའི་ཆོས་གཞུང་ཁ་ཤས་སུ་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་དབུས་དང་མཐའ་འཁོབ་ཀྱི་དོན་ནི་འཁོར་རྣམ་པ་བཞི་རྒྱུ་མི་རྒྱུའི་ཆ་ནས་འཇོག་པར་གསུངས་པའི་དམ་བཅའ་ནི་རིགས་པ་འདིས་གཤགས་ནུས་སམ།

ཡང་རྣམ་ཐར་དུ་འདི་ལྟར་བཤད་ཡོད་དེ། {དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གཏོད་ཅིང་། ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གཏོད། ཅེས་གསུངས་པས་རྡོ་རྗེ་གདན་ན་སྒོ་ལྷོར་བསྟན་པ་གཅིག་ཀྱང་མེད་ལ། བོད་ཀྱི་གཙུག་ལག་ཁང་ཆེན་རྙིང་བ་རྣམས་ལའང་སྒོ་ལྷོར་བསྟན་པ་མེད་དོ། །} ཞེས་འཕགས་བོད་ཉིས་ཆར་གཙུག་ལག་ཁང་སོགས་ལ་ལྷོ་སྒོ་མི་བྱེད་པའི་རྒྱུ་རྐྱེན་ནི་ཅི་ཞིག་ཡིན་ནམ། དེང་སང་ང་ཚོ་བོད་པའི་ཞིང་འབྲོག་མང་ཚོགས་ཀྱི་སྦྲ་སྒོ་དང་ཁང་སྒོ་མང་ཆེ་བ་ལྷོ་ལ་གཏད་པ་ནི་བཟང་བོར་བཤད་པ་ཐོས་པས། འདི་ཡང་གཞི་གང་ཞིག་ལ་ཁུངས་བཅོལ་བ་ཡིན་ནམ།

སྤྱིར་ཆག་ལོ་ཆོས་རྗེ་དཔལ་འདི་བའི་མཁས་ཚད་ནི། ལོ་ཆེན་རིན་བཟང་བའི་རྗེས་སུ་བྱོན་པའི་བོད་ཀྱི་མཁས་པ་དག་གི་རྩེ་གྲས་སུ་སླེབས་ཡོད་པ་གོང་དུ་ས་སྐྱ་པཎ་ཆེན་དང་པཎྚི་ཏ་ད་ན་ཤཱི་ལ་སོགས་ཀྱིས་བསྔགས་པ་ནང་ལྟར་ཏེ། ཁོང་གི་ལེགས་སྦྱར་གྱི་ཤེས་ཚད་ནི་དེ་བས་ཀྱང་རྨད་དུ་བྱུང་བ་རྣམ་ཐར་རང་དུ་འདི་ལྟར་མངོན་ཏེ། {ལན་ཅིག་བསྐོར་བ་མཛད་པ་ལ་སུ་ཡིན་ཟེར། བྷོ་ཊ་ཧོ་བོད་ཡིན་གསུངས་པས། འཁོར་རྣམས་ཡིད་མ་ཆེས་ཏེ། ཆོས་རྗེའི་ཚེམས་ལེགས་པ་དང་། སཾསྐྲིཏའི་སྐད་ལ་བྱང་བ་དེས་རྒྱ་གར་བ་རང་ཡིན་ནམ་སྙམ་འདུག ཁོང་རྣམས་ན་རེ། རྫུན་མ་གཅིག་འདུག བོད་མིན་ཟེར་བ། དཀོན་གཉེར་གཅིག་གིས་ཞབས་ཀྱི་སེན་མོ་ཀྱོང་ངེ་བ་གཅེར་བ་མཐོང་བས། བོད་དུ་འདུག བོད་ལྷམ་གོན་པའི་རྟགས་ལ་པ་ཤ་ཡ་པ་ཤ་ཡ་ལྟོས་དང་ལྟོས་དང་ཟེར་བས་རྫུན་མིན་པར་གོ དེར་ཁོང་རྣམས་ན་རེ། སཾསྐྲིཏའི་སྐད་འདི་ཙམ་བྱང་བ་བོད་ལ་འོང་བ་ཅི་ཡིན་ཟེར། ངས་བསླབས་པ་ཡིན་བྱས་གསུངས་ནས་བཞད།}ཅེས་གསུངས་ཤིང་། དེ་དུས་རྒྱ་གར་གྱི་ལུང་བ་རང་དུ་མི་ཚང་མ་རྐང་རྗེན་དུ་འགྲོ་གིན་ཡོད་པ་གསལ་བར་ཤེས་ཐུབ་ཅིང་། དེ་བས་བོད་པ་ཚོའི་མགོ་ན་ཞྭ་དང་རྐང་ན་ལྷམ་ཡོད་པ་ཡང་གོ་ཐུབ་པ་ནི་ཟུར་འཕྲོས་ཙམ་སྟེ། ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་པར་ཐར་པ་ཞིབ་བཀླགས་ལས་འཕྲོས་པའི་ཚིག་ཐོ་ཙམ་དུ།  སྒང་བ་བོད་ཀྱི་མྱི་ཆེན་གྱིས་བཀྲ་ཤིས་ཆོས་ཐང་དུ་བྲིས། 2018.11.6