བཤད་མཁན།   དོ་རྒྱ་བསོད་ནམས་ཚེ་རིང་།  

ཡི་གེར་ཕབ་མཁན།   ཤ་བོ་གསེར་མཚོ།

བཀྲ་ཤིས་བདེ་ལེགས། སློབ་ཁྲིད་གླིང་གི་དྲྭ་གྲོགས་རྣམ་པ་ལ་དགེ་ཆོས་བརྒྱུད་ནས་ཁ་བརྡ་རེ་བྱོས་ཟེར་བཞིན་འདུག ང་རང་ཉིད་ལ་མཚོན་ན་སློབ་ཁྲིད་བྱེད་མཁན་དང་སློབ་གསོའི་མཁས་པ་ལྟ་བུ་མ་རེད། ཡིན་ཡང་གདན་འདྲེན་བྱས་ཚེ་དང་ལེན་མི་བྱེད་ས་མི་འགྲོ་བས། ཤེས་ཚོད་ཀྱིས་ཁ་བརྡ་ཞིག་བྱེད། ཚོགས་པ་འདིའི་ནང་གི་ཚོགས་མི་ཚང་མ་ནི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡིན་པ་དང་། མང་ཆེ་ཤོས་ནི་སི་ཁྲོན་ཕྱོགས་ནས་ཡིན་ཁ་རེད། དེས་ན་གཤམ་དུ་སྐད་ཡིག་དགེ་རྒན་གྱིས་དཔེ་ཆ་གཙོ་བོ་གང་དག་ལ་བལྟ་དགོས་པ་དང་དེ་དག་གི་གནད་རྣམས་ཟིན་བྲིས་ལ་འདེབས་ཚུལ་ཅུང་ཟད་ཞུ་བར་བྱ།

དགེ་རྒན་ནི་སློབ་ཁྲིད་བྱེད་མཁན་དང་རིག་གནས་དར་སྤེལ་བྱེད་མཁན་རེད་ལ། རིག་གནས་དར་སྤེལ་བྱེད་དགོས་ན་ཐོག་མར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་བསྒྲགས་བྱེད་དགོས་པ་གདོན་མི་ཟ། དེས་ན་སྲོལ་རྒྱུན་རིག་གནས་ལ་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དང་བསྟན་བཅོས་ཀྱི་སྲོལ་རྒྱུན་རིག་གནས་ཞེས་རིགས་གཉིས་ཡོད། དགེ་རྒན་ནི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་མཁན་གྱི་མཁས་པ་ཡིན་པས། ཐོག་མར་བོད་སྐད་ཤེས་དགོས་པ་དང་དེ་ནས་བོད་ཡིག་ཡང་དག་པ་ཞིག་ཤེས་དགོས་པར་མ་ཟད། བོད་ཀྱི་གླུ་དང་ལ་གཞས་སོགས་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཤེས་ན་ནི་དགེ་རྒན་ཞིག་གི་རྒྱན་རེད་མོད། ཡིན་ཡང་དེ་ཁོ་ན་ཤེས་པ་ནི་སློབ་མ་ལ་མཁོ་བའི་ཡོན་ཏན་ཅན་ཞིག་མིན་པས། ངེས་པར་དུ་སྲོལ་རྒྱུན་རིག་གནས་ནང་གི་བསྟན་བཅོས་ཀྱི་སྐོར་དེ་ཡིན་གཅིག་མིན་གཉིས་ཤེས་དགོས། དེ་ཤེས་དགོས་ཚེ་དཔེ་ཆ་ཤེས་པ་ཙམ་དང་དཔེ་ཆ་ཉོས་པ་ཙམ།  དཔེ་ཆར་བལྟས་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ཆོས་རྒྱུན་གཙང་ཞིང་ཁྲིད་རྒྱུན་ཡོད་པ། རང་ཉིད་དད་སའི་དགེ་རྒན་ཞིག་ལ་བསྟེན་ནས་སློབ་དགོས་པ་རེད།

དཔེར་ན། གཅིག་ནས་སི་ཁྲོན་རྔ་བ་ཕྱོགས་ལ་མཚོན་ན་གྲུབ་མཐའ་རིས་མེད་ཡིན་ས་དང་གྲུབ་མཐའ་སྣ་ཚོགས་ཡོད་ས་ཡིན་པས། ངེས་པར་དུ་རྗེ་རིན་པོ་ཆེའི《ལམ་རིན་ཆེན་མོ》འདི་ལ་ཚད་དང་ལྡན་པའི་དགེ་རྒན་ཞིག་གི་མདུན་ནས་སློབ་གཉེར་བྱེད་དགོས་པ་དང་། དེའི་རྗེས་ནས་དེ་དང་འབྲེལ་བའི་དཔེ་ཆ་མང་པོ་ལ་བལྟས་ན་ད་གཟོད་ཡོན་ཏན་མོད་པོ་འབྱོར་སྲིད། དེ་བཞིན་དུ་རང་ཉིད་དང་ཁྱིམ་རྒྱུད་རྙིང་མ་ལ་དད་པ་ཡོད་མཁན་ཞིག་ཡིན་ན་རྙིང་མའི་ཕྱོགས་ཀྱི《ཀུན་བཟང་ཞལ་ལུང》ལྟ་བུར་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་ཞིག་གི་མདུན་ནས་ལུང་དང་ཁྲིད་ཆ་ཚང་ཞིག་ཐོབ་པར་འབད་ན་ཡང་རང་ཉིད་ལ་ཡོན་ཏན་རྒྱས་པར་བྱེད་པ་དང་། ཡང་སི་ཁྲོན་སོགས་ས་ཆ་ལ་ལ་ན་བོན་པོ་མང་བས།   དེ་དག་གིས་ཀྱང《བཀའ་ལུང་རྒྱ་མཚོ》ལྟ་བུ་ལ་སློབ་སྦྱོང་ཆ་ཚང་བྱེད་ཐུབ་ན་ཤིན་ཏུ་ལེགས། དེ་ལྟར་གོང་གི་དཔེ་ཆ་འདི་དག་ལ་སློབ་སྦྱོང་བྱས་ཚེ་ད་གཟོད་རང་ཉིད་ཚད་ག་འདྲ་ཞིག་ན་ཡོད་པ་དང་། དགེ་སྐྱོན་གྱི་ཆ་ལ་མི་རྨོངས་པ།  ཕ་མེས་ཡང་མེས་རང་ཉིད་ལ་བཀའ་དྲིན་ཇི་ལྟར་ཆེ་བ་སོགས་ཤེས་སྲིད། དེ་ལྟར་མིན་ཚེ་རང་ཉིད་ཀྱི་ཕ་ངོ་ངོས་ཟིན་གྱིན་མེད་པས། ཕ་ངོ་ངོས་མི་ཟིན་པའི་མི་ཞིག་གིས་རིག་གནས་ཀྱི་ལས་ཀ་བསྒྲུབས་ཚེ་ལེགས་པོ་ཞིག་འཁྱོངས་དཀའ་བ་རེད།  དེ་ཡང་ནང་ཆོས་ཉམས་ལེན་བྱེད་མིན་ཇི་ལྟར་ཡང་། ནང་ཆོས་ངོས་འཛིན་བྱེད་པ་ནི་མཁས་པར་འདོད་པ་དང་མཁས་པའི་བྱ་བ་བྱེད་མཁན་དག་གི་གཡོལ་དུ་མེད་པའི་འོས་འགན་ཞིག་རེད་སྙམ། ནང་ཆོས་ངོས་ཟིན་པ་ལས་སློབ་ཁྲིད་ཀྱི་ཤེས་རབ་རྒྱས་པ་དང་ཐབས་ལམ་འཛོམས་པ། ལྷག་བསམ་ངང་གིས་འཕེལ་པ་ནི་མངོན་སུམ་ཚད་མའོ། །

གཉིས་ནས་བོད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་བོད་ཡིག་འཕེལ་བའི་ལོ་རྒྱུས་ལ་ངེས་པར་དུ་བལྟ་དགོས། དེ་ཡང་བོད་ཡིག་འདི་དུས་ནམ་ཞིག་ལ་དར་བ་དང་། བོད་ཡིག་བརྩམས་པའི་བརྒྱུད་རིམ་ལ་ངེས་པར་དུ་བལྟ་དགོས་པ་དང་། དེར་བལྟས་ཚེ་བོད་ཡིག་ཇི་ལྟར་བཟོས་པ་དང་ཇི་ལྟར་འཕེལ་བ། ཇི་ལྟར་ཉམས་པ། ཇི་ལྟར་ཉམས་པ་སོར་ཆུད་པ། ད་ལྟ་ཚད་གང་ཞིག་ན་ཡོད་པ། རང་ཉིད་དེ་རྒྱུད་འཛིན་དང་དར་སྤེལ་བྱེད་མཁན་ཡིན་ནམ། དེར་གནོད་པ་སྐྱེལ་མཁན་ཞིག་ཡིན་པ་སོགས་སེམས་ལ་གསལ་ཐག་ཆོད་པ་ཞིག་ཡོད་ངེས། དེ་བཞིན་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་སོགས་ཀྱི་འཕེལ་བའི་ལོ་རྒྱུས་ལ་བལྟས་ནའང་རིགས་འགྲེས་ཀྱི་ཕན་ཐོགས་ཆེ་རྒྱུ་རེད་བསམ།

གསུམ་ནས་རང་གི་ཆེད་ལས་དང་འབྲེལ་བའི་རིག་གཞུང་གི་མ་ཕྱིའམ་ཐོག་མའི་དཔེ་ཆ་དེ་དག་ལ་ངེས་པར་དུ་བལྟ་དགོས། དེའི་རྒྱུ་མཚན་ནི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དགེ་རྒན་ཞིག་ཡིན་ཚེ། སློབ་དེབ་ལ་རིག་གནས་བཅུ་བོ་མ་འདུས་པ་མེད་པའི་ཚོད་དུ་འདུག་ཅིང་། དེའི་ནང་ནས་སུམ་ཅུ་པ་ལྟ་བུར་མཚོན་ནས་བཤད་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི《ལེགས་བཤད་ལྗོན་དབང》དང་། གསུང་རབ་རྒྱ་མཚོས་མཛད་པའི《སུམ་རྟགས་ཀྱི་ཚིག་དོན་མདོར་བསྡུས》སོགས་གང་ཞིག་ཁྲིད་ཀྱང་དེའི་ཁུངས་འདེད་ཤེས་དགོས།    དེ་ཡང་སུམ་ཅུ་བ་དང་རྟགས་འཇུག་ལས་གྲགས་ཆེ་བ་ནི《སི་ཏུའི་ཞལ་ལུང》ཡིན་པ་དང་། 《སི་ཏུའི་ཞལ་ལུང》དེ་ངེས་པར་དུ་ཤེས་དགོས།     དེ་དང་འབྲེལ་ནས་སུམ་རྟགས་ཀྱི་རྩ་བ《སི་ཏུའི་འགྲེལ་ཆེན》འདི་ཡང་ཤེས་དགོས། ད་དུང་བོད་ཡིག་དགེ་རྒན་ཞིག་ཡིན་ཕྱིན།  སུམ་རྟགས་དག་གསུམ་དང་མངོན་བརྗོད།  སྙན་ངག་ལ་ནང་བྱན་ཆུད་པ་ཁོ་ནས་མི་ཆོག་པར།  དམིགས་བསལ་ཞིག་ཡོད་པ་ནི།   སྔགས་ཀྱི་བཀླག་ཐབས་དང་སྒྲ་མཚམས་སྦྱོར་ལྔ་བ་ཙམ་མ་ཤེས་པར་བོད་ཡིག་གི་སྐད་དོད་ཀྱི་དོན་ཕར་ཟད། དག་མོ་ཞིག་ཀློག་ཀྱང་མི་ཐུབ་པ་ནི་ཀུན་ལ་གསལ་བ་ལྟར་རེད།

བཞི་ནས་དགེ་རྒན་ཞིག་ཡིན་ཚེ་ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་དང་སྐད་ཡིག་གི་ལོ་རྒྱུས་སོགས་དང་འབྲེལ་བའི་དུས་དེབ་མངགས་ཉོ་བྱེད་དགོས། དུས་དེབ་དེ་དག་གི་སྟེང་ན་མཁས་པ་གང་མང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་སྐད་ཡིག་གི་ལོ་རྒྱུས་དང་སྐད་ཡིག་གི་འཕེལ་རྒྱས། སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་སོགས་གླེང་བཞིན་ཡོད་པས།  དེ་དག་ལ་བལྟས་ན་གཅིག་ནས་དེའི་བརྡ་འཕྲིན་གོ་བ་དང་གཉིས་ནས་དེའི་རྩོམ་སྟངས་ཤེས་པ།  གསུམ་ནས་དེའི་ཁ་བསྒྱུར་ན་རང་ཉིད་ཀྱི་རྩོམ་དུའང་འགྱུར་ཐུབ་ལ། དགེ་རྒན་མང་པོ་ཞིག་གིས་རྩོམ་འབྲི་ཐུབ་པ་དང་གཏམ་བཤད་ཐུབ་པ། གཏམ་བཤད་ཚེ་གནད་ལ་འཁེལ་བ་དེ་དག་ཀྱང་དུས་དེབ་སོགས་ཀྱི་བརྡ་འཕྲིན་ལས་ཤེས་པ་ཡིན།  དེའི་ཕྱིར་སྐད་ཡིག་དགེ་རྒན་ཞིག་ཡིན་ཚེ་དུས་དེབ་དེ་དག་མངགས་ཉོ་བྱེད་ཐུབ་དགོས་ལ། ཉོས་ནས་ཀྱང་བལྟ་ཐུབ་དགོས།

སྔོན་ཆད་ང་རང་ཧྥུའུ་ཅན་དགེ་ཐོན་སློབ་ཆེན་དུ་སོང་དུས། སློབ་གྲྭ་དེའི་ནང་ན《སློབ་ཆུང་སྐད་ཡིག》(小学语文)དང《སློབ་འབྲིང་སྐད་ཡིག》(中学语文)ཅེས་པའི་དུས་དེབ་གཉིས་འདུག  དེ་གཉིས་ཀྱི་སྟེང་དུ་སློབ་ཚན་ག་གེ་མོ་ཞིག་ཅིའི་ཕྱིར་སློབ་དེབ་ནང་བཀོད་པ་དང་།  དེ་བཀོད་པའི་དགེ་མཚན།   ཇི་ལྟར་སློབ་ཁྲིད་བྱེད་དགོས་པ། དེའི་རྩོམ་པ་པོ་སུ་ཡིན་པ་དང་དེའི་རྣམ་ཐར་གང་འདྲ་ཡིན་པ། ལོ་རྒྱུས་རྒྱབ་ལྗོངས་ག་འདྲ་ཡིན་པ་སོགས་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་རྣམས་ཀྱིས་སྐྱ་འཐབ་ནས་དཔྱད་བསྡུར་བརྗེ་རེས་བྱེད་ཀྱིན་འདུག འདི་དག་ལ་བལྟས་ན་ད་གཟོད་རང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་ཐད་ཀྱི་མི་འདང་ས་དང་བརྡ་འཕྲིན་གྱིས་ཆད་པའི་སྐོར་སོགས་ཤེས་ཐུབ་པས། མི་རིགས་གཞན་གྱི་སློབ་གསོ་སྒྲུབ་ཐབས་དང་སྒྲུབ་སྟངས་འདི་དག་ལས་རང་ཉིད་ཀྱི་བསམ་བློར་ཤེས་རིག་གི་རྒྱགས་ཕྱེ་སྣོན་ཐུབ།

ལྔ་ནས《ཤུབས་སུ་འཛུལ་བའི་མི》སོགས་རྒྱའི་སློབ་དེབ་ཁག་གི་སྒྱུར་རྩོམ་དག་ཁྲིད་སྐབས་དེའི་རྒྱ་ཡིག་གི་མ་ཕྱི་ལ་ངེས་པར་དུ་བལྟ་དགོས་ཤིང་། དེའི་དཔྱད་བརྗོད་སོགས་ལ་བལྟས་ཏེ་གོ་བ་ཡང་དག་བླངས་ནས་ཁྲིད་དགོས།

ཞོལ་ནས་ང་རང་གི་ཉམས་མྱོང་དང་འབྲེལ་ཏེ་དཔེ་ཀློག་ཟིན་བྲིས་ལ་འདེབས་ཚུལ་སྐོར་ནས་མདོར་བསྡུས་ཤིག་བཤད།

དང་པོ།   དཔེ་ཆར་བལྟ་དུས་ཚོན་མདོག་ཅན་གྱི་སྨྱུ་གུས་རང་ཉིད་ལ་མཁོ་བའི་ཁག་དེ་དག་ལ་ཚོན་མདོག་མི་འདྲ་བས་རྟགས་བརྒྱག་པ།
གཉིས་པ། དཔེ་ཆ་གང་ཞིག་ལ་ལྟ་དུས་དེའི་མཇུག་གི་ཤོག་ངོས་སྟོང་བ་དེའི་སྟེང་དུ་ཤོག་གྲངས་ག་གེ་མོ་ཞིག་གི་སྟེང་ན་ནང་དོན་གང་དང་ཅི་ཞིག་ཡོད་པའི་མིང་དང་དོན་གྱི་ཉིང་ཁུ་རྣམས་གནད་བསྡུས་སྒོས་འབྲི་བ།
གསུམ་པ། ཚེ་གང་ལ་ཉར་ཚགས་བྱས་ཆོག་པའི་འབྲི་དེབ་སྤུས་ལེགས་ཤིག་གི་སྟེང་དུ་དཔེ་ཆའི་ཁ་བྱང་དང་དཔེ་སྐྲུན་ཁང་གང་ཞིག་གིས་ནམ་ཞིག་ལ་དཔེ་སྐྲུན་བྱས་པ། དེའི་ནང་གི་རང་ཉིད་ལ་མཁོ་བའི་གནད་ཡོངས་རྫོགས་ཟིན་བྲིས་སུ་འགོད་པ།
བཞི་པ།  ཁ་པར་གྱི“བརྗེད་བྱང་ཟིན་བྲིས”(备忘录)སྟེང་རང་ཉིད་ལ་མཁོ་བའི་གནད་དག་ཟིན་བྲིས་སུ་འདེབས་པ།  ཡིན་ནའང་།  ཁ་པར་བོར་བརླག་བྱུང་ཚེ་ཟིན་བྲིས་མཐའ་དག་ཀྱང་བོར་འགྲོ་བས། ཟིན་བྲིས་ངེས་ཅན་ཞིག་བཏབ་རྗེས་ཡིག་ཟམ་སོགས་སུ་ཉར་ཚགས་བྱས་ན་ལེགས་སོ། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། གཏན་དུ་བདེ་བ་ཐོབ་པར་ཤོག །

2017ལོའི་ཟླ12པའི་ཚེས20ཡི་སྔོན་ལ་བཤད།

2018ལོའི་ཟླ10པའི་ཚེས29ལ་ཡི་གེར་ཕབ་ཅིང་ཅུང་ཟད་བསྣན།