རལ་གྲི་ནི་འཁྲུལ་ཤིང་གཅོད་པའི་རྣོ་ངར་ཅན་ཞིག་དང་། བདེན་ས་སྲུང་བའི་གཏུམ་པོ་བ་ཞིག་ཡིན་པ་ནང་བཞིན། སློབ་གསོ་ལ་ཡང་རྨོངས་མུན་ཀུན་གྱི་བྱེད་རྐྱེན་དང་ལེགས་ཚོགས་རྣམས་ཀྱི་རྩ་བ་ཞེས་བརྗོད་ཆོག་ཆོག་རེད། རྒྱུ་མཚན་ནི། དེས་ཤ་ཐིང་ཐིང་གི་རྣམ་ཤེས་གསོན་པོ་དག་མྱ་ངན་ཆེན་པོའི་ཀློང་དུ་བརྫངས་ཆོག་ལ། དེས་བག་ལ་ཞ་བའི་ཚེ་སྲོག་ཕྲ་མོ་དག་རང་དབང་གི་བདེ་ཆེན་གྲོང་དུ་འཁྲིད་ཆོག་པས་སོ། །

ཡིན་གྲང་། སློབ་གསོ་ལས་བྱུང་བའི་བདེ་སྡུག་གི་འབྲས་བུ་གང་དེའི་རྒྱུ་གཙོ་བོ་ནི་རལ་གྲི་ཐོགས་པའི་གང་ཟག་དང་སློབ་གསོ་སྐྱོང་བའི་རྣམ་ཤེས་འབའ་ཞིག་ལ་འཇོག་དགོས་ཀྱི། གཞན་དུ་ན་ཕུང་གསུམ་པ་ཞིག་གར་ཡང་མ་མཆིས་སོ། །

གྲོགས་པོ་ཞིག་གི་ངོ་སྤྲོད་བརྒྱུད། ས་གཞི་ལང་ཚོས་འཕྲོག་པའི་དབྱར་གཞུང་གི་མཚན་མོ་ཞིག་ལ། རིག་ལྡན་སློབ་བུ་ཚོ་དང་མཉམ་དུ་རྒྱ་གར་གྱི་གློག་བརྙན་མཁན་པོ་ཨ་མེར་ཧན་ལགས་ཀྱིས་རང་འཁྲིད་རང་འཁྲབ་བྱེད་པའི༼གོ་ལའི་སྟེང་གི་སྐར་མ་ཆུང་ཆུང༽ཞེས་པའི་གློག་བརྙན་ཞིག་དང་མཇལ་རྒྱུའི་བསྐལ་བ་ཐོབ། དེ་ནི་ཅི་འདྲའི་ལྷིང་ཞིང་འཇགས་པའི་མཚན་མོ་ཞིག་རེད་དེ། རྣམ་ཀུན་འུར་ལ་དགའ་ཞིང་རྒོད་གཤིས་དྲག་པའི་བྱིས་པ་ཚོའི་ཁྲ་རིལ་གྱི་མིག་ཟུང་དག་སྔ་མོ་ནས་འགྱུ་བ་སྟོང་གི་བརྙན་ཡོལ་ངོས་སུ་བཏེགས་ཚར་ལ། འོད་ཀྱིས་ཁེངས་པའི་མིག་ཟུང་ཁ་ཤས་ལས་དལ་གྱིས་འཐོར་གྱིན་པའི་མིག་ཆུའི་རྡོག་པོ་དེ་དག་ལས། མངོན་སུམ་རྣ་བའི་སྙན་དུ་ཅི་ཡང་ཐོས་རྒྱུ་མ་བྱུང་། རེད་མི་འདུག དེ་ནི་ཟིང་ཟིང་གི་མཚན་མོ་ཞིག་སྟེ། ངེད་ཅག་དགེ་སློབ་ཀུན་གྱི་ཡིད་ཁམས་ཀློང་དུ་བསྐྱོམས་པའི་མཚན་མོ་ཞིག་ལགས་སོ། ཏག་ཏག་ང་རང་ཉིད་ལ་མཚོན་ནས་བཤད་ནའང་། ནམ་རྒྱུན་བློ་བདེ་བག་ཡངས་སུ་རྒྱུ་བའི་སེམས་པ་དེ་འགྱོད་གདུང་དྲག་པོའི་སྣེ་ལ་འཁྲིད་ཅིང་། འདུ་ཤེས་ཀྱི་གཏིང་རིམ་ན་ལྷོད་ཀྱིས་ཉལ་བའི་ང་རྒྱལ་དེ་ཚོའང་འཕྲལ་གྱིས་བཅོམ་ནས་ནག་ཉེས་ཆེན་པོའི་ཐང་རྒོད་ལ་ནི་གང་སར་གཡུག་པས་བྲང་གཞུང་འཁྱག་སིབ་སིབ་ཏུ་གྱུར་ལ། སླར་ཡང་རུས་གསེང་ན་དྲོད་ཀྱིས་སིམ་པའི་བྱམས་སེམས་ཀྱི་མེ་སྟག་ཕྲ་མོས་ལུས་ཡོངས་རེ་བའི་ཁེངས་ཤིང་སྙིང་སྟོབས་རྒྱས། བློ་སྤོབས་བརྟན་ཅིང་ཡིད་ཆེས་བདོག ཡིད་འགུལ་ཐེབས་ཤིང་གདུང་སེམས་ཤོར། དེ་ནི་གློག་བརྙན་དེ་ཡི་ནུས་པ་རེད་ལ། གློག་བརྙན་དེས་ང་ཚོ་ལ་དམིགས་ཀྱིས་བསྟན་པའི་སློབ་གསོ་ཡི་ལམ་བུ་ཞིག་རེད། རྒྱུ་རྐྱེན་དེའི་དབང་གིས་གློག་བརྙན་འདི་ལ་བལྟས་རྗེས་ཀྱི་ཉི་མ་དེ་ནས་བཟུང་། དེ་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་དེའི་སྐོར་གྱི་མྱོང་ཚོར་ཞིག་ཀློག་དེབ་བམ་དྲ་སྟེགས་གང་རུང་ནས་ཉེ་རིང་རིགས་མཐུན་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུའི་བློ་ཐག་བཅད་པ་ཡིན།

༼གོ་ལའི་སྟེང་གི་རྒྱུ་སྐར་ཆུང་ཆུང༽ཞེས་པའི་གློག་བརྙན་དེར་བལྟས་རྗེས། ཁོ་བོའི་སེམས་ངོགས་སུ་རིན་ཐང་ཅན་གྱི་དཔེ་དེབ་ཅིག་དང་སྐད་གྲགས་ཅན་གྱི་མི་སྣ་རེ་གཉིས་གསལ་གྱི་ལེར་འཆར་འོང་། དེ་ཡང་། ཨ་རིའི་ཉེ་རབས་སློབ་གསོ་བ་གྲགས་ཅན་ཏུའུ་ལྦེ་ནས་སློབ་གསོ་གླེང་བ་ཞེས་པའི་དཔེ་དེབ་ནང་དུ་འདི་ལྟར་འཁོད་ཡོད་དེ། “རུའུ་སའོ་ཡིས་སློབ་གསོ་ནི་སློབ་གསོ་མྱོང་མཁན་པའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་གཞི་འཆའ་དགོས་པ་དང་། ཞིབ་འཇུག་བརྒྱུད་དེ་མཐོང་བའི་ལྷན་སྐྱེས་ཀྱི་ཤེས་རབ་འདིར་བརྟེན་དགོས་པའི་ལྟ་བ་འདི་ནི་དེང་གི་སློབ་གསོའི་བྱ་བ་འཕེལ་བར་བརྩོན་པ་ཐམས་ཅད་ཀྱི་རྨང་གཞི་ཡིན། ཁོའི་བསྟན་དོན་ནི་ཕྱི་ངོས་ཀྱི་ཆོས་དག་བཙན་གྱིས་བྱིས་པ་དང་གཞོན་པར་དང་ལེན་བྱ་རུ་འཇུག་པ་དེ་སློབ་གསོ་མ་ཡིན་པར། སློབ་གསོ་ནི་མིའི་རིགས་ལ་སྐྱེ་མ་ཐག་ནས་ཡོད་པའི་ནུས་ཤུགས་དེ་འཕེལ་བར་བྱ་བ་ཡིན”(ཏུའུ་ལྦེ་ནས་སློབ་གསོ་གླེང་བ། ཡེ་ཧན་ཏུའུ་ལྦེ་ནས་བརྩམས། བདུད་ལྷ་རྒྱལ་ནས་བསྒྱུར། )

བོད་ཀྱི་ཁ་དཔེ་ལ་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་བཅུ་ཞེས་པ་ནང་བཞིན། མི་སོ་སོར་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་ཤེས་ཐོབ་ཅིག་དང་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་དེ་ལ་བརྩི་འཇོག་དང་གོང་བཀུར་བྱ་བར་བརྩོན་པ་ལས། དེ་ཉིད་རྨང་ནས་བཅོམ་པའམ་རྩ་ནས་གཏོར་བའི་སྦྱོར་བ་གང་རུང་གིས་ས་བོན་གསར་དུ་འཛུགས་པ་དང་ཁ་ལོ་གཞན་དུ་བསྒྱུར་བར་བྱེད་པ་ནི་ཅི་འདྲའི་ནག་ཉེས་ཆེན་པོ་ཞིག་དང་གོ་འཛོལ་ཆེན་པོ་ཞིག་རེད་ཨང་།

གློག་བརྙན་དེར་ལོ་དགུ་ཅན་གྱི་བྱིས་པ་ཡེ་སང་གི་དུས་རྒྱུན་གྱི་བསླབ་གཞིའི་རྒྱུགས་འབྲས་ཕལ་ཆེར་ཐིག་ལེ་ཡིན་པར་མ་ཟད། ལས་བྱ་མི་འབྲི་བ་དང་སྐབས་རེར་སློབ་བྱོལ་བྱེད་པ། སློབ་གྲོགས་གཞན་པ་དང་ཁ་འཛིང་ལག་འཛིང་བྱེད་པ་སོགས་ཀྱི་བྱ་སྤྱོད་མང་པོ་ཞིག་ཕ་མའི་སེམས་ནད་དུ་གྱུར་བ་དང་། སློབ་ཁྲིད་སྐབས་སུ་ཕྱི་རོལ་རྣམ་གཡེང་གི་དབང་དུ་སོང་ནས་དགེ་རྒན་གྱི་སྐད་ཆར་མི་ཉན་པ་དང་། གལ་ཏེ་དགེ་རྒན་གྱིས་དྲི་བ་དྲིས་ཚེ་མགོ་བོ་ཐུར་དུ་སྒུར་ནས་ཅི་ཡང་སྨྲ་མི་སྤོབས་པ། ཁེར་སྡོད་ཀྱི་ཨུ་ཚུགས་ཆེ་བ་བཅས་རྒྱུ་མཚན་དེ་དག་གི་རྐྱེན་པས་བྱིས་པ་ཆུང་ཆུང་དེ་དགེ་རྒན་རྣམས་ཀྱི་མིག་ནང་གི་ཚེར་མ་དང་སེམས་ནང་གི་གདོན་རྫས་སུ་གྱུར། དགེ་རྒན་ཚང་མས“བླུན་པོའི་རྒྱལ་བོ”ཞེས་སྨོད་པ་བོར་ཞིང་ནམ་རྒྱུན་སློབ་ཁང་གི་སྒོ་ཁར་བདའ་ནས་བཞག་ཡོད་པ་རེད། ཏག་ཏག་བྱིས་པ་དེ་དང་ཁ་གཏད་དུ་ཡོད་པ་ནི་ཁོའི་ཕུ་བོ་རེད། ཕུ་བོ་ནི་བསླབ་ཚན་རེ་རེའི་རྒྱུགས་འབྲས་ཨང་དང་པོ་ཡིན་པས་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེང་ས་དང་བསྔགས་པའི་མེ་ཏོག་གཏོར་ས་ལྟ་བུར་གྱུར་ཡོད། འབྲི་ཀློག་ཙམ་ཡང་མི་འགྲོ་བའི་བྱིས་པ་ཡེ་སང་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་མེད་པ་ནི་མ་ཡིན་ཏེ། རི་མོ་འབྲི་བའི་རྣམ་དཔྱོད་ཁྱད་པར་ཅན་ཞིག་ཡོད་ལ། ཉ་མོ་དང་འབུའི་རིགས། ཤོག་བྱ་དང་ཁྱི་གུ་སོགས་ལ་དགའ་ཞེན་ཀུན་ནས་ཆེ་ཞིང་། མི་ཡི་རྐང་རྗེས་དང་ཆུ་ཡི་ཐིགས་པ་སོགས་རང་བྱུང་ཁམས་ཀྱི་སྣང་ཚུལ་ཆེས་སྤྱིར་བཏང་བ་དག་ལ་ནན་ཏན་གྱིས་ཡིད་འཇོག་དང་དོ་སྣང་བྱེད་རྒྱུར་དགའ་བ་ཞིག་ཡིན་པས། དབྱིན་ཇིའི་གསལ་བྱེད་དག་ཁོ་བོའི་མིག་ལམ་དུ་རྐྱལ་རྩལ་ངོམ་པའི་ལྕོང་མོ་རུ་གྱུར་འགྲོ་ལ། རྩིས་རིག་གི་ཨང་ཀི་དེ་ཚོ་ཡང་ཁོ་བོའི་མིག་ལམ་ན་འགུལ་རིས་དམག་འཁྲུག་ཁྲོད་ཀྱི་འཐབ་མོ་བ་རེ་རེར་གྱུར་འགྲོ་བས། 3×9ཡི་འབྲས་བུ་ག་ཚོད་ཡིན་པར་རྩིས་བརྒྱག་པའི་སྐབས་སུ། ཁོའི་མིག་ལམ་དུ3ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གསུམ་པ་སའི་གོ་ལ་དང9ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དགུ་བ་སྐར་མ་མཚོ་རྒྱལ་དུ་མཐོང་ཞིང་། དེ་གཉིས་འཐབ་པས་སའི་གོ་ལར་རྒྱལ་ཁ་ཐོབ་པར་གྱུར་ཏེ། 3×9=3བྲིས་པ་ལྟ་བུ་རེད། དེ་ནི་བྱིས་པ་ཁོ་ལ་ལྷན་སྐྱེས་སུ་མངའ་བའི་རྣམ་དཔྱོད་ཅིག་དང་རང་ཤུགས་སུ་བདོག་པའི་དགའ་ཕྱོགས་ཤིག་ཡིན་མོད། འོན་ཀྱང་། ཁོའི་ཕ་མས་བྱིས་པ་ཁོ་རང་བསླབ་གཞིའི་རྒྱུགས་འབྲས་བཟང་བའི་ཕུ་བོ་ཡི་རྒྱ་མའི་སྟེང་དུ་བཞག་ནས། “ལེ་ལོ་དང་ངོ་ཚ་མེད་པ། རྣམ་འགྱུར་མི་དྲང་བ”སོགས་ཀྱི་ཞྭ་མོ་བསྐོན་ནས། སེམས་ཁམས་ལ་གནོན་ཤུགས་དྲག་པོ་ཐེབས་པས་བསམ་བཞིན་དུ་སློབ་བྱོལ་བྱེད་པ་དང་ངོ་ཚ་མི་བསྲུང་བ་སོགས་པྲ་ཚག་གི་ལས་སྣ་ཚོགས་བྱས་པ་རེད། ཕ་མས་ཁོ་རང་སྒྲིག་ལམ་ཤིན་ཏུ་བཙན་པའི་བཅའ་སྡོད་སློབ་གྲྭ་ཞིག་ཏུ་མི་འདོད་བཞིན་ཏུ་བཙན་གྱིས་མངགས་ཤིང། སློབ་གྲྭ་དེ་ག་ནས་བསླབ་གཞིའི་སྦྱངས་འབྲས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་བཅངས་མོད། ལྡོག་སྟེ། སྡིགས་མོ་དང་ཁྱད་གསོད་ཀྱིས་ཡོངས་སུ་ཁྱབ་པའི་ཁོར་ཡུག་དེ་ནས་བྱིས་པ་ཆུང་ཆུང་ལ་ལྷན་གཤིས་སུ་མངའ་བའི་རྣམ་དཔྱོད་དང་དགའ་ཕྱོགས་མཐའ་དག་རྨང་ནས་བཅོམ་ཟིན་པས། སྤྱིར་བཏང་གི་བྱིས་པ་ཚོ་དང་མི་འདྲ་བར་དུས་རྒྱུན་སྨྲ་བ་ཉུང་ཞིང་མགོ་བོ་སྒུར་བའི་བྱིས་པ་ཉམ་ཆུང་ཞིག་ཏུ་གྱུར་བ་རེད།

ཨ་ཁ་ཁ། ལས་དང་སྨོན་ལམ་མཚུངས་ཤིང་། བསམ་པའི་འཁྱེར་སོ་འདྲ་བའི་རིགས་མཐུན་སློབ་གསོ་སྐྱོང་མཁན་གྱི་བརྩེ་ལྡན་དགེ་རྒན་རྣམ་པ། ཁྱོད་ཚོས་དལ་ཅིག་གསོན་དང་། འདི་ནི་ང་ཚོས་བསགས་དང་གསོག་བཞིན་པའི་ནག་ཉེས་དང་བསྒྲུབས་དང་སྒྲུབ་བཞིན་པའི་རྨོངས་ལས། ཕྲད་དང་འཕྲད་ཀྱིན་པའི་ཕམ་ཁ་དག་མ་ཡིན་ནམ། དེ་ནི་རང་རེའི་སྤྱི་ཚོགས་ཁྲོད་ན་ལུས་བདེ་སིམ་མེ་བར་གནས་པའི་སྣང་ཚུལ་སྐྱོ་བོ་དག་མ་ཡིན་ནམ། དེ་ནི་ང་ཚོའི་ཁོར་ཡུག་དག་ན་བག་གྱིས་ཉལ་བའི་ལྟ་སྤྱོད་ཡ་མ་ཟུང་དག་མ་ཡིན་ནམ། སྤྱི་ཚོགས་ཁྱུ་མཆོག་རིང་ལུགས་ཆེས་ཆེར་དར་ཞིང་འགྲན་རྩོད་ཀྱི་རླུང་འཚུབ་དྲག་ཏུ་ལྡང་བཞིན་པའི་དེང་གི་སྤྱི་ཚོགས་ཁྲོད་ན། ཕ་མ་དང་དགེ་རྒན་རྣམ་པས་གཅིག་ལས་གཅིག་མགྱོགས་ཀྱིས་བྱིས་པ་ཚོའི་ཕྲག་ལ་སྐར་གྲངས་ཀྱིས་གསོས་པའི་ཁུར་རྡོ་ལྗིད་མོ་དག་འཕེན་བཞིན་འདུག་ལ། སྐར་ཚད་མ་ལོན་པའི་ཕན་ཆོད་ན། ཐ་དག་སྐྱག་རྫུན་རེད། ཀླ་ཀློ་རེད། མ་རབས་རེད། རྨོངས་མུན་གྱི་ལོ་ཟླའི་ཁྲོད་དུ་ང་ཚོའི་སློབ་གསོ་ནི་ངོ་བོ་གསལ་ལ་མི་གསལ། མཚམས་ཆད་ལ་མ་ཆད། ཅི་འདྲའི་ཉག་ཕྲ་བ་ལ་ཨང་། ལྟོས་དང་། བོད་ཀྱི་རྒས་སླ་བའི་ཤེས་ཡོན་པའི་སྣང་ཚུལ་ལ་ལྟོས་དང་། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་བྱ་བ་རེག་ཟིན་པའི་བོད་ཀྱི་སློབ་ཆེན་པ་ཚོ། སྐར་གྲངས་ཀྱི་ལྗིད་རྡོ་ཁུར་ཁུར་ནས་ཐང་ཆད་དམ་ཅི། ད་ནི་མལ་སོས་ནས་ལྷོད་ཀྱིས་འགྱིང་འདུག་ཚུལ་ལ་ལྟོས་དང་། བརྗེད་ངས་ལ་དགའ་བའི་སྤྱི་ཚོགས་འདིས་བརྗེད་ངས་ལ་དགའ་བའི་མི་རབས་ཤིག་གསོ་སྐྱོང་བྱེད་ཚུལ་ལ་ལྟོས་དང་། འདི་ནི་རལ་གྲི་ཞིག་གི་འཕྱར་སྟངས་རེད། འདི་ནི་སློབ་གསོ་ཞིག་གི་འབྲས་བུ་རེད། འདི་ནི་རྨོངས་ཚོད་ཀྱི་བྱ་འགུལ་ཞིག་རེད།

གྲོགས་པོ་ལགས། སློབ་གསོ་ནི་སློབ་གསོ་རང་ཡིན་གྱི། མི་སྒེར་གང་རུང་གི་རྒྱལ་ཁ་དང་གྲུབ་འབྲས་མ་ཡིན་ལ། ཕྱི་ངོས་ཀྱི་རྣམ་པ་ཙམ་ཡང་མ་ཡིན། སྒེར་གཅོད་ཀྱི་ལག་ཆ་ཙམ་མིན་ལ། ཚོགས་པ་གང་ཞིག་གི་དམིགས་ཡུལ་ཡང་མ་ཡིན་ནོ།། མི་ཞིག་གི་དུས་སྐབས་སོ་སོའི་བསམ་པའི་དགོས་མཁོ་དང་དགའ་ཁ་འཁྱེར་སོ་དེ་མི་འདྲ་བས་ན། སློབ་གསོ་ནི་དེ་ཉིད་ལ་མཐུན་རྐྱེན་བསྐྲུན་པའི་ཞིང་ས་དེ་མ་ཡིན་ནམ། གློག་བརྙན་ལས་མཐོང་གསལ་ལྟར། མི་སོ་སོར་ནང་སེམས་ཀྱི་གསལ་སའམ་སྙིང་དབུས་ཀྱི་སྐར་མ་འོད་ཆེན་ཏེ། བསྒྲུབ་འདོད་པའི་ཕུགས་ཀྱི་འདུན་པ་རེ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད་པས། དེ་ཉིད་འགྲུབ་བྱེད་ཀྱི་དོན་དམ་པའི་མར་མེ་ཞིག་ཏུ་འགྱུར་རྒྱུ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་དང་མཁོ་ཆེ་བའི་དོན་བྱ་རྨད་དུ་བྱུང་བ་ཞིག་རེད་ཨང་།

ཡང་གློག་བརྙན་ལས། ཏག་ཏག་བྱིས་པ་ཡེ་སང་གི་ནང་སེམས་ཀྱི་དགའ་སྤྲོ་ཡོད་ཚད་བག་ལ་ཞ་ཞིང་། མི་སྡུག་སྤྲིན་པ་ནག་པོས་ནང་སེམས་ནས་ཕྱི་ལུས་པོར་ཡོངས་སུ་འགེབས་པའི་སྦྱོར་བ་རྩོམ་པའི་དུས་སྐབས་དེར། མིང་ལ་ཡེ་པ་ཁོའུ་ཟེར་པའི་ཚབ་ཁྲིད་དགེ་རྒན་ཞིག་ཐོན་བྱུང་ལ། དེ་ནི་བྱུང་རིམ་གྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་གྱུར་ཅིང་། གཏམ་རྒྱུད་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་བསྐྲུན། དེ་ནི་རི་མོ་འབྲི་དུས་ཀྱི་སྐྱ་ཐིག་དགེ་རྒན་དང་ཨ་ན་མ་ན་ཡོང་དགོས་པ་དང་ནན་ནན་ཏན་ཏན་གྱིས་འབྲི་དགོས་པའི་རི་མོ་དགེ་རྒན་སྔོན་མ་དང་མི་འདྲ་བར། ཡེ་པ་ཁོའུ་ཡིས་ལོ་བརྒྱད་དགུ་ཅན་གྱི་བྱིས་པ་དེ་དག་ལ་རི་མོ་འབྲི་བའི་དགའ་ཕྱོགས་གསོ་སྐྱོང་བྱེད་པ་གཙོ་བོ་ཡིན་གྱི། རི་མོ་འབྲི་བའི་ཐབས་རྩལ་མི་གཙོ་བ་རྟོགས་ནས། བྱིས་པ་ཚོར་ཅི་དྲན་གང་ཤར་དུ་འབྲི་རུ་འཇུག་པ་ལས་གང་མཐོང་བསྐྱར་བཟློས་ཀྱིས་འབྲི་བར་མི་བརྩོན་པ་རེད། ཡིན་ནའང་། ཡེ་སང་སྔར་བཞིན་ཅི་དང་གང་ལའང་དགའ་སྣང་མེད་པར་མགོ་སྒུར་ནས་བསྡད་པས། དགེ་རྒན་དེ་བྱིས་པའི་ཁྱིམ་ལ་བཅར་འདྲི་ཐེངས་ཤིག་ཕྱིན་པ་རེད། ཡེ་སང་གི་ཨ་ཕ་ནི་བྱིས་པའི་མ་འོངས་འཚོ་གནས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པས་ངེས་པར་དུ་བསླབ་གཞིའི་སྐར་ཚད་ལོན་དགོས་པ་དང་། བསླབ་གཞིའི་སྐར་ཚད་མ་ལོན་ཚེ་རྗེས་སོར་འཚོ་བ་ལ་དཀའ་ཁག་འབྱུང་ངེས་པ་སོགས་བརྗོད་ལ། དགེ་རྒན་ཡེ་པ་ཁོའུ་ཡིས་འདི་ལྟར་བརྗོད་ཡོད་དེ། ཉིད་ཀྱི་བྱིས་པར་ཡི་གེ་འབྲི་ཀློག་གི་དཀའ་ཁག་ཡོད་པ་ཙམ་ལས་སེམས་ཀྱི་རྣམ་འགྱུར་མི་དྲང་བ་དང་རིག་པའི་བློ་སྟོབས་སོགས་མེད་པ་མ་ཡིན་པར་བརྗོད་པས། དགེ་རྒན་དང་ཁྱིམ་བདག་གཉིས་ཀའི་བར་ལ་རྩོད་པ་ཆེན་པོ་བྱུང་བ་རེད།

སྟབས་ལེགས་པ་ཞིག་ལ་ཡེ་པ་ཁོའུ་ཡིས་ཡེ་སང་གི་མལ་ཁང་ནས་ཡེ་སང་ཁོ་རང་ཉིད་ཀྱིས་བྲིས་པའི་རི་མོ་དག་མཐོང་རྗེས། བྱིས་པ་དེར་གཞན་མཚུངས་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་དཔྱོད་ཅིག་ཡོད་པ་མཐོང་ཞིང་། མྱུར་ཏུ་བྱིས་པའི་རི་མོའི་འབྲི་དེབ་ཁྱེར་ནས་སློབ་སྤྱི་བཙལ་བ་དང་ཡེ་སང་སློབ་གྲྭ་ནས་མི་ཕུད་རྒྱུའི་རེ་བ་ཞུས་པ་དང་ཆབས་ཅིག ཡེ་སང་ལ་འབྲི་ཀློག་གི་དཀའ་ཁག་ཙམ་ཡོད་པ་ལས་རྣམ་དཔྱོད་ཕུལ་དུ་བྱུང་བ་སོགས་རྒྱུ་མཚན་གསལ་བཤད་དང་གནས་ལུགས་དྲང་བརྗོད་བྱེད་ཅིང་། སྒེར་གྱི་དུས་ཚོད་བེད་སྤྱད་དེ་ཡེ་སང་ལ་སློབ་ཁྲིད་བྱེད་རྒྱུ་ཁས་བླངས། དེ་ལྟ་དེ་ལྟར། དགེ་རྒན་ཁོང་གིས་ཡེ་སང་ལ་རླབས་ཆེ་བའི་ཚན་རིག་པ་ཨེན་སི་ཐན་ལ་ཡང་ཁོ་དང་འདྲ་བར་འབྲི་ཀློག་གི་དཀའ་ཁག་ཡོད་པ་དང་། དེ་དག་ཧ་ཅང་རྒྱུན་ལྡན་ཡིན་པ་སོགས་བརྗོད་ནས་ཉམས་དམས་སུ་གྱུར་བའི་བློ་སྤོབས་དག་སླར་གསོ་བྱེད་པར་བརྩོན། དུས་ཡུན་ངེས་ཅན་ཞིག་གི་འབད་པ་བརྒྱུད་ནས་སློབ་བུ་ཡེ་སང་གི་འབྲི་ཀློག་ཐད་ལ་འགྱུར་ལྡོག་བྱུང་བ་མ་ཟད། རི་མོ་འབྲི་བའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་སོང་བ་དེ་རེད། དེར་སློབ་གྲྭ་ཡོངས་ཀྱི་རི་མོ་འགྲན་སྡུར་བརྒྱུད་ནས་སློབ་བུ་ཡེ་སང་ལ་ཨང་དང་པོ་ཐོབ་ཅིང་། བཀའ་དྲིན་ཅན་གྱི་དགེ་རྒན་ཡེ་པ་ཁོའུ་ལ་ཨང་གཉིས་པ་མ་གཏོགས་མ་ཐོབ་པར། ཡེ་སང་གིས་རང་ཉིད་ཀྱི་རི་མོ་འབྲི་བའི་རྣམ་དཔྱོད་ཕུལ་དུ་བྱུང་བ་དེ་ཀུན་གྱི་སྤྱན་སྔ་རུ་བདེན་དཔང་བྱས་ཟིན་པ་དང་། དེར་ཡོད་དགེ་སློབ་ཀུན་གྱིས་སེམས་གཏིང་ནས་སྔོན་མར་འབྲི་ཀློག་གི་དཀའ་ཁག་ཡོད་པའི་སློབ་མ་དེ་དང་ལེན་དང་ཕུལ་བྱུང་གི་རྣམ་དཔྱོད་ལ་བསྟོད་པའི་མཐེ་བོང་ཡང་དང་བསྐྱར་དུ་བསྒྲེང་པ་རེད། དེ་ནས་བཟུང་ཡེ་སང་ཉིད་རང་ལ་དབང་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་མགོ་བརྩམས་པ་རེད། འདི་ནི་བདག་གིས་བལྟས་པའི་གོ་ལའི་སྟེང་གི་རྒྱུ་སྐར་ཆུང་ཆུང་དེ་རེད་ལ། འདི་ནི་མཐོང་དཀོན་པའི་སློབ་གསོའི་སྐོར་གྱི་གློག་བརྙན་ཞིག་ཀྱང་རེད། རྒྱ་གར་ཀྱི་འཁྲབ་ཁྲིད་པ་ཨ་མེར་ཧན་གྱིས་མི་ཡུལ་ལ་ཕུལ་བའི་རིན་ཐང་གཞལ་དུ་མེད་པའི་ལེགས་སྐྱེས་ཤིག་ཏུ་ལགས་པས་ན། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཁོང་ལ་སེམས་ཁོང་ནས་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། རང་རེ་ལ་འདི་ལྟ་བུའི་གློག་བརྙན་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། གསར་ལམ་ཁག་ཏུ་མཐོང་བའི་སློབ་གསོའི་སྐོར་གྱི་གློག་བརྙན་དག་གི་བརྗོད་བྱ་མང་ཆེ་བ་ནི། རི་ཁུལ་ཏུ་ཡོད་པའི་སློབ་གྲྭ་ག་གེ་མོའི་དགེ་རྒན་རྣམས་ཀྱིས་དཀའ་ལས་གང་འདྲ་བྱེད་པ། ཅི་འདྲའི་བྱམས་བརྩེ་ལྡན་པ་ཁོ་ན་ལས་མ་འདས་སོ།། ཡིན་ན་ཡང་། བྱམས་བརྩེ་དང་དཀའ་ལས་མང་པོ་སྔོན་དུ་སོང་བའི་ཆ་རྐྱེན་འོག་ནས། གློག་བརྙན་འདིས་ང་ཚོ་དགེ་རྒན་རྣམ་པར་གསལ་བརྡ་ཞིག་གཏོང་བཞིན་པ་ནི་གང་རེད་ཅེ་ན། སློབ་མ་རེ་རེའི་ཐུན་མིན་གྱི་བློ་གྲོས་དང་འདྲ་མིན་གྱི་ཆུ་ཚད། སློབ་སྦྱོང་གི་བྱེད་སྟངས། མཚར་འཛིན་དང་དགའ་ཕྱོགས་སོགས་ལ་བརྩི་བཀུར་བྱ་དགོས་པ་ལས། དེ་དག་རྨེག་མེད་དང་རྩ་རྫོགས་སུ་བཏང་ནས་གར་བསྟན་ཤར་དང་ཅི་གསུང་ཆོས། མགོ་སྒུར་སྒུར་ཞིག་དང་ཉྭ་ལྷེམ་ལྷེམ་ཞིག་ཏུ་བསྒྱུར་ཏེ་གཟུགས་དང་ཁྱད་ཆོས། ཚད་དང་སྤུས་ཀ་སོགས་གཅིག་མཚུངས་ཡིན་པའི་བཟོ་ལས་ཀྱི་ཐོན་རྫས་ལྟ་བུར་མི་འགྱུར་རྒྱུ་དེ་རེད།

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་རྒྱལ་ཁབ་ཀྱི་བི་གྷེ་ནེ་ཡའི་གྲོང་ཁྱེར་ཞིག་ཏུ་རྒྱལ་ཡོངས་ཀྱི་སློབ་མ་རྣམས་ལ་གཏམ་བཤད་གནང་བ་ལས་སློབ་གསོའི་འགན་འཁྲི་གླེང་བའི་སྐབས་སུ་འདི་ལྟར་བརྗོད་འདུག་སྟེ། “འགན་འཁྲི་ཞེས་པ་འདི་བརྗོད་ན། དགེ་རྒན་ཚོར་ཁྱེད་ཅག་གིས་སློབ་སྦྱོང་བྱེད་པར་སྐུལ་འདེད་བྱེད་པའི་འགན་འཁྲི་ཡོད་པ་དང་། ཁྱིམ་བདག་ལ་ཁྱེད་ཚོར་རོལ་རྩེད་ཁོ་ན་ལ་མགོ་མི་འཁོར་བར་དྲང་བདེན་གྱི་ལམ་ལ་ཕུད་རྒྱུའི་འགན་འཁྲི་ཡོད། སྲིད་གཞུང་གིས་དགེ་རྒན་དང་སློབ་སྤྱི་རྣམ་པར་རོགས་རམ་བྱས་ཏེ་་ཁྱེད་ཅག་གི་སློབ་སྦྱོང་གི་ཁ་དབུགས་ཇེ་ལེགས་སུ་གཏོང་རྒྱུའི་འགན་འཁྲི་ཡོད། ཡིན་ནའང་། འདི་དག་ཐམས་ཅད་སྔོན་དུ་སོང་བའི་ཆ་རྐྱེན་འོག ཁྱོད་ཚོ་རང་སྟེང་གི་འགན་ཁུར་བསྒྲུབ་རྒྱུ་ནི་ཤིན་ཏུ་གཙོ་བོ་ཡིན། དེ་མེད་ཚེ་ཐམས་ཅད་སྟོང་བར་འགྱུར་རོ། འོ་ན། ཁྱེད་ཅག་གི་འགན་ཁུར་དེ་གང་ཡིན་ཟེར་ན། མི་རེ་རེར་རང་རང་གི་བཟང་ཆ་ཡོད་ལ། ཁྱོད་ཚོ་སུ་ཡིན་ཡང་མི་གོ་ཆོད་ཅན་ཡིན། དེ་བས་ཁྱེད་ཅག་གི་འགན་འཁྲི་ནི་རང་ཉིད་ཀྱི་འཇོན་ཐང་དེ་ངོས་ཟིན་པར་བྱ་རྒྱུ་དེ་ཡིན། སློབ་གསོ་ཡིས་ཏག་ཏག་ཁྱེད་ཅག་ལ་དེ་ལྟའི་གོ་སྐབས་བསྩལ་གྱིན་ཡོད”(ཚིག་ཉོག་ཆེ་བར་དོགས་ནས་བསྡུས་བསྒྱུར་བྱས་པ་ཡིན།)ཞེས་གསུངས་ཡོད་པ་རེད། ཉོན་དང་། འདི་ནི་སྔོན་ཐོན་མི་རིགས་ཤིག་ལ་ཡོངས་ཁྱབ་ཏུ་མངའ་བའི་སློབ་གསོའི་དགོངས་པ་རེད། དེ་ནི་མི་རིགས་གང་དེའི་སྤོབས་པས་བསྒྲུབ་བཞིན་པའི་ལྟ་བའི་ལག་ལེན་རེད། རང་རེ་ལའང་དེ་ལྟའི་ཁོར་ཡུག་ཅིག་ཡོད་པར་བརྩོན་ལེན་བྱ་རྒྱུ་མི་གལ་ལམ། འདས་ཟིན་ལོ་རྒྱུས་ལ་ཕྱིར་དྲན་ཞིག་གནོངས་དང་། ལྟ་བ་ཡི་དཀྱེལ་ཡངས་དབེན་ཞིང་། བློ་གྲོས་ཀྱི་གཞལ་ཐག་ཐུང་བའི་བོད་པའི་སྤྱི་ཚོགས་དེའི་ཤེས་རབ་རལ་གྲིའི་འཕྱར་སྟངས་སྣ་ཚོགས་ཟུར་གྱིས་མངོན་འོང་། རལ་གྲི་མཁའ་ལ་འཕྱར་ཐེངས་ཤིག་གིས་རྣམ་དཔྱོད་དང་བློ་གྲོས་རྒོད་པའི་སྐྱེས་ཆེན་དག་ལ་ཤེས་རིག་གི་ཀློང་བརྡོལ་བ་བདེན་མོད་ཀྱི། རལ་གྲི་ས་ལ་བརྡབ་ཐེངས་ཤིག་གིས་དྲང་བདེན་དང་འཚོལ་སྙེག་ལ་དགའ་བའི་མི་ཆེན་དག་གི་རོ་དང་མཚུངས་པའི་ལུས་པོ་ཐལ་བར་བརླག་ཅིང་། གསེར་དང་མཚུངས་པའི་རྣམ་དཔྱོད་ཕྲ་མོ་ལྔ་བའི་ལམ་དུ་རེ་རེ་བཞིན་བརྫངས་པ་སུ་ལ་མི་གསལ་ཨང་། སྤྱིར་ན་སུ་དང་གང་ལའང་ཞྭ་མོ་བསྐོན་མཁས་ཨེ་ཤར་བ། སྒོས་སུ་ཕྱི་ནང་ཀུན་ལ་ངན་མིང་འདོགས་མཁས་མཐོ་སྒང་བ། ས་ཆེན་གྱི་གཤོག་པར་བཅིབས་ནས་མི་ཡུལ་ཁམས་ལ་རྒྱང་ལྟ་བྱེད་ས་ང་ཚོ་ལས་ལྷག་པ་ཞིག་སུ་ལ་མཆིས། མཐའ་ཡས་ཀྱི་རྩྭ་ཐང་སྟེང་ནས་འཆམ་མཐུན་གྱི་སྐོར་བྲོ་འཁྲབ་ས་ང་ཚོ་ལས་ལྷག་པ་ཞིག་སུ་ལ་ལྡན། ཡིན་ནའང་གུ་དོག་པའི་རིག་གནས་འདི་ལྟ་བུ་ཞིག་གང་ནས་དར་བ་ཡིན་ནམ། གལ་ཏེ་མི་སུ་ཞིག་གིས། དེ་ནི་ཁྱེད་བོད་པ་ཚང་ལ་གདོད་མ་ནས་ཆགས་པའི་རིག་གནས་ཤིག་རེད་ཅེས་ཟེར་ན། ཁོ་བོས་ལྷག་བསམ་གྱི་ཁ་བཏགས་དཀར་པོ་ལག་ཟུང་གིས་བཏེགས་ཏེ་ཁྱེད་ལ་བརྗོད་རྒྱུ། ངེད་བོད་པ་ཚང་ནི་གདོད་མ་ནས་ས་ཆེན་པོའི་མཛེས་སྡུག་གི་བཀོད་པ་ལ་དགའ་ཞིང་། ཐོག་མ་ནས་ཁམས་ཡངས་པོའི་ཉམ་ཆུང་གི་སེམས་ཅན་ལ་བརྩེ། དེ་ནི་རིགས་མཐུན་གཞན་དག་གི་མདུན་ནས་ང་རྒྱལ་གྱིས་ངོམ་རུང་བ་ཞིག་ལགས་པས་ན། ཁྱེད་ཅག་ལེ་དབར་སྟོང་ཕྲག་གི་ཕ་རོལ་ལ་འཛོལ་བར་མ་གྱུར་ཅིག

རེད་དེ། ཏག་ཏག་བློ་ཡངས་པའི་མི་རིགས་འདི་ཡི་ལས་དབང་དེ་རལ་གྲི་འཕྱར་སྟངས་ཤིག་སྟེ། ཞྭ་མོ་བསྐོན་པའི་རིག་གནས་དེས་ཁ་ལོ་བསྒྱུར་ནས་ཤི་གསོན་བྱེ་མའི་ལ་ཁ་རུ་བསྐྱལ་སོང་ངོ་།། དེས་ནིཁོར་ཡུག་མ་ཡིན། ཆོས་ལུགས་མ་ཡིན། ཚན་རིག་ཀྱང་མ་ཡིན་ལ་གསར་བ་དག་ཀྱང་མ་ཡིན་ནོ།། རྩ་བའི་རྩ་བ་རལ་གྲི་འཕྱར་མཁན་གྱི་གང་ཟག་དེ་དག་གི་འདུ་ཤེས་ཕོད་ཆུང་ངེ་བ་དེ་དག་ལས་མ་འདས་སོ།།

གློག་བརྙན་ལས་བྱིས་པ་ཡེ་སང་ནི་མུན་དོང་ལས་སྐྱོབ་མཁས་པའི་དགེ་རྒན་ཡེ་པ་ཁོའུ་དང་ལས་འབྲས་ཀྱིས་མཇལ་བའི་སློབ་བུ་བསོད་ནམས་ཅན་ཞིག་ཡིན་པས། གློག་བརྙན་གྱི་མཇུག་མ་སྤྲོ་སྣང་གིས་བསྡུས་སྟེ་ཀུན་ཡིད་དགའ་བའི་མིག་ཟུང་ཁྲ་རིལ་རིལ་བྱེད་ཅིང་གདའ་མོད། འོན་ཀྱང་། དོན་དངོས་ཀྱི་སྤྱི་ཚོགས་ཁྲོད་དུ་ཡེ་པ་ཁོའུ་ལྟ་བུའི་དགེ་རྒན་ལྷག་བསམ་ཅན་དང་ཐབས་ཤེས་ཅན་ག་ཚོད་མཆིས་སམ། དེ་བཞིན་འདི་ལྟའི་ཁོར་ཡུག་གི་ཁྲོད་དུ་སློབ་བུ་ཡེ་སང་ལྟ་བུའི་བྱིས་པ་བསོད་ནམས་ཅན་ཡང་དཀོན་པས་དཀོན་པར་གདའ། ང་ཚོའི་ཉེ་འཁོར་ན་ཡེ་སང་ལྟ་བུའི་བྱིས་པ་གྲངས་མེད་ཅིག་གི་ལྷད་མེད་དྭངས་གཙང་གི་སེམས་པར་སྤྲིན་ནག་འཐིབས་སྟེ། ལྷན་སྐྱེས་ཤེས་རབ་མཐའ་དག་སད་ཀྱིས་བཅོམ་ནས་བག་ཞུམ་དང་ཉམ་ཆུང་། དངངས་སྐྲག་དང་འཇིགས་ཡེར་གྱི་ངང་དུ། ཅི་ཡང་བསམ་མི་ཕོད་ཅིང་གང་ཡང་སྒྲུབ་མི་སྤོབས་པར་གནས་ནས་འདུག ཀྱེ་མ། ཀྱི་ཧུད། དེ་ནི་ཅི་འདྲའི་ནག་ཉེས་ཆེན་པོ་ཞིག་དང་རྨོངས་ལས་ཐལ་དྲགས་པ་ཤིག་རེད་ཨང་།