ཀྲིག་ཡུག་ཀོང་ན་རེ།  བྱིས་པར་རང་སྐྱ་ཐུབ་པའི་བསམ་གཞིག་ཇི་ལྟར་གཏོང་དུ་འཇུག་དགོས།

周有光:怎样让孩子独立思考?

དགའ་ཕྱོགས་ནི་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པས།  ཨུ་ཚུགས་བྱ་རྒྱུ་མེད།

ང་མུ་མཐུད་དུ་བསམ་གཞིག་གཏོང་རྒྱུར་ལོབས་པ་འདི་ང་འགྲིམས་པའི་སློབ་གྲྭའི་སློབ་གསོར་འབྲེལ་བ་ཡོད་འདུག  སྐབས་དེའི་ང་ཚོའི་སློབ་གྲྭའི་དགེ་རྒན་ནི་དགའ་སྣང་སྐྱེད་སྲིང་བྱ་རྒྱུར་ཧ་ཅང་དགའ།  དགའ་སྣང་མེད་ན་ཤེས་བྱ་ཅི་ཡང་སློབ་མི་ཐུབ་ཟེར།

ངས་སྔོན་ཆད་St. John’s Universityསེ་ཁྲི.རྗོན་སི་སློབ་ཆེན་དུ་སློབ་སྦྱོང་བྱས་མྱོང་།  དེ་ནི་ཡེ་ཤུའི་སློབ་གྲྭ་ཞིག་ཡིན་ལ་སློབ་གྲྭའི་མཐུན་རྐྱེན་ཅུང་ལེགས་པོ་ཡོད།  དཔེ་མཛོད་ཁང་དུ་དུས་དེབ་དང་ཚགས་པར་མང་།  དགེ་རྒན་གྱིས་དཔེ་མཛོད་ཁང་དུ་དཔེ་ཀློག་རྒྱ་ཆེར་བྱེད་རྒྱུར་སྐུལ་མ་ཆེན་པོ་གཏོང་ཞིང་།  དགའ་སྣང་སྐྱེད་སྲིང་བྱེད།  གཞན་དུ་ན།  དགེ་རྒན་གྱིས་ད་དུང་ང་ཚོར་དཔེ་ཀློག་ཅི་ལྟར་བྱ་དགོས་པའང་སློབ་སྟོན་གནང་།  ང་ཚོ་རྒྱུན་པར་དཔེ་མཛོད་ཁང་དུ་ཕྱིན་ནས་ཚགས་པར་ལ་ལྟ་ཞིང་།  དབྱིན་ཇིའི་དགེ་རྒན་ཞིག་གིས་ཉིན་རེར་ཚགས་པ་ལ་ཇི་ལྟར་ལྟ་དགོས་པ་བཤད།

ཁོས་བཤད་རྒྱུར།  ཚགས་པར་ལ་ལྟ་ན་ལྟ་ཕྱོགས་ཡོད་དེ།  ཚགས་པར་ལ་ལྟ་དུས་རང་ལ་འདྲི་རྒྱུར།  གསར་འགྱུར་ཚན་པ་འདི་གལ་ཆེ་དོན་ཅི་ཡིན།  གསར་འགྱུར་ཚན་པ་འདིའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ག་འདྲ་ཡིན།  མི་ཤེས་ན་དཔེ་དེབ་ལས་འཚོལ་དགོས་ཟེར།

རྗེས་སུ་ང་ཚོས་ཁོའི་བྱེད་ཕྱོགས་ལྟར་དུ་ཚགས་པར་ལ་བལྟས་པ་ན།  དངོས་གནས་བློ་བསྐྱེད་མང་པོ་ཐོན།  རྗེས་སུ་ངས་བྱེད་ཕྱོགས་དེ་དཔེ་ཆ་ཀློག་པའི་སྟེང་ལ་བཀོལ་བ་དང་།  ཞིབ་འཇུག་གི་སྟེང་དུའང་བཀོལ།  འདིས་ང་ལ་(བཟང་ཕྱོགས་ཀྱི)ཤུགས་རྐྱེན་ཆེན་པོ་ཐེབས།

དུས་སྐབས་དེར་དགེ་རྒན་གྱིས་སློབ་མའི་དགའ་སྣང་སྐྱེད་སྲིང་བྱ་རྒྱུར་ཧ་ཅང་གཙིགས་ཆེན་བྱེད།  ཡིན་ཡང་།  དགའ་སྣང་ནི་རང་བཞིན་གྱིས་འབྱུང་བ་ཞིག་ཡིན་པ་ལས།  ཨུ་ཚུགས་བྱ་རྒྱུ་མེད།  ད་སྐབས་ཀྱི་བྱིས་པར་རང་དབང་གི་ཁོར་ཡུག་ཅིག་མེད།  དགའ་སྣང་ལ་ཡང་སྐྱེས་སའི་ཞིང་ས་མི་འདུག

ང་འགྲིམས་པའི་སློབ་འབྲིང་དང་སློབ་ཆེན་ནི་དེང་མའི་སློབ་གྲྭ་ཡག་ཤོས་ཡིན།  ཡིན་ཡང་ང་ཚོའི་སློབ་སྦྱོང་ནི་ཧ་ཅང་ཡང་།  སློབ་འབྲིང་སྐབས་དུས་ཚོད༩པར་ད་གཟོད་སློབ་ཁྲིད་བྱེད།  སྔ་དྲོ་ཡོངས་སུ་སློབ་ཁྲིད་དང་ཕྱི་དྲོ་རིག་རྩེད་སློབ་ཚན་ཡིན།  རིག་རྩེད་ནི་རི་མོ་དང་གླུ་དབྱངས།  ཡིག་གཟུགས་སོགས་ཡིན།  རྒྱུགས་ལེན་རྒྱུ་མེད་པ་དང་སྐར་མ་འབྲི་རྒྱུ་མེད།  ཧ་ཅང་ཡང་མོ་ཡིན།  སྐབས་དེར་ང་ཚོར་ཁྱིམ་ནས་གསབ་ཁྲིད་བྱེད་རྒྱུ་གང་ཡང་མེད།  རྒྱུ་མཚན་ནི་ང་ཚོས་སྟབས་བདེའི་ངང་སློབ་ཐུབ།  ད་དུང་སྣང་བ་སྐྱིད།

དགའ་སྣང་ནི་འདི་ལྟར་གནོན་ཤུགས་མང་པོ་མེད་པ་དང་ཁོམ་པ་མང་པོ་ཡོད་པའི་དུས་ཚོད་ནང་དུ་རང་ཉིད་དགའ་བའི་བྱ་བ་བྱས་པའི་རྒྱུད་རིམ་ཁྲོད་ནས་བྱུང་བ་རེད།

སློབ་གྲྭར་སོང་སྟེ།  ང་ཚོས་སློབ་ཁྲིད་ཀྱི་ཟུར་ནས་སྐད་བརྡ་རིག་པའི་སྐོར་གྱི་དཔེ་ཆ་མང་པོ་བཀླགས།  ང་ཚོའི་དུས་སྐབས་དེར་དོ་དམ་སྒྲིག་ལམ་ལ་ལ་ཞིག་སྟབས་བདེ་བཟོས་ཆོག  ང་ཚོ་སློབ་འབྲིང་སྐབས་སུ་ངེས་པར་སློབ་གྲྭར་བཅའ་སྡོད་བྱས་ཏེ་སློབ་སྦྱོང་བྱ་དགོས།  གཟའ་ཟླ་བ་ནས་གཟའ་སྤེན་པའི་བར་སློབ་མ་གཏན་ནས་སྒོར་སོང་མི་ཆོག  དེར་སློབ་མ་རྣམས་གཅིག་ཏུ་འདུས་ནས་བློ་གཅིག་སེམས་གཅིག་གིས་དཔེ་ཀློག་དང་སློབ་སྦྱོང་།  དགེ་རྒན་གྱི་སློབ་གསོ་མྱོང་དགོས།  ད་སྐབས་སློབ་གྲྭ་མང་པོར་མཐུན་རྐྱེན་འདི་མེད་པར་སློབ་མར་ཕྱི་ཡུལ་གྱིས་ཤན་ཤུགས་དྲག་པོ་ཐེབས་ཀྱིན་འདུག

 

ངའི་སེམས་སུ།  སྐབས་དེའི་སློབ་གསོའི་བྱེད་ཐབས་ལ་བཟང་ཕྱོགས་ཤིག་ཡོད།  སློབ་མས་སྐབས་ལ་ལར་རང་ཉིད་དགའ་བའི་བྱ་བ་རེ་འགའ་སྒྲུབ་ཆོག་ལ།  སྐབས་ལ་ལར་སློབ་ཞོར་ལས་ཞོར་གྱི་བྱ་འགུལ་སྒྲུབ་ཆོག  དེང་སྐབས་ཀྱི་སློབ་གསོས་ཁྱིམ་མི་དང་བྱིས་པ་གཉིས་ཆར་འགན་ཁུར་ལྗིད་མོ་བཀེལ་འདུག  བྱིས་པར་རང་གི་དུས་ཚོད་མེད།  ད་སྐབས་ཆིན་ཧྭ་དང་པེ་ཅིན་སློབ་ཆེན་ག་ལེར་བསྒྱུར་གྱིན་འདུག  སུའུ་ལེན་གྱི་སློབ་གསོ་བྱེད་ཕྱོགས་ཀྱི་ཤན་ཤུགས་ལས་ཐར་གྱིན་འདུག  འདི་ནི་མགོ་རྩོམ་ས་ཡག་པོ་ཞིག་རེད།

ཁོམ་ལོང་གི་དུས་ཚོད་ཡོད་ཚེ་ད་གཟོད་བསམ་གཞིག་གཏོང་ཐུབ།

སློབ་ཆུང་དང་སློབ་འབྲིང་ནས་སློབ་རྒྱུ་མང་པོ་ཡོད་མི་རུང་།  བྱིས་པར་རྩེད་མོ་རྩེས་པའི་དུས་ཚོད་སྟེར་དགོས།

མི་ཞིག་ལ་ཁོམ་ལོང་གི་དུས་ཚོད་ཡོད་ན།  ད་གཟོད་བསམ་གཞིག་གཏོང་ཤེས།

ངས་ནམ་ཡང་ངའི་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ཝུའུ་ཧྲན་ཞུག(吴山秀)བརྗེད་མི་སྲིད།  ཁོང་གིས་ངའི་མིག་རྒྱ་བསྐྱེད་ཕྱིར།  མཚམས་མི་འཇོག་པར“ལྔ་བཞིའི”རིག་གནས་གསར་པའི་འགུལ་སྐྱོད་ཀྱི་དགོངས་དོན་ང་ལ་སྒྲོག་བཤད་དང་།  ནམ་རྒྱུན་མི་སྣ་གྲགས་ཅན་སློབ་གྲྭར་གདན་དྲངས་ནས་གཏམ་བཤད་གནང་དུ་འཇུག  ཁོ་ནི་སྐད་ཡིག་དགེ་རྒན་ཞིག་ཡིན།  སྐབས་དེའི་སློབ་དེབ་ནི་ཡིག་སྐད་ཡིན་མོད།  ཁོང་གིས་གོ་སླ་བའི་སྐད་ཡིག་དར་སྤེལ་གཏོང་།  གོ་སླ་བའི་རྩོམ་ཡིག་ང་ཚོར་ངོ་སྤྲོད་གནང་།  སྐབས་དེར་སློབ་གྲྭ་ཆུང་འབྲིང་ཁག་ཏུ་དགེ་རྒན་ཕུལ་བྱུང་ཅན་མང་པོ་ཡོད།  ང་ཚོའི་དགེ་རྒན་གྱིས་རྒྱུན་པར་ང་ཚོར་བག་ཡང་མོ་བྱེད་དུ་འཇུག  ངའི་སེམས་སུ།  བག་ཡང་མོ་བྱས་ཚེ་ད་གཟོད་བསླབ་པ་བཟང་།  བྲེད་ཤའི་ངང་ནས་སློབ་སྦྱོང་ཡག་པོ་བྱ་མི་ཐུབ།  གནོན་ཤུགས་ཅི་ལྟར་ཆེ་ན་སློབ་སྦྱོང་ལེགས་པོ་བྱེད་ཐུབ་པ་མིན་པར།  གནོན་ཤུགས་ཆེ་ན་སློབ་སྦྱོང་བྱས་པ་མི་བཟང་ངོ་། 

བྱིས་པར་བདག་མ་བྱས་ན་མི་ཆོག  ཡིན་ཡང་ཚད་ལས་བརྒལ་མི་རུང་།

ངས་ནི་སློབ་གསོ་སྒྲུབ་ན་ཁོར་ཡུག་བག་ལྷོད་པོ་དར་སྤེལ་བཏང་ན་འགྲིག་བསམས།  ང་ཚོའི་སྔོན་ཆད་ཀྱི་དགེ་རྒན་གྱིས་དགའ་སྣང་ལ་ཤུགས་སྣོན་བྱེད།  ཁོ་ཚོས་དགའ་སྣང་མེད་ན་སློབ་སྦྱོང་ཡག་པོ་བྱ་མི་ཐུབ་སྙམ།  དགའ་སྣང་ནི་རང་ངོས་ནས་བྱུང་བ་ཡིན་ལ།  ཕྱི་ནས་བྱུང་བ་མིན།  དེ་ནི་ལྡོག་མེད་རང་བཞིན་ངང་བྱུང་བ་ལས་སྟེས་དབང་གིས་བྱུང་བ་མིན།  བྱིས་པ་ཞིག་ལ་དགའ་ཕྱོགས་ཤིག་གམ་དགའ་ཕྱོགས་མང་ཤས་ཤིག་ཡོད།  ལྡོག་མེད་རང་བཞིན་གྱི་དགའ་ཕྱོགས་ནི་སྟེས་དབང་གི་གོ་སྐབས་ཤིག་གིས་མཚམས་སྦྱར་ནས་ད་གཟོད་བྱ་བ་རླབས་ཆེན་སྒྲུབ་པ་རེད།

སྐད་ཡིག་བཅོས་བསྒྱུར་ཡང་དེ་ལྟར་ཡིན།  སྐད་ཡིག་བཅོས་བསྒྱུར་ནི་སྐད་ཡིག་རང་སྟེང་གི་འཕེལ་རྒྱས་ཀྱི་ལྡོག་མེད(རང་བཞིན)ཡིན་ལ།  མིས་བཟོས་པ་ཞིག་མིན།  དེ་ནི་དོན་དག་སྟབས་བདེ་ཞིག་རེད།  དུས་རབས༢༠བའི་ལོ་རབས༥༠བར།  རྒྱ་ཡིག་གི་དབྱངས་ཡིག་ཐབས་ཇུས་གཏན་འབེབས་བྱས།  དེ་ནི་སྟེས་དབང་གི་གོ་སྐབས་ཤིག་ལས་བྱུང་།  དེ་རིང་དབྱངས་ཡིག་ཐབས་ཇུས་སྤྱད་ཚེ་ལེགས་འགྲུབ་འབྱུང་བའི་ངེས་པ་མེད།  རྒྱུ་མཚན་ནི་མིག་སྔར་གནའ་རབས་སླར་གསོའི་བསམ་བློའི་རླབས་རྒྱུན་ཞིག་བྱུང་འདུག  རིག་གསར་གྱི་སྐབས་སུའང་ཡོང་མི་ཐུབ།  རྒྱུ་མཚན་ནི་སྐབས་དེར་དེ་ལྟའི་དབྱངས་ཡིག་སྦྱར་ཚེ་ཕྱི་གླིང་བའི་བྲན་གཡོག་རེད་ཟེར་ནས་འཐབ་རྩོད་བྱེད་ངེས།  དེ་བས།  དོན་དག་གང་ཡིན་ཡང་ལྡོག་མེད་ཀྱི་སྟེས་དབང་ཞིག་ལ་བརྟེན་ནས་བྱུང་གིན་ཡོད།

 

སློབ་གསོས་བྱིས་པར་ཁོར་ཡུག་བསྐྲུན་དགོས།  འདི་ལྟར་བྱས་ཚེ་ཁོ་ཚོའི་དགའ་ཕྱོགས་ངང་ངམ་ཤུགས་ཀྱིས་རང་དབང་གིས་ནར་སོན་པ་རེད།

ངའི་ཚ་བོ་ལོ་དྲུག་ཅན་ཨ་རི་ནས་ལོག་པར།  ཁོས་དབྱིན་ཡིག་གིསSherlock·Holmesཞར་ལོ་ཁི•ཧོལ་མི་སི་ཡི་སྒྲུང་གཏམ་ལ་ལྟ།  ཁོ་ཚོར“གསུམ་བཟང་སློབ་མ”འདེམ་སྲོལ་མེད།  དེ་ལྟར་གྲལ་རིམ་དགར་ཚེ་སློབ་མ་གཞན་དག་གི་སེམས་ཤུགས་ཆག་འགྲོ་སྙམ་ཡོད།  དགེ་རྒན་གྱིས་ལས་བྱ་མི་བགོ་ཞིང་།  ཁྱིམ་དུ་ལོག་ན་ལས་བྱ་འབྲི་མི་དགོས།  དཔེ་ཀློག་ཀྱང་རང་འགུལ་གྱིས་བྱེད་པ་ལས་བཙན་གྱིས་བྱེད་པ་མ་ཡིན།  སློབ་གསོའི་བསམ་བློ་འདི་དང་སློབ་གསོའི་བྱེད་ཐབས་འདི་ནི་ང་ཚོའི་ད་ལྟ(སློབ་གསོ)དང་ཡེ་ནས་མི་འདྲ།

ང་སློབ་འབྲིང་ཡིན་དུས།  སློབ་སྐབས་རེ་རེར་རྒྱུགས་ལེན་རྒྱུ་ལས།  ནམ་རྒྱུན་ཡོད་པ་མ་ཡིན།  དགེ་རྒན་གྱིས་ཀྱང་རྒྱུགས་འབྲས་དམའ་བའི་སློབ་མར་ཆད་པ་གཅོད་མི་སྲིད།  ཁོ་ཚོར་དམའ་འབེབ་མི་བྱེད།  སློབ་མར་ཆད་པ་གཅོད་པ་ནི་ཐབས་ཤེས་ཡག་པོ་ཞིག་མ་ཡིན།  དེ་ནི་སློབ་མའི་བསམ་བློ་དང་སྙིང་སྟོབས་འགོག་གནོན་བྱས་ཏེ།  མི་གཤིས་ཡག་པོ་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་པ་རེད།

པེ་ཅིན་སློབ་ཆེན་གྱི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོར།  ཨ་རིའིHarvard Universityཧ་ཧྥོ་སློབ་ཆེན་གྱི་སློབ་གཙོས་གསུང་རྒྱུར།  ང་ཚོས་སློབ་མ་སྐྱེད་སྲིང་བྱེད་པ་ནི་རིག་ཚན་སློབ་མས་རྩིས་ཚན་ཤེས་རྟོགས་ཡོང་བ་དང་།  རྩིས་ཚན་སློབ་མས་རིག་ཚན་ལ་རོལ་མྱོང་བྱ་ཐུབ་པའི་ཆེད་ཡིན།  སློབ་ཆེན་གྱི་དམིགས་ཡུལ་ནི་ཆེད་མཁས་པ་སྐྱེད་སྲིང་བྱ་རྒྱུ་མིན་པར།  མི་གཤིས་ཆ་ཚང་བ་ཅན་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་ལ།  སློབ་གསོ་འཐུས་སྒོ་ཚང་བ་ཞིག་འཛུགས་ཕྱིར་ཡིན་ཟེར།  འདི་ནི་ང་ཚོས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་ཞེས་པ་དང་ཆ་འདྲ་བོ་ཡོད།

སྔོན་གྱི་སུའུ་ལེན་གྱི་སློབ་གསོ་དང་ཨ་རིའི་སློབ་གསོ་བསྡུར་ན།  སྔོན་གྱི་སུའུ་ལེན་གྱིས་ཆེད་མཁས་པ་སྐྱེད་སྲིང་བྱེད་པས།  སྒོར་ཐོན་པ་ན་བཟོ་འགོད་པ་ཡག་པོ་ཞིག་ཡིན།  ཨ་རིས་བཟོ་འགོད་པ་ཕུལ་བྱུང་གསོ་སྐྱོང་མི་བྱེད་མོད།  སློབ་ཆེན་པའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཧ་ཅང་ཡངས་པར་ངེས།  ད་ལྟ།  སློབ་གསོའི་བྱེད་ཕྱོགས་གཉི་གའི་ཐོབ་ཤོར་ནི་ཧ་ཅང་གསལ་བོ་རེད་འདུག

(སྙུང་བུས་བསྒྱུར།)