རྩོམ་འདིར་ཕྲན་ཆུང་གུས་པ་ཟླ་ངོ་གཅིག་གི་ལྷག་ལ་དབུས་གཙང་གི་ཡུལ་གྲུ་45ཙམ་ལ་བསྐྱོད་པའི་ཉམས་མྱོང་བརྒྱུད་ཡུལ་ལུང་གང་ལ་ཆས་ཚེ་རླངས་འཁོར་འབབ་ཚིགས་གང་དང་རླངས་འཁོར་ལམ་ལ་ཆས་པའི་དུས་ཚོད། པ་སེ་རིན་གོང་སོགས་གང་འདྲ་ཡིན་མིན་ཀུན་ལ་ངོ་སྤྲོད་བྱེད་འདོད་ཅིང་། དེ་ཡང་གནས་སྐོར་བ་བྲེལ་བ་ཆུང་བ་རྣམས་ལ་ཕན་པར་བསམས་ནས་རྩོམ་ཐུང་འདི་འབྲི་བའི་ངལ་བ་ལྷུར་ལངས་པ་ལགས་སོ། །


དང་པོ། ཡར་ཀླུང་།

བསམ་ཡས་དགོན་ལ་ལྷ་སའི་ཇོ་ཁང་ངམ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མདུན་ཏེ་དེང་སང་གཡུ་ཐོག་ལམ་དུ་འབོད་པའི་ས་ནས། ཞོགས་པའི་དུས་ཚོད་6ཙམ་ལ་རླངས་འཁོར་ཆེ་བ་རྒྱུག་ཅིང་། པ་སེ་རིན་གོང་ལ་མི་གཅིག་ལ་དམངས་སྒོར་60རེད། སྔ་དྲོའི་དུས་ཚོད་10ཡས་མས་ལ་བསམ་ཡས་དགོན་དུ་བདེ་བར་འབྱོར། དེ་ནས་ཕྱི་དྲོའི་དུས་ཚོད་3ལ་ཕྱིར་ལྷ་སར་ལོག་ཅིང་། ལམ་བར་དུ་ཁྲ་འབྲུག་དགོན་དང་རྡོ་རྗེ་བྲག་གཉིས་ལ་མཇལ་བསྐལ་རླངས་འཁོར་ཁ་ལོ་པས་སྟེར། གཞན་ཡང་བསམ་ཡས་མཆིམས་ཕུ་ལ་ཉིན་རེའི་སྔ་དྲོའི་དུས་ཚོད་9དང་སྐར་མ་30ལ་བསམ་ཡས་དགོན་པའི་རླངས་འཁོར་འབབ་ཚིགས་ནས་རླངས་འཁོར་བསྐྱོད་ཅིང་། པ་སེ་ལ་སྒོར་20རེད། ཕྱི་དྲོའི་དུས་ཚོད་3སྟེང་ཕྱིར་བསམ་ཡས་དགོན་དུ་ལོག་གོ །
དེ་མིན་ད་དུང་ཇོ་ཁང་གི་མདུན་ནས་མཚུར་ཕུ་དང་རྭ་སྒྲེང་། དགའ་ལྡན་དང་བྲག་ཡེར་བ་སོགས་ལ་ཆས་པའི་རླངས་འཁོར་ཡང་མཆིས་ཤིང་། རྭ་སྒྲེང་ལ་ལྷ་ས་ནས་དུས་ཚོད་4ལྷག་བསྐྱོད་དགོས་པས་པ་སེ་ལ་སྒོར་200(འདིར་ཚུར་ལམ་གྱི་ལམ་གླ་ལ་ཡང་འདུས་པ་དང་། མི་གྲངས་ཀྱི་མང་ཉུང་ལྟར་ལམ་གླ་ལ་མཐོ་དམའ་ཤོར་བས་ངེས་གཏན་མེད་སྐད།)དང་། དགའ་ལྡན་དང་བྲག་ཡེར་བ་གཉིས་ཉིན་གཅིག་ལ་མཇལ་ཐུབ་པས་པ་སེ་ལ་སྒོར་80ཡིན་སྐད། དེ་མ་ཟད་མཚོ་སྔོན་དོན་གཅོད་ཁང་(青海办事处)གིས་རླངས་འཁོར་གྱི་མི་གྲངས་ལོངས་ན་མཚོ་སྔོན་གྱི་མི་རྣམས་རིན་མེད་དུ་དགོན་ཕྱི་མ་གཉིས་ལ་མཇལ་བར་ཁྲིད་པའི་ཞབས་ཞུ་ཡང་སྒྲུབ་མུས་ཐོས།


ལྷ་སའི་རླངས་འཁོར་འབབ་ཚིགས་ནས་གྲ་ནང་རྫོང་ལ་ཆས་འདོད་ཚེ། ལྷ་ས་གྲོང་ནུབ་རླངས་འཁོར་འབབ་ཚིགས་(西郊客运站)ལ་བསྐྱོད་དགོས། གྲ་ནང་རྫོང་གི་པ་སེ་རིན་གོང་ལ་དམངས་སྒོར་42རེད། ཉིན་རེའི་ཆེས་སྔ་མོའི་རླངས་འཁོར་དེ་སྔ་དྲོའི་དུས་ཚོད་10སྟེང་ལམ་ལ་ཆས་ཀྱིན་འདུག གྲ་ནང་ནས་གྲ་ཐང་དགོན་དང་། བྱམས་པ་གླིང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གདན་ས་སྟོད་གྲོང་དགོན་དང་འཁྲུངས་ཡུལ། ཁ་ཆེ་པཎ་ཆེན་གྱི་ཚོགས་པ་སྡེ་བཞིའི་ཡ་གྱལ་གྲ་ནང་རྒྱལ་གླིང་ཚོགས་པ་དང་གྲ་ཕྱི་ཚོང་འདུས་ཚོགས་པ་བཅས་ལ་མཇལ་ཆོག དེ་དག་ལས་གྲ་ཐང་དང་བྱམས་པ་གླིང་ལ་ཕྲན་ནི་རྐང་ཐང་ལ་བསྐྱོད་ཅིང་། དགོན་སྡེ་གཞན་རྣམས་ལ་མཇལ་བར་གླ་གཏོང་རླངས་འཁོར་ཆུང་ངུ་ཞིག་ལ་དམངས་སྒོར་100སྤྲད་པ་ཡིན།
གྲ་ནང་ནས་རྩེད་ཐང་ལ་ཕྱིན་ན་པ་སེ་ལ་སྒོར་20དང་རླངས་འཁོར་འབབ་ཚིགས་ལ་拆木站ཟེར་སྐད། ཁོ་བོ་ནི་བསམ་ཡས་དགོན་གྱི་མགྲོན་ཁང་དུ་ནུབ་གཅིག་བསྡད་དེ་ཕྱི་ཉིན་ཞོགས་པར་དགོན་པའི་རླངས་འཁོར་འབབ་ཚིགས་ནས་རྩེད་ཐང་ལ་ཆས་ཤིང་པ་སེ་ལ་དེ་ནས་ཀྱང་སྒོར་20རེད། རྩེད་ཐང་གོང་པོ་རིའི་འདབས་ནས་ལྔ་མཆོད་གྲྭ་ཚང་དང་དགའ་ལྡན་ཆོས་འཁོར་གླིང་ལ་མཇལ་ཆོག རྩེད་ཐང་གྲོང་དབུས་ནས་ཁ་ཆེ་པཎ་ཆེན་གྱི་སྣེ་གདོང་ཚོགས་པ་དང་ཁྲ་འབྲུག ཡུམ་བུ་བརླ་མཁར་སོགས་ལ་སྤྱི་སྤྱོད་རླངས་འཁོར་ཨང་2པ་ལ་བསྡད་ན་སླེབས་ཐུབ། གཞན་ཡང་བཙན་པོའི་སྐབས་སུ་བཞེངས་པའི་བྱ་ས་གསེར་གྱི་ལྷ་ཁང་དང་བཙན་ཐང་གཡུ་ཡི་ལྷ་ཁང་གཉིས་ཀྱང་རྩེད་ཐང་གྲོང་གི་ཐག་ཉེ་སར་མཆིས་པས་གླ་གཏོང་རླངས་འཁོར་སོགས་གླས་ནས་སྐྱོད་ཆོག་གོ །


འཕྱོངས་རྒྱས་ལ་ཕྱིན་ཚེ་རྩེད་ཐང་རྫོང་གི་བོད་སྨན་ཁང་གི་ཁ་གཏད་ཀྱི་ལམ་འགྲམ་ནས་མགྲོན་སྐྱེལ་རླངས་འཁོར་ལ་སྒུག་དགོས་ཤིང་། པ་སེ་ལ་དམངས་སྒོར་10རེད། འཕྱོངས་རྒྱས་རྫོང་ཐོག་ནི་ཤིན་ཏུ་ཆུང་བས་དེར་གླ་གཏོང་རླངས་འཁོར་མེད་ལ། མགྲོན་ཁང་ཡང་རེ་གཉིས་ལས་མི་འདུག་པས་དེ་འདྲའི་སྟབས་བདེ་མོ་ཞིག་མ་རེད། ཕྲན་རང་འཕྱོངས་རྒྱས་ནས་འཕྱིང་པ་སྟག་རྩེའི་ཤུལ་དང་། རི་བོ་བདེ་ཆེན་དགོན། རྒྱལ་དབང་ལྔ་པའི་འཁྲུངས་གཞིས། (ཁོ་བོ་སླེབས་ཉིན་གཟའ་མཇུག་ལ་འཁེལ་བས་འཁྲུངས་གཞིས་ནང་ལ་མཇལ་མ་ཐུབ།) སྲོང་བཙན་ལྷ་ཁང་ངམ་བང་སོ། དེ་ནས་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་དང་དེའི་མདུན་གྱི་རྡོ་ཡི་སེང་གེ་གཉིས། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་། དེ་མིན་རྫོང་མཁར་ནས་ཤར་དུ་སྤྱི་ལེ་10ཙམ་གྱི་སར་ཆགས་པའི་སོལ་ནག་ཐང་པོ་ཆེར་ཉེ་མཇལ་ལ་ཆས་སོ། ། ཡར་ཀླུང་ངམ་ལྷོ་ཁ་ས་ཁུལ་གྱི་རྫོང་ཁག་གསུམ་ནས་གནས་འགངས་ཆེན་20ཙམ་ལ་མཇལ་བར་ཉིན་བཞི་འགོར་ཞིང་། འགྲོ་འདུག་སྤྱོད་གསུམ་ལ་དམངས་སྒོར་1000ཙམ་ལས་ཤོར་མི་འདུག


གཉིས་པ། འཕན་ཡུལ།

ལྷ་ས་ནས་འཕན་ཡུལ་ལམ་ལྷུན་གྲུབ་རྫོང་བར་སྤྱི་ལེ་70ཙམ་ཡོད་ཅིང་། ལྷ་སའི་ཤར་ཕྱོགས་རླངས་འཁོར་འབབ་ཚིགས་(东郊客运站)ནས་ལམ་ལ་ཆས་དགོས་ཤིང་། འདི་ནས་ལྷ་ས་ས་ཁུལ་གྱི་རྫོང་ཁག་སྟོད་ལུང་བདེ་ཆེན་དང་མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་སོགས་ལ་བསྐྱོད་པའི་རླངས་འཁོར་འདུག ལྷུན་གྲུབ་རྫོང་གི་རླངས་འཁོར་དུས་ཚོད་9ཙམ་ལ་ལམ་ལ་ཆས་ཤིང་། པ་སེ་ལ་སྒོར་21རེད། ལྷུན་རྩེ་རྫོང་ཐོག་ལ་འབྱོར་རྗེས་ཡུལ་དེར་ཚོང་ལས་གཉེར་བཞིན་པའི་ཨ་མདོ་བ་རླངས་འཁོར་ཡོད་པ་ཞིག་ངོ་ཤེས་པས། ཁོང་ལ་སྒོར་400སྤྲད་ནས་ཉིན་གང་བོར་འཕན་ཡུལ་གྱི་དགོན་པ་8དེ། ཐང་སག་དགའ་ལྡན་ཆོས་འཁོར་དང་ལྕགས་རི་དགོན། གླང་ཐང་དགོན། འཕན་ཡུལ་ནཱ་ལེནྡྲ། རག་མ་བྱམས་ཁང་། སྤ་ཚབ་ཉི་མ་གྲགས་ཀྱི་གདན་ས་ལོ་ཙཱ་དགོན། སྤྱན་ལེགས་བྱམས་ཁང་། རྒྱལ་ལྷ་ཁང་བཅས་ལ་མཇལ་བར་བསྐྱོད་པ་ཡིན།
རག་མ་བྱམས་ཁང་མ་གཏོགས་དགོན་གཞན་རྣམས་ནི་ཐང་དཀྱིལ་དང་རི་ཞོལ་དུ་ཆགས་ཡོད་པ་དང་། ལམ་འགྲམ་ཀུན་གྱི་ཞིང་ཁར་སྐེ་ཚེ་མེ་ཏོག་རྣམ་པར་བཞད་པས་ཡུལ་ཁམས་ཤིན་ཏུ་མཛེས་ལ་གནམ་གཤིས་ལེགས་ན་རྐང་འཁོར་ཞོན་ནས་གནས་དེ་དག་ལ་སྐྱོད་ཆོག་པ་དེ་འདྲ་ཞིག་རེད།


གསུམ་པ། གཙང་ས་སྐྱ་སོགས།

ལྷ་ས་ནས་མེ་འཁོར་ལ་བསྡད་ནས་གཙང་དུ་ཆས་ན་རྐུབ་སྟེགས་ཅན་གྱི་པ་སེ་ལ་སྒོར་40.5རེད། དུས་ཚོད་3ནང་གཞིས་ཀ་རྩེར་སླེབས་ཐུབ། བཀྲ་ཤིས་ལྷུན་པོ་དགོན་ནི་གཞིས་ཀ་རྩེ་གྲོང་ཁྱེར་དུ་འདུག་ལ་གླ་གཏོང་རླངས་འཁོར་སོགས་གླ་ཆོག་པས་འདིར་མང་པོ་སྨྲས་ཅི་དགོས། གཞིས་རྩེ་ནས་ས་སྐྱ་ལ་བསྐྱོད་ན་རླངས་འཁོར་འབབ་ཚིགས་ཆེ་བ་(客运总站)ནས་འགྲོ་དགོས་ལ། ཉིན་རེའི་སྔ་དྲོའི་དུས་ཚོད་8དང་ཕྱི་དྲོའི་དུས་ཚོད་2སོ་སོ་ལ་རླངས་འཁོར་ཆེ་བ་རྒྱུག་གྱིན་འདུག པ་སེ་ལ་སྒོར་50རེད། ཕྱིར་ས་སྐྱ་ནས་གཞིས་རྩེ་ལ་ལོག་པའི་རླངས་འཁོར་ནི་ཕྱི་དྲོའི་དུས་ཚོད་4ལ་ཡོད་ཅེས་ས་སྐྱ་དགོན་གྱི་ཉེ་སར་མཆིས་པའི་རླངས་འཁོར་འབབ་ཚིགས་ཀྱི་པ་སེ་བཙོང་མཁན་གྱིས་བཤད།
ཁོ་བོ་ནི་ས་སྐྱ་རུ་ཞག་གཅིག་བསྡད་ནས་ས་སྐྱའི་གཙུག་ལག་ཁང་གི་ཕྱི་ནང་གཉིས་ཀར་ཞིབ་ཏུ་མཇལ་རྗེས་རླངས་འཁོར་ཞིག་གླས་ནས་ལྷ་རྩེ་རྫོང་གི་འབྲོག་མི་ལོ་ཙཱ་བའི་གདན་ས་མུ་གུ་ལུང་སོགས་ལ་ཉེ་མཇལ་ལ་ཆས་ཤིང་། དེ་དག་གི་ལམ་གླ་ཡོངས་ལ་སྒོར་350ལྷག་ཤོར།
གཞིས་ཀ་རྩེ་ནས་ཞ་ལུ་དགོན་ལ་སྤྱི་སྤྱོད་རླངས་འཁོར་རྒྱུགས་ཤིང་། སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་ཀྱི་མིང་ལ་བཀྲ་ཤིས་སྐྱིད་ཚལ་ཨུ་ཡོན་ལྷན་ཁང་(བོད་མིང་གསལ་བོ་ཞིག་དྲན་གྱིན་མི་འདུག་ལ་རྒྱ་སྐད་ལ་扎西吉彩居委会ཟེར་བ་འདྲ།)འབོད་ཅིང་། དེ་ནས་རླངས་འཁོར་གྱི་མི་གྲངས་ལོངས་ན་ཞ་ལུའི་ཕྱོགས་སུ་བསྐྱོད་ཅིང་པ་སེ་ལ་སྒོར་6རེད། ཕྲན་ཆུང་ཞ་ལུ་གཙུག་ལག་ཁང་ལ་མཇལ་རྗེས་བུ་སྟོན་རིན་པོ་ཆེའི་དབྱར་ས་རི་ཕུག་ཏུ་རྐང་ཐང་ལ་བསྐྱོད་ཅིང་། དེ་ནི་ཞ་ལུ་དགོན་ནས་སྤྱི་ལེ་བཞི་ཙམ་གྱི་སར་ཡོད་ཅེས་རྒན་ཆོས་འཕེལ་ལགས་ཀྱི་ལམ་ཡིག་གསར་མར་ངོ་སྤྲོད་གནང་འདུག ཕྱིར་ལོག་རྗེས་ཞ་ལུ་དགོན་གྱི་མདུན་ནས་གཞིས་རྩེ་ལ་ལོག་པའི་སྤྱི་སྤྱོད་རླངས་འཁོར་ལ་འདུག་ཐུབ།


གཞིས་རྩེ་ནས་རྒྱལ་རྩེ་ལ་བསྐྱོད་པའི་འབབ་ཚུགས་ལ་རྒྱ་སྐད་ལ་安康客运站ཟེར་ཞིང་། པ་སེ་ལ་སྒོར་30རེད། རྒྱལ་རྩེ་ནས་ལྷ་སར་ལོག་ན་སྤྱི་བདེ་ཅུའུ་ཡི་ཁ་གཏད་དུ་ལྷ་སར་ཆས་པའི་རླངས་འཁོར་ཆུང་བ་འདུག་ཅིང་། པ་སེ་ལ་སྒོར་90ཡིན་ཞེས་གཙང་གི་སློབ་གྲོགས་ཤིག་གིས་བརྗོད་ཀྱང་ཉིན་དེར་ཕྲན་གྱིས་སྒོར་150བྱིན་པ་ཡིན། རླངས་འཁོར་འདི་དག་ནི་གཞུང་གི་མགྲོན་སྐྱེལ་རླངས་འཁོར་ཆེ་བ་དེ་འདྲའི་རིགས་མིན་པས་མི་གྲངས་ལོངས་ན་ལམ་ལ་ཆས་ཀྱིན་འདུག
ཕྲན་རང་གཙང་ནས་དགོན་པ་ཆེ་ཕྲ་9ཙམ་ལས་མ་མཇལ་ཞིང་། དེ་དག་ནི་བཀྲ་ཤིས་ལྷུན་པོ་དང་། ས་སྐྱ་དགོན། མང་མཁར་མུ་གུ་ལུང་། ཐང་སྟོང་རྒྱལ་པོས་ཕྱག་བཏབ་པའི་བླ་མ་ཐང་སྟོང་། ཁྲོ་ཕུ་དགོན། སྣར་ཐང་དགོན། ཞ་ལུ་དགོན་དང་ཞ་ལུ་རི་ཕུག རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་བཅས་སོ། ། ས་སྐྱ་རྫོང་དང་ལྷ་རྩེ་རྫོང་གཉིས་ལ་གླ་གཏོང་རླངས་འཁོར་སོགས་མེད་པས་ཡར་མར་ལ་ཉུལ་དུས་སྒེར་གྱི་རླངས་འཁོར་ལག་སོན་བྱུང་ཁག་ཅིང་། རྙེད་པ་དག་ལ་ཡང་ལམ་གླ་མཐོན་པོ་མ་སྤྲད་ན་མི་འགྲོ་བས་གཙང་ནས་རང་གཅིག་པུ་ཉུལ་བསམ་ཚེ་མཐུན་རྐྱེན་ལ་ཀུན་དགའ་དོན་འགྲུབ་མང་ཙམ་གྲ་སྒྲིག་བྱེད་དགོས་པར་འདོད་དེ། ཁོ་བོས་ཉིན་དྲུག་ཙམ་ལ་དགོན་སྡེ་ཁག་གི་ལྷ་ཁང་རྣམས་ལ་ཕུལ་བའི་མཇལ་དར་སོགས་མ་བརྩིས་པར་སྒོར་2493བརླགས་འདུག་གོ །
ལར་ན་དབུས་གཙང་གཉིས་ཀྱི་དགོན་སྡེ་གྲགས་ཅན་ཁག་ལ་གྲོང་ཁྱེར་ལྷ་ས་ནས་མགྲོན་འཁོར་ཆུང་བ་(面包车)མི་བདུན་ཙམ་ཤོང་བ་མང་པོ་བསྐྱོད་ཀྱང་། དེ་དག་གིས་ཉིན་གསུམ་བཞི་ཙམ་གྱི་རིང་ལ་གནས་མཇལ་རྫོགས་པར་བྱས་པ་སྔ་མོ་ནས་ཐོས། ཕྲན་ཆུང་ནི་སོས་དལ་མོས་མཇལ་བ་དང་སྒོས་སུ་དགོན་སྡེ་ཁག་གི་རྒྱབ་རི་སོགས་ལ་འགོས་ནས་ཡུལ་གྲུ་གང་དེའི་སའི་ཆགས་དབྱིབས་རྣམས་ལ་ཞིབ་པར་ལྟ་བ་ནི་ཐེངས་འདིའི་གནས་མཇལ་གྱི་ཁྱད་ཆོས་ཤིག་ཏུ་ངོས་བཟུང་སྟེ། དཀའ་ཚེགས་ལ་མ་འཛེམ་པར་རི་མཐོ་སར་འཛེགས་པ་ཡིན། ལམ་ཐག་ཉེ་ཡང་རླངས་འཁོར་མེད་དུས་རྐང་ཐང་ལ་བསྐྱོད་པ་ཡིན། དེའི་དབང་གིས་གཞན་གྱིས་མྱོང་མི་ཐུབ་པའི་དབུས་གཙང་བསྐོར་བའི་གཏམ་རྒྱུད་ཅིག་ཀྱང་སེམས་ཀྱིས་བྲིས་ཐུབ་སོང་། དེ་བས་སྤོབས་པ་ཆེན་པོས་འདི་ལ་མི་དགའ་གང་ལ་དགའ་ཞེས་ཀྱང་བསྒྲགས་ཏེ་མཇུག་གྲུབ་པར་བྱས་སོ། །

                                                                                               2018ལོའི་སྤྱི་ཟླ་8པའི་ཚེས་3ཉིན་ཕ་ཡུལ་རེབ་གོང་སྒོ་དམར་དུ་བྲིས།