(ལ་རྩེ་ཡི་གསལ་བཤད། འདིར་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བྱས་པའི་བཅར་འདྲི་སྐོར་ཞིག་རིམ་བཞིན་འདོན་སྤེལ་བྱེད་རྒྱུ་ཡིན་པ་ལ། བཅར་འདྲི་འདི་དག་ནི་རྒྱལ་ཁོངས་སུའེ་སུ་ཡིན་པའི་གློག་བརྙན་བཟོ་མཁན་ལུའུ་ཁི་ ཧྲད་ལིར་(Luc Schaedler)ལགས་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་དངོས་བྱུང་གློག་བརྙན་ “ཡིད་བྱུང་བའི་གྲྭ་པ་” (Angry Monk)ཟེར་བ་དེ་བཟོ་སྒྲིག་གི་ཆེད་དུ་བཅར་འདྲི་བྱས་པའི་ཆ་ཤས་ཤིག་ཡིན། ལུའུ་ཁི་ལགས་ནས་༡༩༩༩ ལོ་ནས་ ༢༠༠༣ བར་ཏེ། ལོ་ངོ་བཞིའི་རིང་ལ་རྒྱལ་ཁབ་དྲུག་ཏུ་བསྐྱོད་དེ་དགེ་འདུན་ཆོས་འཕེལ་གྱི་ཉེ་འབྲེལ་དང་། ཁོང་དང་འབྲེལ་འདྲིས་ཡོད་པ། བོད་པ་མཁས་པ་དང་། དགེ་འདུན་ཆོས་འཕེལ་ཞིབ་འཇུག་བྱེད་མཁན་ཁྱོན་བསྡོམས་མི་གྲངས་ ༤༡ ལ་བཅར་འདྲི་བྱས་པའི་བརྙན་ཐག་དུས་ཚོད་་༦༥ ་ཡོད། དེ་དག་ལས་བཅར་འདྲི་བཅུ་གཉིས་གློག་བརྙན་དུ་ལུང་འདྲེན་བྱས་ཡོད་པ་མ་གཏོགས་བཅར་འདྲི་༢༩ བེད་སྤྱོད་བྱས་མེད། བཅར་འདྲི་དེ་དག་ལས་ ༢༥ བོད་སྐད་དུ་བྱས་ཏེ་བོད་ཡིག་ཏུ་ཕབ་པ་རྣམས་ལུའུ་ཁི་ལགས་ཀྱི་བཀའ་འཁྲོལ་ལྟར་དགེ་འདུན་རབ་གསལ་ལགས་ནས་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༢༤ ཉིན་ཁ་བརྡ་དྲ་ཚིགས་སུ་བཀོད་ཡོད། བཅར་འདྲི་ ༡༤ དབྱིན་སྐད་དུ་བྱས་པ་རྣམས་ལུའུ་ཁི་ལགས་ཀྱི་བཀའ་འཁྲོལ་ལྟར་ལ་རྩེ་དཔེ་མཛོད་ཁང་ནས་བོད་ཡིག་ཏུ་བསྒྱུར་བའི་འགྲོ་སོང་ཆེད་གཏོང་གིས་འདིར་རིམ་འགོད་བྱེད་རྒྱུ་འདི་ཡིན་ལ། གོ་སྐབས་འདི་བཟུང་ནས་ལུའུ་ཁི་ ཧྲད་ལིར་ལགས་ནས་འདི་འདྲའི་དོན་སྙིང་ཅན་གྱི་ལས་དོན་ཞིག་སྤེལ་བ་དང་། ལ་རྩེ་ལ་ཡིག་སྒྱུར་དང་འདོན་སྤེལ་བྱེད་པའི་བཀའ་འཁྲོལ་གནང་བ་དང་། ཡིག་སྒྱུར་བ་རྣམས་ཀྱིས་ཡིག་སྒྱུར་སྤུས་དག་གནང་བ་བཅས་ལ་བཀའ་དྲིན་ཞུའོ། དགེ་ཆོས་ཀྱི་རི་མོ་འདི་འབྲི་མཁན་ཨ་མདོ་བླ་བྲང་གི་རི་མོ་པ། དེང་སང་ལྷ་ས་ན་བཞུགས་པའི་ཚེ་རིང་དོན་གྲུབ་ལགས་ཀྱིས་བྲིས་ནས་ལ་རྩེ་དཔེ་མཛོད་ཁང་ལ་ལེགས་སྐྱེས་སུ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ།)
ཕྱི་ལོ་༢༠༠༠ལོའི་སྤྱི་ཟླ་༤པའི་ཚེས་༡༦ཉིན་རྡོ་རྗེ་གླིང་དུ་བཅར་འདྲི་བྱས།

ཕྱི་ལོ་༡༩༢༦ལོར་རྒྱ་གར་ནང་གི་རྡོར་གླིང་གི་ཉེ་འགྲམ་རྡ་ལིས་ཟེར་བ་དེར་འཁྲུངས། ཁོང་ནི་སྒྲོལ་མ་གཡང་འཛོམས་ཀྱི་ཚ་མོ་ཡིན། དགེ་འདུན་ཆོས་འཕེལ་གྱིས་སྒྲོལ་མ་གཡང་འཛོམས་ལ་སྙན་ངག་ཞིག་བྲིས་ཡོད་། ཁོ་མོ་ཕྱི་ལོ་༡༩༣༠ཡས་མས་སུ་ཁོང་གི་ཁྱིམ་དུ་དགེ་འདུན་ཆོས་འཕེལ་ལ་ཐུག དེ་དུས་ཁོ་མོ་ལོ་ཆུང་ཡིན། ཁོང་གིས་དགེ་འདུན་ཆོས་འཕེལ་རྡོར་གླིང་དུ་བཞུགས་པ་དང་ཁོང་ཚང་གི་ཁྱིམ་གྱི་མཆོད་བཤམས་ལ་རྩི་བཏང་བ་སོགས་དྲན། (དབྱིན་བསྒྱུར་འདི་གློག་བརྙན་ཁོངས་སུ་མེད་།)

ཁྱོད་ཀྱི་མཚན་དང་ལོ།

ལན། ངའི་མིང་ལ་ལྷག་པ་བུ་འཁྲིད་ཟེར། ང་ལོ་༧༥ཡིན། (གད་མོ་བགད་།) ང་ཆང་ས་བརྒྱབ་ཚར། བུ་ཕྲུག་བཞི་ཡོད་། བུ་གཅིག་དང་བུ་མོ་གསུམ་ཡོད་། ཁོང་ཚོ་ཚང་མ་ཡང་ཆང་ས་བརྒྱབ་ནས་སོ་སོའི་སར་ཡོད་།

ང་ཚོས་དགེ་འདུན་ཆོས་འཕེལ་གྱི་སྐོར་གླེང་ན་མ་རེད་དམ།

ལན། ངས་ཁྱོད་ལ་བརྗོད་རྒྱུར། ང་ངའི་སྤོ་བོ་རྨོ་རྨོ་གཉིས་ཀྱིས་གཉོར་སྐྱོང་བྱས་བ་རེད་། དེ་དུས་ང་ཚོ་དབུས་མགྲོན་ཁང་འདིའི་ཉེ་འགྲམ་ལ་སྡོད་ཀྱི་ཡོད་པ་རེད། དེ་ནི་ས་ཆ་དེ་རྩེད་ཐང་ཆགས་འདུག་པ་མ་ཟད་ཁང་པ་རྣམས་ཀྱང་བཤིག་འདུག དེར་བརྟེན། དགེ་འདུན་ཆོས་འཕེལ་ང་ཚོའི་རྩར་མང་པོ་ཡོང་གི་རེད་། ངའི་རྨོ་མོ་ལགས་ཨ་མདོ་བ་ཞིག་ལ་གཉེན་སྒྲིག་ཅིང་། རྒྱུ་མཚན་དེའི་དབང་གིས་དགེ་འདུན་ཆོས་འཕེལ་ལ་འབྲེལ་བ་བྱུང་བ་མ་ཟད་ཁོང་གི་དགེ་ཕྲུག་ང་ཚོའི་རྩར་བསྡད་མྱོང་། དགེ་འདུན་ཆོས་འཕེལ་ཡང་རྡོ་རྗེ་གླིང་གི་བོད་མི་སྡོད་ས་རྦུའུ་བཀྲས་ཡ། རྦ་སི་དེས་( Bhutia Busti)དེར་བཞུགས་པ་རེད་ལ། ང་ཚོའི་རྩར་ཉི་མ་རྟག་པར་འདྲ་བོ་ཡོང་གི་རེད་། ཁོང་གིས་ཉིན་རྟག་པར་ངའི་སྤོ་པོ་དང་མཉམ་དུ་དབྱིན་ཡིག་སྦྱངས་སོང་། དགེ་འདུན་ཆོས་འཕེལ་ཧ་ཅང་སྤྱང་གྲུང་འཛོམས་པོ་འདུག ཁོངདང་ངའི་སྤོ་པོ་གཉིས་ཀྱིས་་དོན་དག་མང་པོ་གླེང་གི་རེད་། ཡིན་ན་ཡང་། དེ་དུས་ང་ལོ་ཆུང་བའི་དབང་གིས་ཁོང་ཚོས་ཅི་ཞིག་བརྗོད་བཞིན་པ་རྟོགས་ཀྱི་མེད་། ཁོང་གིས་ང་ལ་ཀུ་རེ་རྩེདགི་རེད་། ཁོང་གིས་ང་ལ་རྟག་དུ། ང་ཁྱོད་ཀྱི་མཉམ་དུ་གཉེན་སྒྲིག་གི་ཡིན་ཟེར་གི་རེད་། ང་དེ་དུས་ཁོང་ལ་ཧ་ཅང་ཁོང་ཁྲོ་ཟ་གི་ཡོད་། ད་དུང་ངས་དྲན་པ་ལ། ཁོང་ཀུའུ་ལོའུ་(དེང་སྐབས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཡོད་།)ལ་ཨུ་རུ་སིའི་རི་མོ་བ་རྗོར་རྗི་ རོ་རིག་(George Roerich)གི་སར་འགྲོ་གི་རེད་། དེའི་རྗེས་ལ་ང་ཚོར་འབྲེལ་བ་བྱུང་མ་སོང་། ཡིན་ན་ཡང་། ཁོང་གི་ལྷ་སའི་ཕྱོགས་ཀྱི་གནས་ཚུལ་དག་ང་ཚོར་འབྱོར་གི་རེད་། ཡིན་ན་ཡང་། ངས་ཀ་ལོན་སྤུག་གི་སྐོར་དེ་ཤེས་ཀྱི་མེད་། ཁོང་ལྷ་སར་ཕྱིན་པའི་རྗེས་སུ། ཁོང་བཙོན་ལ་བཅུག་པ་དང་ཁོང་གཉེན་སྒྲིག་བྱས་པའི་སྐོར་གྱི་གནས་ཚུལ་ང་ཚོར་འབྱོར་གི་རེད། ཁོང་བཙན་གྱིས་གཉེན་སྒྲིག་བཅུག་པ་རེད། ཁོང་ལ་བཙན་གྱིས་ཆང་བླུད་པ་རེད་། དེར་བརྟེན། ཁོང་ཆང་འཐུང་ཆགས་པ་རེད་། གང་ལྟར། དེའི་རྗེས་སུ་ང་ཚོས་ཁོའི་སྐོར་ཅི་ཡང་གོ་མ་སོང་།

དགེ་འདུན་ཆོས་འཕེལ་གྱི་རྣམ་པ་ཇི་འདྲ་ཞིག་འདུག

ལན། བལྟས་ཚོད་ལ་ཁོང་ཅི་འདྲ་ཞིག་ཡོད་པ་ངས་ཇི་ལྟར་འགྲེལ་བཤད་རྒྱག་གམ། ཁྱོད་ཀྱིས་ང་ལ་སྤྲད་པའི་པར་གྱི་ནང་གི་དེ་ལྟར་གོན་པ་གྱོན་འདུག ཁོང་གིས་འབྲས་ལྗོངས་ཀྱི་ལྭ་བ་འདྲ་བོ་ཞིག་གྱོན་འདུག མགོ་རིལ་རེད་འདུག མིག་ཤེལ་ཆུང་ཆུང་ཞིག་འདུག མཐའ་ཤན་གསེར་གྱིས་གཡོགས་འདུག ཕུ་ཐུང་སེར་པོ་ཞིག་གྱོན་འདུག ཕྱྭང་བ་རྒྱ་སྨྱུག་ཅིག་གྱོན་འདུག ཁོང་གིས་ནམ་རྒྱུན་དེ་གྱོན་གི་འདུག ལག་པ་གཉིས་རྒྱབ་ལ་བཞག་ནས་འགྲོ་གི་རེད་། སྡོད་སྟངས་དེ་རིན་པོ་ཆེ་ནང་བཞིན་སྡོད་གི་རེད་། ཡིན་ན་ཡང་། གྲྭ་བ་ནང་བཞིན་མ་རེད་། ཁོང་ནི་མདེའུ་ཞིག་དང་འདྲ་བར། ཅི་ཞིག་བརྗོད་འདོད་དང་སློབ་འདོད་ཀྱི་ངང་ནས་སྡོད་པ་འདྲ་བ་ཡོད་རེད་། ཁོང་ཧ་ཅང་མཁྱེན་རྒྱ་ཆེ་བའི་མི་ཞིག་རེད་། ཁོང་གིས་སྐད་ཆ་སྤྱིར་བཏང་བ་མ་ཡིན་པར་དོན་དག་ཡོད་པའི་སྐད་ཆ་བཤད་གི་རེད་། ཁོང་གིས་འདི་འགྲིག་འདུག འདི་ནོར་འདུག་ཟེར་ནས་ནམ་ཡང་བསླབ་བྱ་རྒྱག་གི་མ་རེད་། ངས་དེ་ལྟར་བསླབ་བྱ་བརྒྱབ་པ་གཅིག་ཡང་གོ་མ་སོང་། ཁོང་མཁྱེན་རྒྱ་ཡངས་པོ་དང་ཁོང་གི་མི་ལ་དོ་སྣང་སྤྲོད་གི་རེད་། ཁོང་གིས་ཧ་ཅང་མང་པོ་འབྲི་གི་རེད་། ཁོང་ཀུའུ་ལོའུ་ལ་མཁས་དབང་རོ་རིག་ལ་ཐུག་གི་མང་པོ་འགྲོ་གི་རེད་། ཁོང་གིས་དེ་དུས་ཅིག་འབྲི་གི་འདུག ཁོང་གིས་ཅིག་བསྒྱུར་གི་འདུག (ཁོ་མོས་ཕལ་ཆེར་དགེ་ཆོས་གྱིས་རོ་རི་དང་མཉམ་འབྲེལ་སྒོས་དེབ་ཐེར་སྔོན་པོ་བསྒྱུར་བཞིན་པ་དེ་གླེང་གི་ཡོད་པ་འདྲ།) སྐབས་དེ་དུས་ང་ཧ་ཅང་ལོ་ཆུང་ཡིན་ཙང་། ངས་ཆབ་སྲིད་དང་ཆོས་ལུགས་ཟེར་བ་ཅི་ཞིག་ཡིན་པ་ཧ་གོ་གི་མེད་། ལྷག་པར་དུ། དགེ་འདུན་ཆོས་འཕེལ་གྱིས་ཨ་མདོའི་སྐད་རྒྱག་གི་ཡོད་ཙང་ཁོང་གིས་གང་གསུངས་བ་རྟོགས་རྒྱུ་དཀའ་མོ་རེད་། ཡིན་ན་ཡང་། ཁོང་གིས་ངའི་སྤོ་བོ་དང་རྨོ་མོ་གཉིས་ཀྱི་མཉམ་དུ་སྐད་ཆ་བཤད་དུས་དབུས་སྐད་རྒྱག་གི་རེད་། དེ་ངས་ཀྱང་གོ་གི་ཡོད་། གཞན། ཨམ་སྐད་བརྒྱབ་པ་ཡིན་ན། ཁོང་གིས་ཅི་ཞིག་གསུངས་བ་དེ་རྟོགས་རྒྱུ་ཁག་པོ་རེད། …

ཁྱོད་ཀྱི་ཨ་མ་དང་ཁོང་གི་འབྲེལ་བ་ཅི་ཞིག་རེད།

ལན། གྲོགས་པོ་ལྟ་བུ་རེད་། སྤྱིར་བཏང་གི་གྲོགས་པོ་ལྟ་བུ་རེད་། སྤྱིར་བཏང་ནས་ཁོང་ངའི་རྨོ་མོ་སྒྲོལ་མ་གཡང་འཛོམས་དང་ཧ་ཅང་ཐག་ཉེ་བོ་རེད་། རྩེ་མོ་གཅིག་གི་འོག་ལ་ཁམས་པ་དང་ཨ་མདོ་གཉིས་ཀ་ཡོད་ཙང་། ང་ཚོའི་སྐད་དེ་འདྲེས་མ་རེད་། ཁམས་སྐད་དང་ཨམ་སྐད་འདྲེས་མ་རེད་། དེར་བརྟེན། ང་ཚོས་བོད་སྐད་གཙང་མ་རྒྱག་ཐུབ་གི་མ་རེད་། ལྷག་པར་དུ་། ང་ཚོ་རྡོར་གླིང་དུ་སྡོད་ཀྱི་ཡོད་ཙང་། མི་མང་ཆེ་བས་བལ་བོའི་སྐད་རྒྱག་གི་རེད་། བལ་སྐད་དང་དབུས་སྐད་། ཨམ་སྐད་། ཁམས་སྐད་བཅས་ཚང་མ་འདྲེས་ནས་ཡོད་པ་རེད་། མཚམས་ལན་རེར་ངས་བོད་སྐད་རྒྱག་དུས། གཞན་གྱིས་ང་ལ་ཁྱོད་ཀྱི་སྐད་འདྲེས་མ་རེད་འདུག ཁྱོད་ཀྱིས་མཚམས་རེར་ཨམ་སྐད་རྒྱག་གི་འདུག ཡང་མཚམས་རེར་ཁམས་སྐད་རྒྱག་གི་འདུག་ཟེར་གི་རེད།

ཁྱོད་ཀྱི་རྨོ་མོ་དང་དགེ་འདུན་ཆོས་འཕེལ་གྱི་འབྲེལ་བ་ཇི་འདྲ་རེད།

ལན། ཁོང་གཉིས་ཀྱིས་ཕལ་ཆེ་བར་ཆོས་ཀྱི་སྐོར་གླེང་གི་རེད་། ངའི་རྨོ་མོ་ཡིས་དགེ་འདུན་ཆོས་འཕེལ་གྱི་རྩ་ནས་བསླབ་བྱ་སློང་གི་རེད་། དགེ་འདུན་ཆོས་འཕེལ་ཁོང་རྦད་དེ་ཆོས་ལ་དད་པ་བྱེད་མཁན་དེ་འདྲ་མ་རེད་། ཁོང་ཚོས་ལུང་པའི་སྐོར་མང་པོ་ལབ་གླེང་བྱེད་གི་རེད་། ཁོང་གིས་བོད་ལ་ཅི་ཞིག་འབྱུང་རྒྱུ་ཡིན་པ་ཚང་མ་ཧ་གོ་གི་ཡོད་རེད་། དེར་བརྟེན། ཁོང་གིས་མི་རྣམས་ལ་དེའི་སྐོར་གླེང་གི་ཡོད་པ་རེད་། ཡིན་ན་ཡང་། སུ་གང་གིས་ཁོང་ལ་ཡིད་ཆེས་བྱས་ཡོད་མ་རེད་ལ་ཁོང་གི་སྐད་ཆར་བདག་པོ་ཡང་བརྒྱབ་ཡོད་མ་རེད་། ཁོང་ཕྱིར་བོད་ལ་ཕྱིན་རྗེས་ཁོང་བཙོན་འཇུག་བྱས་བ་རེད་། ཁོང་གིས་བོད་ཀྱི་ཆེད་དུ་ལས་ཀ་མང་པོ་བྱས་ཡོད་པ་རེད་། ཁྱོད་ཀྱིས་ཀྱང་དགེ་བཤེས་བསམ་གཏན་ནོར་བུ་ཤེས་གི་རེད་པ།

དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་སྐོར་ག་རེ་བསམ་གྱིན་ཡོད་པ་རེད།

ལན། (བསམ་བློ་བཏང་ནས།) མི་ཁོང་ལྟ་བུ་ཞིག་ཤེས་རྟོགས་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་རེད། ངས་བསམ་ན་ཁོང་གིས་བོད་ཀྱི་ཆེད་དུ་ལས་ཀ་མང་པོ་བྱས་བ་རེད་། དེར་བརྟེན། བོད་མི་མང་པོས་ཁོང་ལ་དགག་བྱ་བྱས་བ་རེད་། ཁོང་ལྷ་སར་བཙོན་ལ་བཅུག་པ་རེད་། ཁོང་ད་དུང་རྒྱ་ནག་གི་བུད་མེད་ཞིག་ལ་བཙན་གྱིས་གཉེན་སྒྲིག་བཅུག་པ་རེད་ཟེར། ད་དུང་བཙན་གྱིས་ཆང་བླུད་པ་རེད་ཟེར། ཁོང་གིས་ཨ་རག་ཚོད་མེད་འཐུང་བ་དེ་ཡང་རྒྱུ་མཚན་དེའི་རྐྱེན་གྱིས་ཡིན་པ་འདྲ། ཁོང་གིས་བཙོན་ཁང་དུ་ཟ་འཐུང་མ་བྱས་བ་རེད་ཟེར།

ཁྱེད་ཀྱི་ཁྱིམ་དུ་དགེ་འདུན་ཆོས་འཕེལ་གྱིས་ག་རེ་གནང་སོང་།

ལན། ཁོང་གིས་ང་ཚོའི་མཆོད་བཤམས་ལ་རི་མོ་བཏང་བ་རེད་། (མཆོད་བཤམས་དེ་ད་དུང་ཡང་ཁོང་ཚོའི་ཁྱིམ་དུ་འདུག ཡིན་ན་ཡང་། དགེ་འདུན་ཆོས་འཕེལ་གྱི་རི་མོ་བཏང་བ་དེ་མཐོང་དཀའ་བ་འདུག) ཁོང་གིས་མེ་ཏོག་དང་བྱེའུ་སོགས་གཞན་པ་མང་པོ་བྲིས་པ་རེད་། ཁོང་སྒྱི་ལུག་མིན་རུང་། ཁོང་གིས་གཉིད་ཁུག་བཞིན་ནམ་ཡང་ན་མར་ཉལ་ནས་རི་མོ་འབྲི་གི་རེད་། ཁོང་ཉལ་ཁྲིའི་སྒང་དུ་མར་ཉལ་ནས་རི་མོ་འབྲི་གི་རེད་། ང་ཚོས་འགྲོ་བ་མི་ཚང་མའི་ཁྲོད་ནས་བླ་མ་འདི་རི་མོ་བ་སྒྱིད་ལུག་ཅན་ཞིག་རེད་ལབ་གི་ཡོད་། ཁོང་གིས་རི་མོ་འབྲི་དུས་ཧ་ཅང་སྐྱིད་སྣང་ལྡན་པའི་སྒོ་ནས་འབྲི་གི་རེད་། ཁོང་གིས་བྲིས་བའི་རི་མོ་དག་ནི་བོད་ཀྱི་མེ་ཏོག་མི་འདྲ་བ་དེ་འདྲ་རེད་། ང་ཚོས་མེ་ཏོག་དེ་ལྟ་བུའི་རིགས་སྔོན་ཆད་མཐོང་མྱོང་མེད་། ཁོང་གིས་མེ་ཏོག་ཁྱད་མཚར་བ་དེ་འདྲ་བྲིས་བ་ཚོར་ང་ཚོ་ཡ་མཚན་གྱི་ཡོད་། ཡིན་ན་ཡང་། རྗེས་སུ་ང་ཇ་ཤིང་གི་ཞིང་ཁར་ཕྱིན་པ་ཡིན། དེ་རུ་ངས་མེ་ཏོག་དེ་འདྲ་བ་མང་པོ་མཐོང་སོང་། ཁོང་དངོས་གནས་རྣམ་དཔྱོད་ཅན་ཞིག་རེད་འདུག གཅིག་བྱས་ན། ཁོང་གི་སྐྱེ་ཡུལ་དུ་མེ་ཏོག་དེ་དག་སྐྱེ་གི་ཡོད་སྲིད་། ཁོང་གིས་ནམ་ཡང་སྟོན་པ་དང་རྗེ་བཙུན་སྒྲོལ་མ། གུ་རུ་རིན་པོ་ཆེ་སོགས་རི་མོར་འབྲི་གི་མ་རེད་། མེ་ཏོག་རྐྱང་རྐྱང་འབྲི་གི་རེད་།

ཁོང་གིས་རི་མོ་འབྲི་དུས་ཁྱོད་ཁྱིམ་དུ་ཡོད་དམ།

ལན། ཁོང་གིས་རི་མོ་འབྲི་དུས་ང་དུས་ཚོད་ཕལ་ཆེ་བར་ཁྱིམ་གྱི་མཐའ་འཁོར་སོགས་སུ་རྩེད་མོ་རྩེ་ནས་སྡོད་ཀྱི་ཡོད་། ཁོང་གི་ལས་ཀར་གནོད་མ་སྐྱེལ་བའི་ཆེད་དུ་ང་ཚོས་བལྟས་ཆོག་གི་མ་རེད་། ཁོང་གིས་པིར་སྨྱུག་བེད་སྤྱོད་བཏང་ནས་རི་མོ་བྲིས་སྡོད་གི་རེད་། ཁོང་གི་སློབ་མ་དག་གིས་ཁོང་ལ་དཀོན་མཆོག་ལྟ་བུར་བརྩི་གི་རེད་། ངའི་བསམ་པ་ལ། ཁོང་ཚོས་ཅིའི་ཕྱིར་ཁོང་ལ་བརྩི་བཀུར་ཞུ་གི་ཡོད་དམ། ཁོང་མིང་གྲགས་ཅན་ཞིག་ཡིན་ནམ་ཟེར་བ་སོགས་དྲན་གི་ཡོད་། ཡིན་ན་ཡང་། ཁོང་བལྟས་ཚོད་ཀྱིས་མི་གྲགས་ཅན་ཞིག་གི་བཟོ་ཡོད་མ་རེད་།

དགེ་འདུན་ཆོས་འཕེལ་དང་ཁྱོད་ཀྱི་རྨོ་མོ་གཉིས་ཀྱིས་མཉམ་དུ་ཅི་ཞིག་གནང་བ་རེད།

ལན། ཁོང་གཉིས་ང་ཚོའི་མཆོད་བཤམས་ཡོད་སའི་ཁང་མིག་དེའི་ནང་དུ་འདུག་གི་རེད་། ཁོང་གིས་སྒོ་ནང་ནས་བརྒྱབ་གི་རེད་། ངས་ཁོང་ཚོས་ཅི་ཞིག་གནང་གི་ཡོད་པ་མི་ཤེས། གང་ཡིན་ཞེ་ན། ང་ཚོ་ནང་ལ་འགྲོ་འཇུག་གི་མ་རེད་། ངའི་རྨོ་མོ་ལགས་ཧ་ཅང་བཙན་པོ་ཡོད་པ་རེད་། ཁོང་གིས་མི་རྣམས་ལ་ཉན་ཡང་འཇུག་གི་མ་རེད་། ཁོང་ཚོས་ཞལ་འདོན་སྐྱོར་བའི་སྐབས་སུ། ང་ཚོ་སར་བསྡད་ནས་ཉན་འཇུག་གི་རེད་། གལ་སྲིད་ཕྱི་མི་ཡོད་ཚེ། ཁོང་ཚོས་གསང་དཔེ་ཀློག་གི་རེད་། གཅིག་བྱས་ན། དགེ་འདུན་ཆོས་འཕེལ་གྱིས་ངའི་རྨོ་མོ་ལ་ལམ་སྟོན་བྱས་ཡོད་སྲིད་། ངའི་སྤོ་པོ་ལགས་ཀྱིས་ཀྱང་དགེ་འདུན་ཆོས་འཕེལ་ལ་ཧ་ཅང་བརྩི་གི་རེད་། ང་དེ་དུས་ལོ་ཆུང་ཡིན་ཙང་ཁོང་གིས་ཀུ་རེ་མང་རྩེད་གི་རེད་། ང་ཁོང་གི་ཀུ་རེ་ལ་དགའ་གི་མེད་། ང་བྲོས་འགྲོ་གི་ཡོད་། དེ་དུས་ང་བྱིས་བ་ང་གཅིག་པ་རེད་། གཞན་པ་དག་སྐྱེས་ཡོད་མ་རེད་།

ཁྱེད་ཀྱིས་དགེ་འདུན་ཆོས་འཕེལ་ལ་ལྟ་སྟངས་ཇི་འདྲ་ཡིན་ནམ།

ལན། དེ་རིང་སང་ཉིན་བསམ་ན་ཁོང་མི་རླབས་ཆེན་ཞིག་རེད། ཁོང་ཆབ་སྲིད་པ་སོགས་མིན་པར་ཁོང་མི་ཁྱད་དུ་འཕགས་པ་ཞིག་རེད་། ཁོང་ཧ་ཅང་མཁྱེན་རྒྱ་ཡངས་པོ་རེད་། ཡིན་ན་ཡང་། མི་ཁ་ཤས་ཤིག་མ་གཏོགས་ཁོང་གི་ཡོན་ཏན་རྟོགས་མཁན་ཉུང་ཉུང་རེད། ཅིའི་ཕྱིར་ཁོང་གིས་སོ་སོའི་ཕུགས་བསམ་བསྒྲུབས་མེད་པ་རེད་དམ། ངས་ཀྱང་ཤེས་ཀྱི་མི་འདུག མཚམས་མཚམས་སུ་ང་གཉིད་ཀྱང་ཁུག་གི་མི་འདུག ཁོང་གི་སྐོར་ལ་བསམ་བློ་འཁོར་གི་འདུག

ཁོང་གིས་ཅིའི་ཕྱིར་སོ་སོའི་ཕུགས་བསམ་མ་བསྒྲུབས་པ་ཡིན་ནམ་བསམ་གི་ཁོང་གི་བསྒྲུབ་བྱ་ཅི་རེད་།

ལན། དེ་ངས་ཀྱང་གསལ་བོ་མི་ཤེས། ཁྱོད་ཀྱིས་སྙན་ངག་པ་ལབ་ན་རེད་། མཁས་པ་ལབ་ན་རེད་། སྒྱུ་རྩལ་བ་ལབ་ན་རེད་། ཁོང་ལ་ཡོན་ཏན་ཚང་མ་ཡོད་རེད་། དེར་བརྟེན། དགེ་འདུན་ཆོས་འཕེལ་ཤེས་རྟོགས་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་རེད་། ​​​

 

 

གསལ་བྱེད། བཅར་འདྲི་འདི། ལ་རྩེ་ཟིན་ཕྲན་ལས་ཚུར་བཤུས།