སྙིང་དོན།

ཆེད་རྩོམ་ཐུང་ངུ་འདིའི་ནང་དོན་གཙོ་བོ་ནི་རཱ་མ་ཎའི་གཏམ་རྒྱུད་ཀྱིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་རྩོམ་རིག་བཅས་ཀྱི་ཁོངས་ཆེན་པོར་ཐེབས་པའི་ཤུགས་རྐྱེན་དཔྱད་བརྗོད་ཀྱི་ལམ་ནས་གསལ་སྟོན་བྱེད་རྒྱུ་ཡིན། དེ་ལྟར་བྱེད་པར་དཔྱད་གཞིའི་རྒྱུ་ཆ་དབྱེ་ཞིབ་གཟབ་གནད་ཀྱིས་གྲུབ་དོན་རྩལ་འདོན་དང་།དེ་ཡང་དཔྱད་གཞི་རང་སྟེང་ནས་ཁ་གྲགས་སུ་འཇུག་པར་གཟབ་ཀྱིས་འབད་དོ།། 

ངོ་སྤྲོད།

ཤར་ཕྱོགས་པ་རྣམས་ཀྱི་ཤེས་རིག་གི་མཛོད་རྒྱ་གར་གྱི་སྒྲུང་རབས་གཉིས་ལས་ཕྱི་མ་རཱ་མ་ཎའི་གཏམ་རྒྱུད་འདི་ནི་ཤར་ཕྱོགས་ཀྱི་ཤེས་རིག་ས་མཚམས་ལས་ཆེས་ཆེར་བརྒལ་ཏེ།  ནུབ་ཕྱོགས་ཏེ་མདོར་ན་ཤར་ནུབ་ཀུན་ལ་དར་སྔ་ལ་ཤུགས་རྐྱེན་ནི་དེ་ལས་ཟབ།  འདི་ཡང་བོད་ལ་འགྱུར་སྔ་བ་གྲང་། མིག་སྔར་ཏུན་ཧོང་ལས་བྱུང་བའི་གཏམ་རྒྱུད་ཀྱི་འགྲོས་རིམ་རྫོགས་སུ་ཡོད་པ་ཞིག་མཆིས།  དེ་བཞིན་ལོ་ཙཱའི་ལམ་ནས་བོད་ལ་བྱུང་བའི་རྩོམ་གཞུང་མེ་ལོང་མའི་དཔེར་བརྗོད་དང་།  ཞང་ཞུང་བའི་གཏམ་རྒྱུད་དེ་ལས་བརྩམས་སྙན་ངག་ཆེན་མོ།  བོད་ཀྱི་མཁས་པ་མང་མང་གིས་བརྩམས་ཆོས་སུ་གཏམ་རྒྱུད་འདིའི་ནང་དོན་ལུང་འདྲེན་གང་མང་མཛད་ཡོད་དོ།།   དེའི་ཐད་ཀྱི་གྲུབ་དོན་རྙེད་པར་ཕྲན་གྱིས་གནའ་དེང་འབྲེལ་ཡོད་བོད་ཀྱི་མཁས་པའི་གསུང་ལ་ཁོངས་གཏུགས་པ་དང་།  ཕྱིས་འབྱུང་བོད་ཀྱི་མཁས་པའི་དཔྱད་བརྗོད་རྒྱབ་རྟེན་དུ་བཀོད་པར་བྱས།

བསྐྱར་ཞིབ།

ལར་གཏམ་རྒྱུད་ཆེན་པོ་འདིས་བོད་ཀྱི་རིག་གནས་ལ་ཤུགས་རྐྱེན་ཐེབས་ཕྱོགས་ཀྱི་དཔྱད་བརྗོད་ཡོངས་ཀྱི་འབོལ་བཅུ་བདུན་ལ་བལྟས་ཡོད།   རེད་ཀྱང་།  དཔྱད་བརྗོད་ཕལ་མོ་ཆེས་སྐབས་ཐོག་གི་དཔྱད་བརྗོད་དེ་ཉིད་ཀྱི་མིག་གདངས་སའི་བརྩམས་ཆོས་བྱེ་བྲག་པ་རེ་ལ་ཐེབས་པའི་ཤུགས་རྐྱེན་གསལ་འདོན་ལས།  བོད་ཀྱི་ཕྱོགས་ཡོངས་ཀྱི་རིག་གནས་སྤྱི་ཁོག་ལ་འཐིམ་པའི་ཤུགས་རྐྱེན་ལ་གྲངས་ཀྱི་ཆ་ནས་འབོལ་དང་དོན་གྱི་ཆ་ནས་སྤྱི་སྡོམ་གྱི་གྲུབ་དོན་ཞིག་མ་ལོན་པའམ་གསལ་འདོན་བྱ་མ་བཏུབ་པའི་སྟོང་ཆ་ཞིག་ཡོད་སྣང་།

 གཏམ་རྒྱུད་འདིའི་བྱུང་རབས་སྤྱི་ཁོག

སྤྱིར་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བྱུང་བར་གྲགས་པའི་རྒྱ་གར་དམངས་ཁྲོད་ཀྱི་གཏམ་རྒྱུད་རིང་མོ་འདི་ནི་ཡང་བཤད་སྲོལ་གཞན་ཞིག་ལ་དྲང་སྲོང་གྲོག་མཁར་གྱིས་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་ཆེ་ཁག་བྷ་ར་ཏ་ཞེས་བྱ་བའི་གཞུང་ལ་བརྟེན་ནས་བརྩམས་པར་བཞེད།   གང་ལྟར། “གཏམ་རྒྱུད་དེ་འཛམ་གླིང་དུ་སྙན་གྲགས་ཆེ་བའི་གཏམ་རྒྱུད་ཅིག་ཡིན་གཤིས།  དབྱིན་ཡིག་དང་།  རྒྱ་ནག་གི་ཡི་གེར་ཡང་བསྒྱུར་ཡོད་འདུག་ལ།  བོད་འདིར་ཡང་སྔར་རྒྱ་གཞུང་དངོས་འགྱུར་ཡོད་པར་ངེས་ཏེ།  གོ་ཐོས་ལ།  ཏུན་ཧོང་ནས་འགྱུར་མི་འདྲ་བ་གཉིས་ཕྱི་རྒྱལ་གྱིས་ཁྱེར་སོང་ཟེར།”ཞེས་རྒན་རབས་ཤེས་ལྡན་པ་ཁོང་གིས་གསུངས་པ་བཞིན་གཏམ་རྒྱུད་འདི་ནི་རྒྱ་གར་རྩོམ་རིག་གི་རྒྱལ་ཁོངས་བརྒལ་ཏེ་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ངེས་ཅན་བཞག་ཡོད་འདུག   རང་རེའི་བོད་སྐད་དུ་གཏམ་རྒྱུད་འདི་ཆ་ཚང་བ་ཞིག་སྔར་ཕལ་ཆེར་མེད་པར་སྣང་།  གོང་དུ་ཏུན་ཧོང་ཡིག་རྙིང་ལས་གཏམ་རྒྱུད་འདིའི་བོད་འགྱུར་རྙེད་རབས་གླེང་འདུག་ཀྱང་ཆ་ཚང་བ་ཞིག་ལག་སོན་བྱུང་མེད་པ་ཀུན་ལ་གསལ་བ་བཞིན་ཏོ།།  འོན་ཏེ།  ཕྱིས་སུ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གཏམ་རྒྱུད་འདི་ཆ་ཚང་བ་ཞིག་བོད་འགྱུར་མཛད་ཚུལ་དགེ་ཆོས་ཁོ་རང་གི་བརྩམས་ཆོས་སུ་ཐོན་ཡོད་མོད།  རེད་ཀྱང་།  རྗེས་ནས་དགེ་ཆོས་དངོས་སློབ་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱི་ལག་ནས་གཏམ་རྒྱུད་དེའི་ཕྱེད་ལྷག་མེད་པར་གྱུར་ཡོད་གྲང་།  གང་གིས་ཞེ་ན།   གང་དེ་མེད་པར་གྱུར་བའི་ཤུལ་དུ་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་སླར་ཡང་ཁ་གསབ་བོད་འགྱུར་མཛད་འདུག་པའི་མང་ཉུང་ལ་དཔག་ན་དེ་ལྟར་ཡང་སྣང་ངོ་།། 

ལར་དགེ་ཆོས་ཀྱི་བོད་འགྱུར་དང་དེ་མེད་པར་གྱུར་བའི་རྒྱུད་རིམ་ཆེ་ལོང་ཙམ་ཞིག་བཙལ་ན་བཀྲས་མཐོང་ཐུབ་བསྟན་ཆོས་དར་ལགས་ཀྱིས་”ངོས་ནས་དགེ་ཆོས་རིན་པོ་ཆེས་བསྒྱུར་གནང་བའི་རཱམཡཱཎ་ཆ་ཚང་བཤུས་བཅུག་ཏེ་དེའི་མཇུག་ཏུ།  ལེགས་ལྡན་ནག་པོའི་གླུ་དེ་ཡང་བཤུས་ཡོད་པས།  དེ་ནི་ཕྱིས་སུ་ངོས་རང་སུ་སི་(Swiss)ལ་འབྱོར་འཕྲལ་སྔོན་ལས་སམ།  ཡང་ན་བསྟན་མ་བཅུ་གཉིས་ཀྱིས་བཏང་གནང་བའི་ལས་གྲོགས་ཞིག་གིས།   དཔེ་དེབ་མང་པོ་ཞིག་ཆུད་ཟོས་བཏང་གནང་སོང་བས།   དེའི་གྲས་དཔེ་དེབ་ང་པ་དེ་ཡང་ཕལ་ཆེར་མེ་ལྷའི་ཞལ་དུ་སོང་བ་འདྲ་བས།  ལེགས་ལྡན་གྱི་གླུ་དེ་ལ་ཕངས་སེམས་ཏིལ་ཙམ་མ་སྐྱེས་ཀྱང་།  རཱམཡཱ་ཎའི་སྤྲེའུ་ཧ་ནུ་མནྠའི་མཇུག་མ་ཆད་སོང་བས་བློ་ཕམ་ཆེན་པོ་སྐྱེས་ལ།   དེའི་ནང་རཱ་མའི་སྲས་ལཱཝ་དང་།   ཀུ་ཤའི་ལོ་རྒྱུས་ཞིབ་ཕྲ་སྙན་ལ་རྒྱས་པ་དང་།  དེའི་ཐོག་ཏུ་སྔོན་ཆད་བོད་ལ་མ་བསྒྱུར་བའི་སློབ་དཔོན་ཆོས་གྲགས་ཀྱི་གསུང་ཚིགས་བཅད་སྲིད་ན་རྙེད་དཀའ་བ་གཉིས་འདུག་པས་ན།   ཚིགས་བཅད་གཅིག་ནི།  འབྲས་ལྗོངས་སུ་སྤར་བཏབ་པའི་ཆོས་ཀྱི་ཚིགས་སུ་བཅད་པ་དེའི་མཇུག་ཏུ་སཾསྐྲིཏའི་ནང་དང་།  ངོས་ལ་ཡོད་པ་དེའི་ནང་ཚིགས་བཅད་གཉིས་ཀ་བོད་སྐད་དུ་བསྒྱུར་གྲུབ་འདུག  རཱམཡཱཎ་དེའི་འཕྲོ་བསྐྱངས་སེམས་ཡོད་ཀྱང་།  དགེ་ཆོས་རིན་པོ་ཆེས་མཛད་པ་ལྟ་བུ་ནི་ཡོང་རེ་བྲལ།  འདིའི་འདྲའི་རཱམཡཱཎ་རྒྱས་པོ་ད་ལྟ་ཕན་བོད་སྐད་དུ་བསྒྱུར་མི་འདུག”ཅེས་དགེ་ཆོས་ཀྱི་བོད་འགྱུར་མེད་པར་གྱུར་བ་དང་།   བོད་འགྱུར་རྒྱས་པ་དེ་འདྲ་སྔར་བོད་ཡིག་ཏུ་མེད་པའང་གླེངས་འདུག  དེ་བཞིན་དགེ་ཆོས་ཀྱི་བོད་འགྱུར་མེད་པར་གྱུར་མཚམས་ནས་བཀྲས་མཐོང་ཐུབ་བསྟན་ཆོས་དར་ལགས་ཀྱིས་ཁ་གསབ་བམ་ཁ་སྐོང་གི་ཚུལ་གྱིས་འཕྲོ་ཡང་མཐུད་ཡོད།    སྔར་གཏམ་རྒྱུད་འདི་ཆ་ཚང་བ་ཞིག་བོད་སྐད་དུ་མེད་པ་མ་གཏོགས་ཕྱི་ནས་བོད་འགྱུར་མཛད་པའི་བརྩམས་ཆོས་སྔ་ཤོས་སུ་ཡིན་གཤིས།  ཉེ་ལམ་གསར་འགྱུར་ཞིག་ལས་ཐོས་པ་ནི་སྐུ་ཞབས་ཨོ་རྒྱན་འབོད་པ་ཞིག་གིས་གཏམ་རྒྱུད་འདི་ཆ་ཚང་བ་ཞིག་རྒྱ་ཡིག་ནས་བོད་འགྱུར་མཛད་དེ་པོད་བརྒྱད་ལ་ལོངས་པ་ཞིག་དཔེ་འཕྲིན་དུ་བསྒྲགས་པ་ཞིག་ཀྱང་མཆིས་སོ།།   རྗེ་ཙོང་ཁ་པའི་སློབ་མ་མཁས་ཆེན་བརྒྱ་ཕྲག་དུ་མ་ལས་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་གྲགས་པའི་མུས་སད་བློ་གྲོས་རིན་ཆེན་སེང་གེ་དང་།  ཞང་ཞུང་བ་ཆོས་དབང་གྲགས་པ་གཉིས་ལས་མཁས་པ་ཕྱི་མས་གཏམ་རྒྱུད་དེའི་བྱུང་རིམ་མ་ལུས་སྙན་ངག་གི་ལམ་ནས་བརྩམས་པ་ནི་བོད་གངས་ཅན་གྱི་སྙན་ངག་གི་གྲངས་སུ་བགྲང་རི་བའི་བརྩམས་ཆོས་ཤིག་ཡིན་པ་བོད་ཀྱི་མཁས་པ་ཡོངས་ཀྱི་ཐུན་མོང་གི་དགོངས་པ་ཞིག་གོ།   ལར་གཏམ་རྒྱུད་འདིའི་བྱུང་རིམ་དངོས་དང་སྙན་ངག་ཏུ་བརྩམས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་བར་ལ་མི་མཐུན་པའི་སྐབས་ཀྱང་ཡོད་མོད།  རེད་ཀྱང་།  གཏམ་རྒྱུད་ཀྱི་བྱུང་སའི་ཡུལ་དངོས་རྒྱ་གར་དུ་ཡང་གཏམ་རྒྱུད་ཀྱི་སྤྱི་ཁོག་མཚུངས་ཀྱང་སྐབས་རེར་འགྲོས་ཆུང་ཁག་ལ་ཁྱད་པར་ཡོད་པ་འགའ་ཡང་མཆིས།

 བོད་ཀྱི་རིག་གནས་དང་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་གསལ་སྟོན།

གོང་དུ་གཏམ་རྒྱུད་འདི་བོད་ལ་དར་ཚུལ་ལམ་བྱུང་རིམ་གྱི་ཆ་རགས་ཙམ་བརྗོད་ཟིན་ཏེ་ད་ནི་དེས་དངོས་སུ་བོད་ཀྱི་རིག་གནས་དང་ལོ་རྒྱུས་རྩོམ་རིག་བཅས་ཀྱི་ཁོངས་ཆེན་པོར་ཐེབས་པའི་ཤུགས་རྐྱེན་ཟུར་དང་ངོས་རེ་ནས་བལྟ་བར་བྱའོ།།  དེ་ཡང་རང་རེའི་བསྟན་འགྱུར་གྱི་ཆོས་ཚན་དང་པོ་དང་གཉིས་པར་གཏམ་རྒྱུད་འདི་དང་(མ་ཧཱ་བྷཱ་ར་ཏ།)གཉིས་ཀྱི་གཏམ་རྒྱུད་རགས་བསྡུས་ཤིག་བྱུང་ཡོད་ལ།  དེའི་རྗེས་ནས་བོད་ལ་གཏམ་རྒྱུད་དེའི་གཉིས་ཀྱི་ནང་དོན་ལྡན་པའི་ཚིག་འགྲོས་བྱུང་བ་ནི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་རྣམ་གཉིས་ལས་སྐ་བ་དཔལ་བརྩེགས་ཀྱི་དུས་ཡིན།   དེ་ལ་རྒྱ་ཡེ་བཀྲ་བྷོས་”བོད་ཀྱི་ཉི་ཟླ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་རྣམ་གཉིས་ཀྱི་ཡ་གྱལ་སྐ་བ་དཔལ་བརྩེགས་ཀྱིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་མཐོ་བཙུན་གྲུབ་རྗེས་མཛད་པའི་<<ཁྱད་པར་དུ་འཕགས་པའི་བསྟོད་པ།>>དང་སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་<<ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ།>>བྱ་བ་གཉིས་བོད་སྐད་དུ་བསྒྱུར་ཅིང་།  བསྟོད་པ་སྔ་མ་དེ་ལས།  རྣ་ཅན་འཐབ་དཀའ་ལ་སོགས་ལ།།  ཁྱབ་འཇུག་གིས་ནི་གནོད་པ་བརྩམས།།  ཞེས་དང་།   སྒྲ་ངན་དང་ནི་སྐྱ་བསེང་དག།  གང་གི་ཕྱིར་ནི་གཡུལ་བཀྱེ་བའི།།  ཞེས་དང་།  དགའ་བྱེད་ཆུང་མའི་དོན་གྱི་ཕྱིར།།  རྒྱ་མཚོའི་ཕ་རོལ་སོན་ཅེས་གྲག ། ཅེས་པ་སོགས་དང་།  བསྟོད་པ་ཕྱི་མ་ལས།  ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །ཅེས་སོགས་ཀྱི་ཚིག་བྱུང་བ་དེ་རྣམས་ནི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་གཏམ་བོད་ལ་ཡི་གེའི་ལམ་ནས་དར་བའི་ཐོག་མ་ཡིན་ལ།  དེ་ཙམ་ནས་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་གཏམ་བོད་ཀྱི་ཤེས་ལྡན་དག་གི་ཁྲོད་དུ་དར་སྤེལ་འབྱུང་བའི་མགོ་བརྩམས།”ཞེས་གསལ་པ་ལྟར་བོད་ཀྱི་ཤེས་རིག་གི་མིག་ལྟ་བུ་ལོ་ཙྰའི་ལམ་ནས་བོད་ལ་ཤན་ཤུགས་ཟིན་ཙམ་ནས་དུས་རབས་བཅུ་པའི་སྨད་ནས་དུས་རབས་བཅུ་གཅིག་གི་དུས་སྟོད་ཀྱི་བར་རྩོམ་རིག་རང་བཞིན་ལས་ཆོས་ལུགས་ཀྱི་ཤན་ཆེ་བའི་ངོས་ནས་བྱུང་འདུག་པ་གཏམ་རྒྱུད་ཀྱི་ཁུངས་སྣེ་བྱུང་སའི་གོང་འོག་གི་བརྩམས་ཆོས་ཀྱི་སྟེང་ནས་གཞལ་ནུས་སོ།།  

ཡང་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་”བོད་ཀྱི་ཐོ་རེངས་སྐར་ཆེན་ལྟ་བུའི་ལོ་ཙྰ་བར་བསྔགས་པ་ལོ་ཙྰ་བ་ཆེན་པོ་རིན་ཆེན་བཟང་པོས་བྷ་ག་ལའི་ཡུལ་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་<<ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ།>>ཞེས་པ་དང་།  ཡང་དེས་མཛད་པའི་<<ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་རྒྱ་ཆེར་བཤད་པ།>>ཞེས་པ་བོད་ཀྱི་མཁས་པ་རྣམས་ལ་<<བསྟོད་འགྲེལ།>>དུ་གོང་གི་བསྟོད་པ་གཉིས་ལས་བྱུང་བའི་ཚིགས་བཅད་སྒྲུང་རབས་ཆེན་མོ་གཉིས་ཀྱི་བརྗོད་བྱ་ལས་བརྩམས་པ་རྣམས་ལ་འགྲེལ་བ་ཞིབ་རྒྱས་སུ་བཀོད་ཅིང་།  དེ་རུ་སྒྲུང་རབས་ཆེན་མོ་གཉི་གའི་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོ་དང་།  མི་སྣ་གཙོ་བོ་རྣམས་བྱུང་ཡོད་པས།   དེ་བོད་མི་རྣམས་རྒྱ་གར་སྒྲུང་རབས་ཆེན་མོ་གཉིས་ལ་ཆ་ཡོངས་ནས་རྒྱུས་ཡོད་ཡོང་བྱེད་ཀྱི་ཡིག་ཆའི་ཐོག་མ་དང་གཙོ་བོར་གྱུར།”ཞེས་གསལ་བཞིན་ནོ།།   ལར་རྒྱ་གར་དུ་གཏམ་རྒྱུད་འདི་བྱུང་རིམ་ནི་ཕྱོགས་གཅིག་ནས་ཆོས་ལུགས་ཆིག་རྐྱང་ངོས་ཀྱང་ཡིན་ངེས་ཏེ།  དེ་ལ་དགེ་འདུན་ཆོས་འཕེལ་གྱིས་”ད་ལྟ་རྒྱ་གར་བ་རྣམས་ཀྱི་སྐྱབས་གནས་གཙོ་བོ་རཱམ་དང་སི་ཏ་ཡིན།  རང་རེའི་མ་ཎི་བགྲང་བའི་ཚོད་ལ་འདི་གཉིས་ཀྱི་མིང་རྟག་ཏུ་འདྲེན།  གྲོགས་གཅིག་གསར་དུ་ཕྲད་ན་ཡང་རཱ་མ་རཱ་མ་ཟེར།  རྐང་སྣེ་རྡོ་ལ་ཐོག་ན་ཡང་རཱམ་རཱམ་ཟེར།  ཉ་དང་གནམ་སྟོང་སོགས་ཀྱི་མཚན་མོ་ལྷ་ཁང་དུ་འཚོགས་ཏེ་ཏིང་ཤགས་སོགས་རོལ་མོ་བཅས་རཱམཡཎ་གླུར་ལེན་ཞིང་མཚན་ཐོགས་དག་སྐྱེལ།”ཞེས་གསལ་བ་ལྟར་ཆོས་ཀྱི་ལྟ་བ་དང་འདྲེས་པ་ཡང་སྣང་།  

  དེ་བཞིན་བོད་ལ་གཏམ་རྒྱུད་འདིའི་ཤན་ཤུགས་ནི་ཐོག་མར་ཆོས་ལུགས་ཙམ་ལས་བརྒལ་ཏེ་རིམ་བཞིན་རིག་གནས་དང་ལྷག་ཏུ་རྩོམ་རིག་ལ་ཤན་ཤུགས་ཆེ་ཆེར་རྒྱས་ཡོད་དེ།  དུས་རབས་བཅུ་གསུམ་པར་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།>>དུ།   ཆེན་པོ་རྣམས་ཀྱིས་རྩེད་མོ་དང་།།   བདེ་དང་ཟས་ལ་ཆགས་པ་སྤང་།།  འདོད་ལ་ཆགས་པའི་ལེ་ལན་གྱིས།།  འབོད་གྲོགས་ལང་ཀར་བསད་ཅེས་གྲགས།།  ཞེས་གཏམ་རྒྱུད་འདིའི་ནང་དོན་ལྡན་པའི་ཚིགས་བཅད་ཅིག་ཀྱང་བྱུང་།  དེ་ལ་རྒྱ་ཡེ་བཀྲ་བྷོས་”ས་པཎ་གྱི་<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།>>དང་།  བཙུན་པ་རིན་ཆེན་དཔལ་གྱི་<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་འགྲེལ་བ།>>  ཀུན་མཁྱེན་འཇིགས་མེད་དབང་པོའི་<<ཀེ་ཏ་ཀའི་ཕྲེང་མཛེས་ཀྱི་རྣམ་བཤད་ཚིག་དོན་གསལ་བ།>>སོགས་སུ་གཏམ་རྒྱུད་དེ་མདོར་བསྡུས་རེ་དྲངས་ཡོད་པ་ལྟ་བུའོ།།”ཞེས་ཀྱང་གསལ།  ལྷག་ཏུ་་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་<<སྙན་ངག་མེ་ལོང་།>>བོད་འགྱུར་བྱས་ནས་བཟུང་དར་ཤུགས་ཧ་ཅང་བྱུང་ངོ་།།    དེ་བཞིན་གཏམ་རྒྱུད་འདིའི་རྩོམ་ཐབས་མེ་ལོང་མ་ལས་བརྒལ་ཏེ་ནུབ་ཕྱོགས་རྩོམ་རིག་གི་གྲུབ་མཐའ་ཆེན་མོ་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ལྡན་ཚུལ་གྱི་དཔྱད་བརྗོད་ཀྱང་བྱུང་ཡོད་དེ།   དཔལ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་”<<རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་བསྟན་བཅོས།>>འདི་ཉིད་ནི་རང་ཅག་ཁ་བ་རི་བའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ཆེས་རྨད་དུ་བྱུང་བའི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྙན་ངག་རིང་མོ་ཞིག་གོ་སྙམ”ཞེས་ཀྱང་གསལ།

དེ་བཞིན་བོད་ཀྱི་རྩོམ་རིག་གཞུང་ལུགས་སྙན་ངག་མེ་ལོང་མའི་ལུགས་སུ་གཏམ་རྒྱུད་འདིས་ཤན་ཤུགས་ཐེབས་ཚུལ་ནི་རྩོམ་རིག་རང་ངོས་ཀྱི་ཤུགས་རྐྱེན་ཁོ་ནར་ལྟ་ཆོག་སྙམ།  དེ་ལ་རྒྱ་ཡེ་བཀྲ་བྷོས་”ཡང་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཤོང་སྟོན་ལོ་ཙྰ་བ་རྡོ་རྗེ་རྒྱལ་མཚན་གྱིས་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་(སྙན་ངག་མེ་ལོང་།)ཆ་ཚང་བར་བོད་སྐད་དུ་བསྒྱུར་ཅིང་།   དེའི་ལེའུ་གཉིས་པར་དོན་རྒྱན་ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་གྱི་བྱེ་བྲག་བསམ་པ་རྒྱ་ཆེ་བའི་རྒྱན་གྱི་དཔེ།   རཱ་ཝ་ཎ་ཡི་མགོ་གཅོད་པའི།།  བྱ་བའི་ཁུར་ཡང་བཟོད་པ་གང་།།   རཱ་གྷུའི་བུ་དེས་བླ་མ་ཡི།།   བཀའ་ལས་འདའ་བར་ནུས་མ་གྱུར།།  ཞེས་པ་དང་།  འབྱོར་པ་རྒྱ་ཆེ་བའི་དཔེ།   རིན་ཆེན་རྩིག་པ་ལས་འཕོས་པའི།།   གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །  ལངྐའི་དབང་ཕྱུག་དེ་ཁོ་ན།།  ཨ་ཉྫ་ན་བུས་དཀའ་བས་ཤེས། །  ཞེས་པ།  དོན་རྒྱན་ཉེར་བདུན་པ་འགལ་བའི་རྒྱན་གྱི་བྱེ་བྲག་སྦྱར་པའི་འགལ་བའི་དཔེའི་འགྱུར་གཉིས་པར།  སྙན་པར་སྒྲོགས་མ་ནག་མོ་ཁྱོད། །  སྲིད་སྒྲུབ་ལ་ནི་རྗེས་ཆགས་ཀྱང་། །  རྣ་ཅན་ལ་བརྟེན་ལྟ་བ་ནི། སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། །  ཞེས་འབྱུང་བ་སོགས་ཀྱི་འགྲེལ་བ་རྣམས་སུའང<<མ་ཧཱ་བྷ་ཏ།>>”དང་<<རཱ་མཱ་ཡ་ཎ།>>་སྟེ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་གཏམ་ཅི་རིགས་པར་བྱུང་། དེ་ཡང་རྒྱལ་དབང་ལྔ་པ་ཆེན་མོའི་སྙན་འགྲེལ་དབྱངས་ཅན་དགྱེས་གླུ་དང་།  བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་(སྙན་འགྲེལ་དཎྜིའི་དགོངས་རྒྱན་སོགས་སུ་གོང་གི་ཚིགས་བཅད་རྣམས་ལ་ཚིགས་འགྲེལ་ཙམ་ལས་གཏམ་རྒྱུད་ཞིབ་མོ་བཀོད་མེད་མོད།   རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་(སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ།)དང་།  འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་(དབྱངས་ཅན་ངག་གི་རོལ་མཚོ།) འཇུ་མི་ཕམ་གྱི་(དབྱངས་ཅན་དགྱེས་པའི་རོལ་མཚོ།)སོགས་སུ་(མ་ཧཱ་བྷཱ་ར་ཏའི།)གཏམ་རྒྱུད་གོང་གི་སྙན་འགྲེལ་གཉིས་ལས་རྒྱས་ཙམ་དང་།   (རཱ་མཱ་ཡ་ཎའི།)གཏམ་རྒྱུད་ནི་ཞིབ་རྒྱས་སུ་བཀོད་འདུག   ལྷག་པར་འབྲུག་ཁམས་སྤྲུལ་གྱི་(དབྱངས་ཅན་ངག་གི་རོལ་མཚོ།)རུ་བཀོད་པའི་(རཱ་མཱ་ཡ་ཎའི།)གཏམ་རྒྱུད་དེ་འདྲའི་རྒྱས་པ་ཞིག་བོད་ཀྱི་སྙན་འགྲེལ་གཞན་གང་ལའང་མི་སྣང་།”ཞེས་གཏམ་རྒྱུད་འདིའི་ཤུགས་རྐྱེན་བོད་ཀྱི་རྩོམ་རིག་ལ་ཐེབས་ཚུལ་གསལ་འདུག་པ་བཞིན་ནོ།།

བྱེ་བྲག་བོད་ཀྱི་ལོ་རྒྱུས་ལ་ཐེབས་པའི་ཤུགས་རྐྱེན།

དེ་བཞིན་བོད་ཀྱི་ལོ་རྒྱུས་ཐད་ནས་གཏམ་རྒྱུད་འདིའི་ཤུགས་རྐྱེན་ཐེབས་པའི་ཚད་ནི་རྒྱ་ཆེ་བ་ལས་ཀྱང་གཏིང་ཟབ་པ་ཞིག་ཡིན་ཚོད་རེད།  མ་གཞི་ནས་རྒྱ་གར་གྱི་རིག་གནས་ཤུགས་རྐྱེན་བོད་ལ་ཐེབས་པའི་ཚད་ནི་དཔག་དཀའ་བ་ཞིག་གོ ཡིན་ཡང་ཟུར་ངོས་རེ་ནས་གླེང་ན་རྒྱ་ཡེ་བཀྲ་བྷོས་”བྲམ་ཟེའི་ཆོས་ལུགས་ཀྱི་ལྷ་དང་།   སངས་རྒྱས་ཆོས་ལུགས་ཀྱི་ལྷའི་དཔུང་ཚོགས་ཆེན་པོ་དེ་སྔ་མོ་ནས་གངས་རིའི་མུ་ཁྱུད་བརྒལ་ནས་འོངས་ཏེ།   བོད་ཡུལ་ཆོལ་ཁ་གསུམ་གྱི་ཁྱོན་ལ་གཞི་བཅས།  རྒྱ་གར་གྱི་རིག་གནས་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་རུ་གྱུར་པ་དང་མཉམ་དུ་རྒྱ་གར་ནས་འོངས་པའི་ལྷ་དེ་རྣམས་ཀྱང་བོད་ཀྱི་ལྷའི་གྲུབ་ཆ་གཙོ་བོ་རུ་གྱུར་”ཞེས་པ་བཞིན་ཡང་རྒྱ་ཡེ་བཀྲ་བྷོས་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས་ལུང་དྲངས་པ་ཞིག་སྟེ”དེས་ན་བོད་ཀྱི་རྩ་བའི་རུས་ཆེན་རྣམས་ཀྱི་ཁུངས་དང་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོའི་གདུང་ཡང་སངས་པོ་འབུམ་ཁྲི་དང་ཡབ་ལྷ་བརྡལ་དྲུག་སོགས་སྲིད་པའི་ལྷ་ཆེན་རྣམས་ལ་གཏུགས་ཡོད་པས།  མི་རྒྱུད་ལྷ་ནས་ཆད་ཟེར་བ་དེ་ཡིན་ལ་”ཞེས་བོད་བཙན་པོའི་འགོ་ཁུངས་ཀྱང་ལྷར་གཏུགས་པ་དང་ལྷའི་འགོ་ཁུངས་ནི་རྒྱ་གར་ལ་ཐུག་ཡོད་པ་དེའོ།།  དེ་བཞིན་བོད་ཀྱི་མིའི་འགོ་ཁོངས་ནི་སྤྲེའུ་དང་འདྲེས་ཚུལ་གླེང་སྲོལ་པ་དེ་ཡང་མཐར་གཏུགས་ན་གཏམ་རྒྱུད་འདིའི་བྱུང་རིམ་དང་འབྲེལ་བ་ཟབ་མོ་ཡོད་དེ།  དཔེར་ན།  “ཕ་སྤྲེའུ་ནི་རྒྱ་གར་གནའ་བོའི་སྒྲུང་རབས་ཆེན་མོ་(རྰ་མཱ་ཡ་ཌ)་ལས་བྱུང་བའི་སྤྲེའུ་ཧ་ནུ་མན་ཐ་ལ་བརྟེན་ནས་རྣམ་རྟོག་འཕྲོས་ཡིན་ཏེ།  (མ་ཎི་བཀའ་འབུམ་དུ་ཕ་སྤྲེའུ་བཤད་པའི་སྐབས་སུ་སྤྲེའུའི་རྒྱལ་པོ་ཧ་ལུ་མཉྫུ་བྱ་བ་ཅིག་སྤྲུལ་ལོ།  ཞེས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ལུང་འདྲེན་བྱས་འདུག་མོད།  མ་ཎི་བཀའ་འབུམ་དུ་བོད་ཀྱི་མི་རྒྱུད་ཀྱི་ཐོག་མ་སྤྱན་རས་གཟིགས་ཀྱི་ཕྱག་གཡོན་པ་ལས་བྱུང་བའི་སྤྲེའུ་ཞིག་ཡིན་པ་ལས་གོང་དུ་དྲངས་པའི་ཚིག་ཇི་བཞིན་(སྤྲེའུའི་རྒྱལ་པོ་ཧ་ལུ་མཉྫུ་བྱ་བ་ཅིག་སྤྲུལ་ལོ།)་ཁོངས་དེ་ན་མ་མཆིས། འོན་ཀྱང་།  མ་ཎི་བཀའ་འབུམ་གྱི་དཔར་གཞི་འགའ་ཞིག་མཆིས་པས་ནང་དོན་ལ་ཡང་ཁྱད་པར་བྱུང་སྲིད། དེ་ལས་ཀྱང་བྱུང་བ་དེ་དང་ཤིན་ཏུ་ཉེ་བ་ཞིག་ནི་བཀའ་ཆེམས་ཀ་ཁོལ་མར།)དེའི་ཚེ་སྲིན་ཡུལ་ལང་ཀ་པུ་རི་ན།  སྲིན་པོ་ལང་ཀ་མགྲིན་བཅུ་དང་།  ལྷའི་རྒྱལ་པོ་ར་མ་ཎ་གཉིས་ལྷ་མོ་གཟི་ལྡན་མ་ལ་མ་འཆམས་ནས་འཐབ་པའི་སྤྲེའུ་གྱད་ཧ་ལུ་མན་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སློབ་མ་དེ་རི་པོ་ཏ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པ་དང་”ཞེས་བོད་ཀྱི་མི་རྒྱུད་དེ་ནས་བྱུང་ཚུལ་ཡང་གསལ།                                            

གྲུབ་དོན།

གང་ལྟར་སྤྱི་སྡོམ་རྒྱག་ཆོག་པ་ཞིག་ནི་གཏམ་རྒྱུད་འདིའི་ཐད་ནས་ཤན་ཤུགས་ཆེན་པོ་བོད་ཀྱི་རིག་གནས་དང་ལོ་རྒྱུས་རྩོམ་རིག་བཅས་ཀྱི་ཁོངས་དང་ཁོག་ཏུ་དུས་ཡུན་རིང་པོའི་སྔོན་ནས་རས་ལ་སྣུམ་གྱིས་ཟིན་པ་ལྟར་གྱུར་འདུག   ལྷག་ཏུ་བོད་ཀྱི་རྩོམ་རིག་ལ་འཇུག་པ་སུས་ཀྱང་གཏམ་རྒྱུད་འདིའི་འགྲོས་མདོར་བསྡུས་པ་ཞིག་ལ་ཅིས་ཀྱང་རྒྱུས་ཡོད་དགོས་ཏེ།  དེ་ལས་བརྩམས་པའི་སྙ་ངག་དང་དེ་ལས་གྱེས་པའི་གཏམ་རྒྱུད་ནི་བོད་ཀྱི་རྩོམ་རིག་གི་ནང་ཤོང་ཆེན་པོ་བཟུང་ཡོད་པས་སོ།།  རིགས་པ་དེ་ལ་བསྒྲེས་ནས་གཏམ་རྒྱུད་འདིའི་ཤན་བོད་ཀྱི་ལོ་རྒྱུས་མན་ཆད་དང་ལེགས་བཤད་ཡན་ཆད་ཀྱི་ནང་དུ་ཟུར་ངོས་རེ་རེ་ནས་སིམ་ཡོད།   དེ་བས་གཏམ་རྒྱུད་འདིའི་ཁྱད་ཆོས་གཅིག་ནི་བོད་འགྱུར་སྔ་བས་མིན་ནམ།  གང་ལྟར་བོད་ཀྱི་རིག་གནས་ཀྱི་མྱུ་གུའི་འདབ་མ་དང་ཐ་ན་ས་བོན་དུ་ཡང་ལྟ་ཆོག་པ་དེའོ།།

དོན་གནད་འགྲེལ་བརྗོད།

ངེད་ཀྱིས་གཏམ་རྒྱུད་འདིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ནས་དཔྱད་བརྗོད་ཐུང་ངུ་ཞིག་ཀྱང་གྲུབ་མཚམས།  ད་དུང་བསུབ་ཏུ་མེད་པའི་སྟོང་ཆ་ཞིག་ལྷག་ཡོད་པ་ནི་རྒྱུ་ཆ་མང་པོ་ཞིག་ལག་སོན་མ་བྱུང་བ་དང་།  སོན་པ་རྣམས་གཟབ་གནད་དབྱེ་ཞིབ་ཀྱིས་འཐུས་མི་ཚང་བ་གཅིག་རེད།  དེ་བཞིན་དཔྱད་གཞི་རྒྱུ་ཆའི་སྟེང་ནས་ཕྲན་གྱིས་དམིགས་པ་ཇི་བཞིན་གྲུབ་དོན་གསལ་འདོན་ཐུབ་པ་ལ་ཁ་གསལ་བ་ལས་མི་གསལ་མང་བ་དེའོ།།

མཆན། 

1 གོ་ཤུལ་གྲགས་པ་འབྱུང་གནས།   ཏུན་ཧོང་ལས་ཐོན་པའི་རཱ་མ་ཎའི་རྟོགས་བརྗོད།  “ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ཙམ་ནས་ཁ་རྒྱུན་དུ་གྲགས་པ་དྲང་སྲོང་གྲོག་མཁར་པ་གཙོས་མཁས་དབང་རྣམ་པས་སཾ་སྐྲྀ་ཏའི་སྐད་ཀྱིས་གླེགས་བམ་ལ་བྲིས།”ཞེས་གསལ།

2 དམུ་དགེ་བསམ་གཏན་རྒྱ་མཚོ།    རཱ་མ་ཎའི་གཏམ་རྒྱུད་ཀྱི་དཔྱད་གཞི་བསྡུ་སྒྲིག  ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམ་སྤྲེལ་བྱས།    3 དགེ་འདུན་ཆོས་འཕེལ།  (དགེ་འདུན་ཆོས་འཔེལ་གྱི་གསུང་རྩོམ།) པོད་གསུམ་པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  “ཕྲན་རང་ནས་མ་བཅོལ་ཁུར་བླངས་ཀྱི་ལུགས་སུ་བྱས་ཏེ།   ཀླུའི་ཆོས་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ།   འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཤིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན།   བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱིས་འདི་འདྲའི་ལས་ལ་འཁུ་ལྡོག་བྱེད་ཟེར་ནས་ཞེད་སྐྲག་སློང་བ་ཡང་འདུག་སྟེ།  དྲུག་སྡེ་དག་གིས་གང་བསམ་པ་བཅུ་གཉིས་སྡེ་རྣམས་ཀྱིས་ལེགས་པར་གོ་བས་ཐུགས་ནང་ཤིན་ཏུ་གཤིན་པར་འོང་མཆི།”ཞེས་བཞེད་དོ།།

4 བཀྲས་མཐོང་ཐུབ་བསྟན་ཆོས་དར།   དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས།  བོད་ཀྱི་དཔེ་མཛོད་ཁང་།      ༢༢༧ ནས ༢༢༨

5 ༄༅། ། དཔལ་དགའ་བྱེད་རཱ་མའི་ལོ་རྒྱུས་རཱ་མ་ཡཱ་ཎའི་མེ་ལོང་དང་།  དེའི་ཁ་སྐོང་།    དྲང་སྲོང་གྲོག་མཁར་གྱི་རཱ་མ་ཡཱ་ཎ་རྩ་འགྲེལ་ལ་གཞི་བྱས་ཏེ་བྲིས་པ་རཱ་མའི་སྤྱོད་ཚུལ་ཡོངས་སུ་ཚང་བ།།   

6 གོ་ཤུལ་གྲགས་པ་འབྱུང་གནས།   ཏུན་ཧོང་ལས་ཐོན་པའི་རཱ་མ་ཎའི་རྟོགས་བརྗོད།    “(རཱ་མ་ཎའི་རྟོགས་བརྗོད)བོད་འགྱུར་མ་འདི་ནི་སྤྱི་ལོའི་དུས་རབས་དགུ་པའི་སྐབས་སུ་བསྒྱུར་པའི་འགྱུར་ཡིག་ཡིན་པས་ཕལ་ཆེར་འཛམ་གླིང་ཡིག་རིགས་ལས་འགྱུར་སྔ་ཤོས་ཡིན་ཚོད་འདུག”ཅེས་གསལ།

7 རྒྱ་ཡེ་བཀྲ་བྷོ།    རཱ་མ་ཎའི་རྟོགས་བརྗོད།   “དགེ་ལྡན་བསྟན་པ་འཛིན་པའི་སྐྱེས་བུའི་ཁྲོད་དུ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད།”ཅེས་ཀྱང་གསལ།

8 རྒྱ་ཡེ་བཀྲ་བྷོ།  རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།     ༡༡༩ ནས ༡༢༠

9 རྒྱ་ཡེ་བཀྲ་བྷོ།  རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།     ༡༢༠

10 དགེ་འདུན་ཆོས་འཕེལ།   དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།   པོད་དང་པོ།   ཤ ༦༣

11 ས་སྐྱ་པཎྚ་ཏ་ཀུན་དགའ་རྒྱལ་མཚན།    ས་སྐྱ་ལེགས་བཤད།  

12 རྒྱ་ཡེ་བཀྲ་ཡེ་བྷོ།    རཱ་མ་ཎའི་རྟོགས་བརྗོད།     རཱ་མ་ཎའི་དཔྱད་གཞི་བསྡུ་སྒྲིག  ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམ་སྤེལ་བྱས།    ༣༨༥

13 དཔལ་རྩེ་དང་ལྷ་རྒྱ་ཚེ་རིང་།  རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད།   རཱ་མ་ཎའི་དཔྱད་གཞི་བསྡུ་སྒྲིག   ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམ་སྤེལ་བྱས།     ༣༩༦

14 རྒྱ་ཡེ་བཀྲ་བྷོ།   རྒྱ་གར་འཕགས་ཡུལ་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།    ཤ ༡༢༡ ནས ༡༢༢

15 རྒྱ་ཡེ་བཀྲ་བྷོ།   རྒྱ་གར་འཕགས་ཡུལ་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།    ཤ ༨༠

16 རྒྱ་ཡེ་བཀྲ་བྷོ།   རྒྱ་གར་འཕགས་ཡུལ་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།    ཤ ༨༢

17རྒྱ་ཡེ་བཀྲ་བྷོ།   རྒྱ་གར་འཕགས་ཡུལ་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།    ཤ ༩༦

18 སྲུང་བཙན་སྒམ་པོ།  བཀའ་ཆེམས་ཀ་ཁོལ་མ།  

དཔེ་ཐོ།

༡ དཔྱད་གཞིའི་རྒྱུ་ཆ།

༡ རཱ་མ་ཎའི་དཔྱད་གཞི་བསྡུ་སྒྲིག   ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམ་སྤེལ་བྱས། (དཔྱད་གཞི་བསྡུ་སྒྲིག་འདིའི་ནང་རཱ་མ་ཎའི་གཏམ་རྒྱུད་དང་འབྲེལ་བའི་བརྗོད་དཔྱོད་བཅུ་གཉིས་ཡོད་པ་ཡོངས་ལྟ་ཀློག་དང་ལྔ་ལས་རྒྱུ་ཆ་ཁུངས་འདྲེན་བྱས་ཡོད།)

༢ དགེ་འདུན་ཆོས་འཔེལ་གྱི་གསུང་རྩོམ།  པོད་གསུམ་པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

༣ དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས།  བོད་ཀྱི་དཔེ་མཛོད་ཁང་།

༤ ས་སྐྱ་ལེགས་བཤད། 

༥ རྒྱ་གར་འཕགས་ཡུལ་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན། 

༦ བཀའ་ཆེམས་ཀ་ཁོལ་མ། སེ་ར་ཡིག་རྙིང་དཔེ་སྐྲུན་ཁང་།

༧ མ་ཎི་བཀའ་འབུམ།