གཅིག

གློག་བརྙན་ཡག་པོ་ཞིག་ལ་བལྟ་བ་ནི། གསུང་རབ་ཙ་ཡ་ཞིག་བཀླགས་པ་དང་ཁྱད་པར་མེད་ལ། སྔ་མས་ཕྱི་མ་ལས་ཀྱང་མིའི་ནང་སེམས་ལ་གོ་བརྡ་གསལ་པོར་སྤྲད་ཐུབ། གློག་བརྙན་ནི་མིག་དབང་དང་སེམས་དབང་ཅིག་ཅར་དུ་འཕྲོག་པའི་ལོངས་སྤྱོད་དམིགས་བསལ་བ་ཞིག་ཡིན་པས། དཔེ་ཀློག་ལ་གཞོལ་མི་ཐུབ་པའི་ལེ་ལོ་ཅན་བདག་ལྟ་བུར་མཚོན་ན། གློག་བརྙན་ལ་ལྟ་བ་ནི་རང་ལ་ཤེས་རབ་ཀྱི་རྒྱགས་མི་ཆད་པའི་གྲོགས་སུ་ངོས་བཟུང་ཡོད་ཅིང་། དུས་ཚོད་གང་ཡོད་ལ་ལྟ་རིན་ལྡན་པའི་གློག་བརྙན་ཇི་སྙེད་ཅིག་ལ་བལྟས་པ་ཡིན།

རྒྱ་གར་གྱི་གློག་བརྙན<ཨི་ཀ་མ>བསྟན་ནས་ཟླ་ངོ་གཅིག་ཙམ་འགྲོ་ལ་ཉེ་ནའང་། ད་རུང་ཡང་དྲྭ་ལམ་ན་གློག་བརྙན་འདི་དང་འབྲེལ་བའི་སྐད་ཆ་རྒྱུན་མི་ཆད་པར་བལྟས་ན། གློག་བརྙན་འདི་རང་རེ་ཚོའི་བློ་ཁ་དང་ཡ་མཚན་མཐུན་པའམ། ཡང་ན། གློག་བརྙན་འདི་རང་རེ་ཚོས་ཕྱི་གསལ་ནང་གསལ་དུ་ཧ་གོ་འདུག་པ་ལྟ་བུ་ཞིག་ཏུ་སྣང་མོད། ཡང་ཕྱོགས་གཞན་ཞིག་ནས། ཟླ་ངོ་གཅིག་ཙམ་གྱི་རིང་དུ། “དགེ་རྒན་ངན་པ་ལས། སློབ་མ་ངན་པ་མེད།”ཅེས་པའི་འཁྲབ་ཚིག་ཁོ་ན་ཡང་ཡང་བཟླས་ཤིང་། ཐ་ན་གློག་བརྙན་གྱི་མིང་གཅིག་པུ་ལའང་། དགེ་རྒན་ཨག་ཨག་དང་། གག་གག   ཨིག་ཨིག་སོགས་རང་གི་བརྡ་སྐད་དང་མི་མཐུན་པའི་རྡོ་ཆག་བཙན་སྒྲིག་གི་ཐ་སྙད་མང་པོ་ཞིག་གང་འདོད་འདོད་དུ་གཡུགས་འདུག་པར་བསམས་ན། རང་རེ་ཚོས་གློག་བརྙན་འདི་ཕྱི་གསལ་ནང་གསལ་དུ་ཧ་གོ་ཡོད་པ་ལྟ་ཅི། ལྡོག་སྟེ། གློག་བརྙན་འདིའི་མདོ་དོན(主题)རྩ་བ་ནས་གོ་མི་འདུག་སྙམ་པ་ཞིག་བྱུང་ཞིང་། མང་པོ་ཞིག་གིས་ལེགས་བཤད་དང་གནས་ལུགས་རྨ་མེད་པ་ཞིག་ཏུ་འདོད་དེ། ས་སྤེལ་རྡོ་སྤེལ་བྱེད་ཀྱིན་པའི “དགེ་རྒན་ངན་པ་ལས། སློབ་མ་ངན་པ་མེད།”ཅེས་པའི་འཁྲབ་ཚིག་འདི་ལའང་མནོ་བསམ་གཏོང་དགོས་བྱུང་། མ་ཟད། དེ་འབྲེལ་གྱི་བསམ་ཚུལ་རེ་གཉིས་ཞུ་བའི་དགོས་པ་དང་འདུན་པས་བསྐུལ་ཏེ།  གློག་བརྙན་འདིར་ལན་ཅིག་བལྟས་པ་ཡིན།

གློག་བརྙན་འདིའི་སྤྱིའི་སྒྲོམ་གཞི་སློབ་གསོའི་སྐོར་གྱི་རྒྱ་གར་གྱི་གློག་བརྙན་སྔ་མ་དག་དང་ཆ་འདྲ་ནའང་། བྱེ་བྲག་གཏམ་རྒྱུད་ཀྱི་འགལ་འདུ་མཚོན་ཐབས་ལས། རྒྱ་གར་གྱི་སློབ་གསོའི་གློག་བརྙན་སྔོན་མ་དག་དང་མི་འདྲ་བའི། <ཨི་ཀ་མ>རང་གི་ཁྱད་ཆོས་གཞན་ཞིག་རྙེད་བྱུང་བ་མ་ཟད། གློག་བརྙན་འདིའི་མདོ་དོན་གན་མ་ཡིན་པར། འདི་ཡིན་དགོས་སྙམ་པ་རྡོག་རྡོག་ཅིག་ཀྱང་རྙེད་བྱུང་།

གཉིས།

མི་ནི་དུས་ཚོད་སྐར་ཆ་རེ་རེ་ལའང་འགལ་འདུ་སྣ་ཚོགས་ཀྱི་འཕྲང་རིམ་བརྒྱུད་ནས་ཡོད་པ་དང་། འཚོ་བ་དང་། མི་གཤིས། སྤྱི་ཚོགས། ཕུགས་བསམ། དཔྱོད་ཤེས། རེ་དོགས་སོགས་ཀྱི་གཙུབ་བརྡར་ལས། ད་གཟོད་མི་དམིགས་བསལ་བ་འབྱུང་ལ། མི་དམིགས་བསལ་བའི་གཏམ་རྒྱུད་དམིགས་བསལ་བ་འབྱུང་། ཡང་ཅིག་བཤད་ན། མི་ཚེ་ནི་མ་གཞི་ནས་འགལ་འདུ་སྣ་ཚོགས་ཀྱིས་གྲུབ་པའི་གཏམ་རྒྱུད་ཅིག་ཡིན་པས། སྒྲུང་ངམ་གློག་བརྙན་ཞིག་ལ་གཏམ་རྒྱུད་ཀྱི་འགལ་འདུ་ཅི་ཙམ་ཆེ་ན། མི་སེམས་དེ་ལྟར་རྗེས་སུ་འཁྲིད་འགྲོ།

སྤྱིར་བཏང་དུ་སྒྲུང་ལེགས་པོ་ཞིག་ཡིན་ན། གཏམ་རྒྱུད་ཀྱི་འགལ་འདུ་ཉོག་དྲ་ཅན་དང་། སྣ་མང་ཅན།  ཛ་དྲག་ཅན་ཞིག་ཡིན་པ་བསྙོན་དུ་མེད། སྒྲུང་དང་། གློག་བརྙན། ཟློས་གར་སོགས་གཏམ་རྒྱུད་འཆད་པའི་བརྩམས་ཆོས་གང་ཞིག་ཡིན་ཡང་། གཏམ་རྒྱུད་ཀྱི་འགལ་འདུ་ཛ་དྲག་ཅན་དུ་བཟོ་བ་ནི་གཙོ་གནད་ཅིག་ཡིན་ལ་དཀའ་གནད་ཀྱང་ཡིན།   གཏམ་རྒྱུད་ཀྱི་འགལ་འདུ་ནི་མི་སྣའི་ནང་སེམས་ཀྱི་འགལ་འདུ་ཡིན་པས། མི་སྣའི་ནང་སེམས་ཀྱི་འགལ་འདུ་མཚོན་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།། ད་ལྟའི་བར་རང་རེ་བོད་ལ་ངེས་པ་དོན་གྱི་སྒྲུང་ཙ་ཡ་བྱུང་མེད་པའང་། དོན་དུ་མི་སྣའི་ནང་སེམས་ཀྱི་འགལ་འདུ་མཚོན་ཐུབ་མཁན་གྱི་རྩོམ་པ་པོ་ཙ་ཡ་མེད་པས་ལོས་ཡིན་སྙམ།

གཏམ་རྒྱུད་ཀྱི་འགལ་འདུ་དེ་ཐད་ཀར་མི་སྣ་གཙོ་བོའི་ཕྱི་རྣམ་པའི་སྟེང་ནས་མཚོན་པ་དང་། མི་སྣའི་ཁ་བརྡ་ལས་མཚོན་པ། གཏམ་རྒྱུད་རང་ངོས་ནས་མཚོན་པ། ཡང་ན། གཏམ་རྒྱུད་ཧྲིལ་པོའི་འགལ་འདུའི་མེ་རྟའམ་ས་བོན་དེ་སྒྲུང་གི་མགོ་ནས་མངོན་པ་དང་། བར་ནས་མངོན་པ། མཇུག་ནས་མངོན་པ་སོགས་ཅི་རིགས་ཡོད་ལ། གཏམ་རྒྱུད་ཅིག་གི་འགལ་འདུ་ཛ་དྲག་ཅན་དུ་འགྲོ་དགོས་ན། སྒྲུང་གི་མགོ་བཟུང་བ་ནས་གཏམ་རྒྱུད་ཀྱི་འགལ་འདུའི་མེ་རྟ་བསྒྲོན་ཐུབ་དགོས་པ་དང་།  སྒྲུང་ཧྲིལ་པོ་མེ་རྟ་དེ་ལ་བརྒྱུས་ནས།  འགལ་འདུ་སྣ་ཚོགས་ཀྱི་ཚག་སྒྲའི་ཁྲོད་འོད་ཆེམ་ཆེམ་དུ་འབར་བར་བྱེད་དགོས།

གསུམ།

སྐབས་སུ་བབས་པའི་གླེང་གཞི་གློག་བརྙན<ཨི་ཀ་མ>ལྟ་བུར་མཚོན་ན། གཏམ་རྒྱུད་ཀྱི་འགལ་འདུ་ཅུང་ཉོག་དྲ་ཅན་ནམ་ཛ་དྲག་ཅན་དུ་སྣང་སྟེ། མི་སྣ་གཙོ་བོ་དང་མོའི་ཁྱིམ་ཚང་ནང་གི་འགལ་འདུ།  མོ་དང་སློབ་གྲྭའི་དབུ་ཁྲིད་བར་གྱི་འགལ་འདུ། མོ་དང་འཛིན་གྲྭའི་བར་གྱི་འགལ་འདུ། ཡང་འཛིན་གྲྭF9དང་འཛིན་གྲྭ་A9བར་གྱི་འགལ་འདུ།  སྤྱི་ཚོགས་ཀྱི་དབུལ་ཕྱུག་བར་གྱི་འགལ་འདུ་སོགས་འགལ་འདུ་སྣ་ཚོགས་སྣ་མང་སྣེ་འཛིང་དུ་བརྡལ་ཡོད། འགལ་འདུ་འདི་རིགས་ནི་ཕྱི་རོལ་ཡུལ་གྱི་འགལ་འདུའམ་ཕྱི་རྐྱེན་ཡིན་ལ།ཕྱི་རོལ་ཡུལ་གྱི་འགལ་འདུ་འདི་དག་གིས་བསྐྱེད་པ་ནི། མི་སྣའི་སེམས་ཁམས་ཀྱི་འགལ་འདུ་སྟེ། དགའ་སྐྱོ་དང་། ཞི་ཁྲོ། རྒྱལ་ཕམ།  ཕྲག་དོག རེ་དོགས། ཁེར་རྐྱང་། བཟོད་བསྲན་སོགས་ཀྱིས་མཚོན་པའི་མི་སེམས་ཀྱི་སྒྲ་དང་གཟུགས་དང་རོ་དང་དྲི་དང་རེག་བྱ་ཡིན་ནོ། །

གློག་བརྙན་འདིར་མི་སྣ་གཙོ་བོ་ནེ་ནཱ་མ་ཐོར “ནད་པ”ཞིག་ཏུ་བཞེངས་པ་ནི། དམིགས་པ་ཡོད་པའི་མི་སྣའི་གདམ་གསེས་ཤིག་རེད། མི་སྣའི་གདམ་གསེས་འདིས་གཏམ་རྒྱུད་ཀྱི་འགལ་འདུ་དང་མདོ་དོན་ལ་རོགས་འདེགས་ཆེན་པོ་བྱས་ཡོད།  དབྱིན་ཇིའི་རྩོམ་མཁན་གྲགས་ཅན་ལྗོམ་ལེ་ཁཱར(John le Carre) སྒྲུང་འབྲི་ཐབས་ཀྱི་གདམས་ངག་ཅིག་ཏུ། “གཏམ་རྒྱུད་ཅིག་གི་མགོ་རྩོམ་དུས། ཞི་མུ་རང་གི་སྟན་ཐོག་ན་བསྡད་འདུག་ཅེས་བྲིས་ན་མི་འགྲིག་པར། ཞི་མུ་ཁྱི་གུའི་སྟན་ཐོག་ན་བསྡད་འདུག་ཅེས་ཏེ་འབྲི་དགོས”ཞེས་གསུངས་ཡོད།  བལྟས་ན་འདྲ་འདྲར་སྣང་བའི་ཚིག་ཀ་འདི་གཉིས་ཀའི་སྟེང་ནས། གཏམ་རྒྱུད་ཅིག་བྲི་བའི་དབང་དུ་བཏང་ན། གཏམ་རྒྱུད་ཀྱི་འགལ་འདུའི་ཚད་དམ་ཤུགས་སམ། ངོ་བོ་སོགས་ཡེ་མི་འདྲ་བའི་སྒྲུང་གཉིས་འབྱུང་བ་གདོན་མི་ཟའོ།།

གློག་བརྙན<ཨི་ཀ་མར>མི་སྣ་གཙོ་བོ “ནད་པ”ཞིག་ཡིན་པ་དང་། ནད་དེ་ནི་ཡན་ལག་དང་དོན་ལྔ་སྣོད་དྲུག་གི་ནད་གཞན་མ་ཡིན་པར།  སྨྲ་བརྗོད་ལ་ཐད་ཀར་གནོད་པའི་ནད་ཅིག་ཡིན་པའི་མི་སྣ་གཙོ་བོའི་ལུས་ཁམས་ཀྱི་གནས་ཚུལ་དེ་དང་། མི་སྣ་གཙོ་བོ་གང་དེའི་སེམས་ཁམས་ཀྱི་དགའ་ཕྱོགས་སུ་གྱུར་པའི་དགེ་རྒན་གྱི་ལས་རིགས་ནི། མ་གཞི་ནས་སྨྲ་བརྗོད་ལ་མཁས་ཤིང་ཁ་ལྕེ་སྐྱེན་པ་ཞིག་ཡིན་དགོས་པའི་ལས་རིགས་ཀྱི་དགོས་མཁོའི་བར་ན། ཐོག་མ་ཉིད་ནས་འགལ་བ་ཞིག་གྲུབ་ཡོད་པ་རེད། འགལ་བ་འདི་ནི་ང་ཚོས་གཏམ་རྒྱུད་ཀྱི་བྱུང་རིམ་དང་། མི་སྣའི་འབྲེལ་བ། སྐད་ཆ་སོགས་ལ་བརྟེན་ནས་འཚོལ་མི་དགོས་པར། མི་སྣ་གཙོ་བོ་ངོ་ཤེས་པ་དང་། མི་སྣ་གཙོ་བོ་དགེ་རྒན་བྱེད་འདོད་པའི་བསམ་སྦྱོར་ཙམ་པོ་ཧ་གོ་བ་ནས་ལས་སླ་མོར་རྟོགས་ཐུབ།  སྤྱིར་ན་གཏམ་རྒྱུད་འདིར་མི་སྣ་གཙོ་བོ་ནེ་ནཱ་མ་ཐོར་སྨྲ་བརྗོད་ལ་སྐྱོན་ཡོད་པའི་དགེ་རྒན“ནད་པ”ཞིག་ཏུ་བཞེངས་པ། དངོས་ཡོད་དང་ཅུང་ཙམ་མི་མཐུན་པར་སྣང་ནའང་།  འདི་ནི་གཏམ་རྒྱུད་ཀྱི་འགལ་འདུ་མངོན་པའི་ཐབས་རྩལ་ཅིག་ཏུ་མི་ལྟ་རང་ལྟ་རེད་སྙམ།

སྤྱིར་བཏང་དུ་ཐབས་རྩལ་འདི་ནི་ཐད་ཀར་མངོན་དྲག་པས་གཏམ་རྒྱུད་སྤྱིའི་འགལ་འདུ་ཛ་དྲག་ཅན་དུ་གཏོང་བ་ལ་དགེ་ལས་གནོད་ཆེ་བ་ཞིག་ཡིན་མོད། གློག་བརྙན་འདིའི་གཏམ་རྒྱུད་ཀྱི་མགོ་ནེ་ནཱ་མ་ཐོར་སློབ་མ་ཡིན་དུས་ཀྱི་དོན་དག་ཅིག་གིས་བཟུང་བ་ཡིས། མི་སྣ་གཙོ་བོ་བསམ་བཞིན་དུ“ནད་པ”ཞིག་ཏུ་བཞེངས་པའི་གཏམ་རྒྱུད་ཀྱི་འགལ་འདུ་སྟོན་པའི་ཐབས་རྩལ་ལ་ཟླ་བོ་ཡ་མཚན་ཉན་འདུག་སྙམ།

ཁོ་བོས་དེ་སྔར་དྲྭ་ལམ་ནས་སྒྲུང་འབྲི་ཐབས་ཀྱི་སློབ་ཁྲིད་ཅིག་ཉན་མྱོང་ལ། དེར་གཏམ་རྒྱུད་ཀྱི་འགལ་འདུའི་སྒྲིག་གཞི་ལ། ཉོག་དྲ་གཅིག་དང་འགག་སྒོ་གཉིས་ཡོད་ཟེར། དེ་ནི་མི་སྣ་གཙོ་བོ་དོན་དག་གཅིག་ལ་ཕྲད་པ་དང་། དོན་དག་དེ་ལས་འཕྲོས་ཏེ། མི་སྣ་གཙོ་བོ་རང་དབང་མེད་པར། དོན་དག་གཞན་ཞིག་གི་འགལ་འདུའི་ཁྲོད་ཞུགས་དགོས་བྱུང་བ་དང་། དོན་དག་གཞན་པ་དེར་ཞུགས་པའི་འཐབ་རྩོད་ཀྱིས། མི་སྣ་གཙོ་བོའི་ནང་གི་བརྩེ་དུང་ལ་བག་ཆགས་སམ་ཤུགས་རྐྱེན་ནམ། རྟིང་སྐུལ་ངེས་ཅན་ཐོབ་ནས།  མི་སྣ་གཙོ་བོ་དོན་དག་དེར་མཐའ་གཅིག་ཏུ་འཇུག་པའི་གདེང་ཐོབ་པའི་གོ་རིམ་ཞིག་དང་། གོ་རིམ་དེའི་ཁྲོད་ཀྱི་མི་སྣའི་ནང་སེམས་ཀྱི་འགལ་འདུ་དང་། གཏམ་རྒྱུད་རང་ངོས་ཀྱི་སྔ་ཕྱིའི་འགལ་འདུ་ལ་ཟེར་ཀི་ཡོད་པ་ཞིག་རེད། དེས་ན། ཟུར་འདི་ནས་གློག་བརྙན<ཨི་ཀ་མ>ལ་སླར་ཡང་ཐེངས་གཅིག་བལྟས་ན།  ང་ཚོས་ནེ་ནཱ་མ་ཐོར་ལ་དགེ་རྒན་བྱེད་པའི་འདུན་པ་བསྒྱུར་དུ་མེད་པ་ཞིག་ཡོད་པའི་རྒྱུ་མཚན་རྟོགས་ངེས་སོ།།

འོ་ན། རྩ་བའི་རྒྱུ་རྐྱེན་དེ་གང་ཡིན་ནམ། མོ་རང་སློབ་མ་ཡིན་དུས་ནས་ཨི་ཀ་འདོན་པའི་ནད་ཡོད་ཅིང་། ཁྱད་གསོད་རིས་ལྟ་བཟོད་དཀའ་བ་ཁུར་མྱོང་པས། ད་ལྟ། མོས་ཁྱད་གསོད་རིས་ལྟ་དར་པའི་མི་དང་སྤྱི་ཚོགས་གང་ཞིག་ལ། “དགྲ་ཤ”ལེན་པ་བཞིན་རང་གི་འཇོན་ནུས་བདེན་དཔང་བྱེད་འདོད་པ་ཞིག་ཡིན་ནམ། ནེ་ནཱ་མ་ཐོར་ལ་དགེ་རྒན་བྱེད་པའི་འདུན་པ་བསྒྱུར་དུ་མེད་པ་ཞིག་ཡོད་པ་ལ། གོ་བ་དེ་ལྟར་ལེན་མཁན་རེ་གཉིས་ཀྱང་ཡོད་ཚོད་རེད་མོད། བརྒྱ་ལ་གོ་བ་དེ་ལྟར་བླངས་པ་ཡིན་ན། རྩ་བ་རྡོ་རྗེ་གདན་ནས་འཕྱུགས་སོང་འདོད།

འོ་ན། རྒྱུ་རྐྱེན་དབང་གསུམ་ཅི་ཞིག་གི་དབང་གིས་མོ་ལ་དགེ་རྒན་བྱེད་པའི་འདུན་པ་བསྒྱུར་དུ་མེད་པ་ཞིག་ཡོད་པ་རེད་ཅེས་ན།  འདུན་པ་དེ་ནི་གློག་བརྙན་འདིར་བརྙན་མིག་ཐེངས་གཅིག་ལས་མེད་པའི་མི་སྣ་སྟེ།  ཕྱིར་དྲན་ཁྲོད་ཀྱི་སློབ་གཙོ་ཁུ་ཧཱན་ལགས་ཀྱིས་བསྩལ་པ་ཞིག་རེད། སློབ་གཙོ་ཁུ་ཧྭན་ལགས་ཀྱིས་མོའི་མི་ཚེ་ལ་འགྱུར་བ་བཏང་པ་ནས། མོས་དགེ་རྒན་རླབས་ཆེན་ཞིག་གིས་མི་ཞིག་གི་མི་ཚེར་འགྱུར་བ་གཏོང་ཐུབ་པའི་དད་མོས་རྙེད་ཅིང་། མོ་རང་ཉིད་ཀྱང་མོའི་མི་ཚེ་ལ་འགྱུར་བ་གཏོང་མཁན་དང་། རེ་བ་རྩོལ་མཁན་གྱི་སློབ་གཙོ་ཁུ་ཧྭན་ནང་བཞིན།གཞན་གྱི་མི་ཚེར་ལམ་དང་འོད་དང་དྲོད་དང་རེ་བ་གནང་མཁན་གྱི་དགེ་རྒན་ཞིག་བྱེད་འདོད་པ་དེ་རེད། འདུན་པ་དེ་ནི་དྲིན་གཟོ་བའམ། དད་མོས་རྙེད་པའམ། བདེན་པ་རྟོགས་པའི་འདུན་པ་ཞིག་ལས། “དགྲ་ཤ་”ལེན་པ་ལྟ་བུའི་ཕྲག་དོག་རང་ངོམ་གྱི་འདུན་པ་ཞིག་གཞར་ཡང་མ་ཡིན་ནོ།།

ཡང་ཞོར་དུ་ཞུ་རྒྱུ་ཞིག་ལ། རང་རེ་ཚོས་ཁ་སྔ་ལག་སྔ་སྒོས། “དགེ་རྒན་ངན་པ་ལས། སློབ་མ་ངན་པ་མེད་དོ།།”ཞེས་པའི་ཚིག་སྐྱ་ཙམ་པོ་ཁྱེར་ནས། དགེ་རྒན་དང་དགེ་རྒན་གྱི་ཕྱག་ལས་ལ་དམའ་ཕབ་པར་བརྩོན་གྱིན་འདུག་མོད། དོན་དུ་གློག་བརྙན་འདི་ནི་དགེ་རྒན་གྱི་ཕྱག་ལས་གུས་བརྩི་བླ་མེད་བྱས་ཡོད་པའི་གློག་བརྙན་ཞིག་རེད་དོ།།

བཞི།

སྒྲུང་ངམ་གློག་བརྙན་གང་ཡིན་ཡང་གཏམ་རྒྱུད་ཅིག་གི་ཞིབ་བརྗོད་ལ་བརྟེན་ནས། གནས་ལུགས་གང་རུང་ཞིག་སྟོན་གྱིན་ཡོད། གནས་ལུགས་དེ་ནི་གཏམ་རྒྱུད་ཀྱི་མདོ་དོན་ཡིན་ལ། གཏམ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སམ། གཏམ་རྒྱུད་ཞིབ་བརྗོད་དང་། མི་སྣ་བཞེངས་སྐྲུན་གྱི་ཐིག་ཤིང་ཡང་ཡིན། གཏམ་རྒྱུད་གང་ཞིག་བརྗོད་པ་ལ། མདོ་དོན་ནི་སྡོང་བོ་དང་གཏམ་རྒྱུད་ཀྱི་འགལ་འདུ་དང་། མི་སྣའི་སྐད་ཆ། ཡུལ་དུས་ཀྱི་བཀོད་པ་སོགས་ནི། སྡོང་བོ་དེ་ལས་ཕྱོགས་ཕྱོགས་སུ་རྒྱས་པའི་ལོ་མ་དང་འདྲ་སྟེ།  གང་ཞིག་མདོ་དོན་མེད་པའམ། མདོ་དོན་མི་གསལ་བའི་གཏམ་རྒྱུད་ནི། ས་ལ་ཐོར་པའི་ལོ་མ་བཞིན་རྟེན་ས་རྟེན་ཡུལ་མེད་པར་ཆགས་འགྲོ།

གཏམ་རྒྱུད་ཀྱི་མདོ་དོན་ནི་མི་སྣ་གཙོ་བོའི་སྐད་ཆའི་ལམ་ནས་སྟོན་པ་དང་། གཏམ་རྒྱུད་ཧྲིལ་པོའི་རྒྱབ་ལྗོངས་ཀྱིས་སྟོན་པ། བརྙན་རིས་ཀྱི་ཁ་དོག་གིས་སྟོན་པ། མཚོན་རྟགས་ཀྱི་ལམ་ནས་སྟོན་པ་སོགས་ཐབས་དུ་མ་ཡོད། གཏམ་རྒྱུད་ཀྱི་མདོ་དོན་ནི། འཚོ་བ་དངོས་ཀྱི་སྣང་ཚུལ་ཏེ།  དགའ་སྐྱོ་ཆགས་སྡང་། སྐྱེ་རྒ་ན་འཆི།  རྒྱལ་ཕམ།  དབུལ་ཕྱུག   འདུ་བྲལ།  ཕུགས་བསམ། དབང་ཆའི་འཐབ་རྩོད། ཁེར་རྐྱང་དང་སུན་སྣང་། མི་དང་རང་བྱུང་ཁམས།  དམག་འཁྲུག་དང་ཞི་བདེ་སོགས་སྣོད་བཅུད་ཀྱི་གདོད་མའི་ཆོས་ཉིད་དམ། ཆོད་ཉིད་དེ་ལས་རྙེད་པའི་རིན་ཐང་ལྟ་ཚུལ་གང་ཡང་རུང་བ་ཞིག་ཡིན་ཆོག་ལ། ཕྱོགས་གཞན་ཞིག་ནས་བཤད་ན། མདོ་དོན་ནི་རྩོམ་པ་པོའི་བསམ་བློའམ། གཏམ་རྒྱུད་ཀྱི་མཐར་ཐུག་གི་འབབ་སའང་ཡིན།

ལྔ།

གློག་བརྙན་ནི་དུས་ཚོད་ཐུང་ངུའི་ནང་གཏམ་རྒྱུད་ཅིག་གམ་དུ་མར་བརྟེན་ནས། བརྗོད་གཞི་གང་ཞིག་ཟབ་ཅིང་བསྡུས་པའི་སྒོ་ནས་སྟོན་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་པས།  གློག་བརྙན་ཞིག་ལ་བལྟ་དུས།  ཁོར་ཡུག་དང་། མི་སྣའི་བྱ་བྱེད་། རྣམ་འགྱུར། སྐད་ཆ། ཐ་ན་བར་བཅུག་རོལ་མོ་ཚུན་ཆད་ལ།  ཞིབ་མོ་གཟབ་ནན་གྱིས་མ་བལྟས་ན། གློག་བརྙན་གྱི་མདོ་དོན་གཙོ་བོ་འབོར་ཉེན་ཆེ།  གློག་བརྙན་ཞིག་ལ་བལྟས་རྗེས། གཏམ་རྒྱུད་ཙམ་པོ་སུས་ཀྱང་བཤད་ཤེས་ལ། གཏམ་རྒྱུད་ཀྱིས་ཅི་ཞིག་བསྟན་ཡོད་པའང་སྤྱི་བམ་ཙམ་ཞིག་བཤད་ཤེས་མོད། གཏམ་རྒྱུད་ཀྱི་མདོ་དོན་གཙོ་བོ་གང་ཡིན་པ་དང་། མདོ་དོན་དེ་ཐབས་རྩལ་ག་འདྲ་ཞིག་གི་ལམ་ནས་བསྟན་ཡོད་པ། མདོ་དོན་དེས་མི་རྣམས་ལ་གནས་ལུགས་གང་འདྲ་ཞིག་བསྟན་ཡོད་པ་སོགས་ནི་བདེ་ལེགས་ངང་ཧ་གོ་འགྲོ་བ་ཞིག་མ་ཡིན།

སྤྱིར་བཏང་དུ་གློག་བརྙན་ཞིག་ལ་བལྟས་ན་ཆོག  དཔེ་ཆ་ཞིག་བཀླགས་ན་ཆོག  མི་ཞིག་དང་འབྲེལ་འདྲིས་བྱས་ནའང་ཆོག   དེའི་གཏིང་གི་རིན་ཐང་མི་བསྔོག་པར།རང་གི་བསམ་ཚུལ་དང་མཐུན་ཞིང་། རང་ལ་དགོས་མཁོ་ཡོད་པའི་ཚིག་སྣེ་སྤུ་སྣེ་བཏོགས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་དཔྱད་བརྗོད་སྤེལ་བ་དང་། ཡང་རང་གི་ལངས་ཕྱོགས་དང་ལྟ་སྟངས་ཅི་ཡང་མེད་པར། འོལ་ཚོད་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས་དཔྱད་བརྗོད་སྤེལ་བ་གང་ཡིན་ཡང་ཤིན་ཏུ་མི་ལེགས་མོད། རང་ཅག་ཚོར་སྐྱོན་གྱི་གོམས་གཤིས་དེ་འདྲ་བོ་ཞིག་ཆགས་འདུག་སྟེ།

དེ་སྔོན<པ་ལགས། འཇུ་རེས་བྱེད>ཅེས་པའི་གློག་བརྙན་ཐོན་དུས། དེའི་ནང་གི་མི་སྣ་གཙོ་བོ་བུད་མེད་ཡིན་པ་དང་། མི་སྣ་གཙོ་བོས་དཀའ་ངལ་སྣ་ཚོགས་ལ་གདོང་གཏད་དེ། མཐའ་མར་འགྲན་ཡ་སྐྱེས་པ་རྣམས་ཕམ་པར་བརྒྱབ་པའི་གཏམ་རྒྱུད་ཀྱི་སྤྱི་ལྤགས་ཙམ་ལ་བརྟེན་ནས།  གློག་བརྙན་གང་དེའི་ནང་སྙིང་ནི་མོ་ཐོབ་རིང་ལུགས་ཀྱི་བསམ་བློ་ཡིན་ནོ་སྐད་ཀྱི་སྐད་ཆ་འདྲ་ཆགས་ཆགས་བཤད་མཁན་རེ་གཉིས་ཀྱང་ཡོད་མོད། དོན་དུ།  གློག་བརྙན་དེས་མོ་ཐོབ་རིང་ལུགས་ཀྱི་བསམ་པའི་ནང་གི་སྐྱེས་མའི་ཐོབ་ཐང་བརྗོད་ཡོད་པ་ལྟ་ཅི། ལྡོག་སྟེ། གློག་བརྙན་དེར་མགོ་མཇུག་བར་གསུམ་དུ་ཕོ་དབང་ངམ་ཕ་དབང་ཤུགས་ཆེན་པོར་བསྟན་ཡོད།  མོ་ཐོབ་རིང་ལུགས་ཀྱི་གཞི་རྩའི་ལྟ་ཚུལ་གཅིག་ནི། སྐྱེས་མ་རང་གི་བསམ་འདུན་ལྟར་འཚོ་བ་ལས། གཞན་གྱི་ཁ་དབང་ལྟར་མི་འཚོ་བ་དེ་ཡིན་མོད། གློག་བརྙན་དེ་ལས་མི་སྣ་གཙོ་བོ་ནི་མགོ་མཇུག་བར་གསུམ་དུ། པ་ལགས་ཀྱི་བསམ་བཀོད་ལྟར་མཐའ་མཇུག་གི “རྒྱལ་ཁ”ལ་བསྐྱོད་པ་ཞིག་ཡིན་པས། མོ་ཐོབ་རིང་ལུགས་ཀྱི་ལྟ་བའི་ངོས་ནས་ནས་བཤད་ན། དེ་ལྟ་བུའི “རྒྱལ་ཁ”ནི་དོན་དུ་མི་སྣ་གཙོ་བོའི་ལུས་སྟེང་ལ་བྱུང་བའི “ཕམ་ཁ”ཞིག་ཡིན་ནོ།།

དེ་བཞིན་དུ། ཐེངས་འདིར་དྲྭ་ལམ་ན་<ཨི་ཀ་མ>ཚ་འུར་བྱེད་ཀྱིན་པའི་སྣང་ཚུལ་ལའང་།  དོན་གྱི་མདོ་བོར་ནས་གཏམ་བྱུང་རྒྱལ་དུ་སྨྲ་བའི་ཚུགས་ཀ་ཞིག་ཡོངས་ཁྱབ་དུ་མངོན་ཏེ། ཁ་ཡོད་ལག་ཡོད་ཚང་མས། “དགེ་རྒན་ངན་པ་ལས། སློབ་མ་ངན་པ་མེད།”ཅེས་པའི་ཚིག་སྐྱ་འདི་ག་སར་སྤུར་གྱིན་པར་གཞིགས་ན། མང་མང་གིས་སྐད་ཆ་འདི་ནི་གློག་བརྙན<ཨི་ཀ་མ>འི་མདོ་དོན་གཙོ་བོའམ་མཐར་ཐུག་གི་བསྟན་དོན་ལྟ་བུར་གོ་ཡི་ཡོད་ཚོད་རེད་ལ། སྐད་ཆ་འདི་ལེགས་བཤད་དམ་གནས་ལུགས་རྨ་མེད་པ་ཞིག་ཏུ་རློམ་གྱིན་ཡོད་ཚོད་ཀྱང་རེད་མོད། བདག་གིས་མྱོང་ཚོད་ལ། སྐད་ཆ་འདི་ནི་གློག་བརྙན་འདིའི་མདོ་དོན་གཙོ་བོ་མིན་པ་ཟད། ཐ་ན། སྐད་ཆ་འདི་ནི་གཏན་ཚིགས་ལྡན་པའི་གནས་ལུགས་ཕུག་ཐུབ་པ་ཤིག་ཀྱང་མ་རེད་དེ།  སྐད་ཆ་འདི་ལ་གཏན་ཚིགས་ལྡན་ན། སྨན་པ་ངན་པ་ལས་དྲག་མི་ཐུབ་པའི་ནད་ཅིག་མེད་དོ།། ཞེས་ཀྱང་སྨྲ་སྤོབས་སོ།། སྐད་ཆ་འདི་གནས་ལུགས་ཡིན་ན།  སློབ་མ་ངན་པ་ལས་དགེ་རྒན་ངན་པ་མེད་དོ།། ཞེས་ཀྱང་སྨྲ་རིགས་སོ།། སྐད་ཆ་འདི་ཡིས་སློབ་གསོ་ཉན་ན། ཕ་མ་ངན་པ་ལས་བུ་ཕྲུག་ངན་པ་མེད་དོ།། ཞེས་ཀྱང་གདམས་ཆོག་གོ།

དྲུག

གོང་དུ་བཤད་ཟིན་ལྟར་གཏམ་རྒྱུད་ཅིག་གི་མདོ་དོན་གཙོ་བོ་ནི། འཚོ་བ་དང་། མི་ཚེ། མི་གཤིས། སྤྱི་ཚོགས་སོགས་ཀྱི་ངོ་བོ་དང་རྣམ་པ་དང་གནད་དོན་མཚོན་པའི་གནས་ལུགས་ཡོངས་ལ་ཁྱབ་པ་ཞིག་དང་།  གཏན་ཚིགས་ལྡན་པ་ཞིག་ཡིན་དགོས།གནས་ལུགས་ཡོངས་ཁྱབ་པ་དེས། ལྟད་མོ་བར་སྔར་མེད་གོ་རྟོགས་སད་དུ་འཇུག་པ་དང་། སྔར་གྱི་འཚོ་བར་ངོས་འཛིན་གསར་བ་བསྐྱེད་པ། སེམས་ཤུགས་དང་ཕུགས་བསམ་བསྩལ་བ་སོགས། ཡར་སྐུལ་རང་བཞིན་གྱི་བྱེད་ནུས་ཐོན་ཐུབ་ལ། དེ་ནི་གློག་བརྙན་བརྩམས་ཆོས་ཀྱི་དགེ་མཚན་ཡང་ཡིན།

གློག་བརྙན་འདིའི་མགོ་མི་སྣ་གཙོ་བོ་ནེ་ནཱ་མ་ཐོར་སློབ་མ་ཡིན་དུས་ཀྱི་གཏམ་རྒྱུད་ཀྱིས་བཟུང་བ་ཡིས། གཏམ་རྒྱུད་ཀྱི་འགལ་འདུ་སྟོན་པ་ལ་ཟླ་བོ་ཐུ་མོ་ཉན་འདུག་པ་ལས་གཞན། གཏམ་རྒྱུད་ཀྱི་མདོ་དོན་སྟོན་པའི་ས་བོན་ཡང་། བརྙན་མིག་འདི་དང་གཏམ་རྒྱུད་ཚན་པ་འདིའི་ནང་དུ་བཏབ་ཅིང་སྨིན་ནས་ཡོད་པ་ཞིག་རེད་འདོད།

བརྙན་མིག་དེར། “ཉམ་ཆུང་གྲོག་མས་ཀྱང་འགྱེལ་ཞོར་དུ་བྱེ་རྡུལ་གྱི་མཁར་རྩིག་བཟོ་ཐུབ།”ཅེས་པའི་འཁྲབ་ཚིག་ཅིག་ཡོད་ལ། དེ་ནི་བརྙན་མིག་དེའི་ནང་གི་འཁྲབ་ཚིག་ཉག་གཅིག་ཀྱང་ཡིན།  ང་ཚོས་གློག་བརྙན་ཧྲིལ་པོར་བལྟས་ཚར་རྗེས། སླར་འཁྲབ་ཚིག་དེའི་སྟེང་ལ་ལོག་ནས་བསམ་བློ་བཏང་ན། གཞི་ནས་གོ་བ་གཞན་ཞིག་རྙེད་ལ། འཁྲབ་ཚིག་དེ་ནི་གང་འདོད་དུ་བཞག་པ་ཞིག་མ་ཡིན་པར། དགོས་པ་དང་དམིགས་པ་ཐུ་མོ་ཡོད་པའི་གཏམ་རྒྱུད་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པའི་ངེས་ཤེས་ཀྱང་འདྲོངས་ངེས་ཏེ།  དགེ་རྒན་གྱི་སྐད་ཆའི་ནང་གི་ཉམ་ཆུང་གྲོག་མ་ནི། ཁོ་རང་གི་མིག་མདུན་ན་ཨི་ཀ་བརྒྱག་པའི་སློབ་མ་ནེ་ནཱ་མ་ཐོར་ཡིན་ཆོག་ལ། དེའི་གཞུག་གི་F9འཛིན་གྲྭའི་སློབ་མ་དག་ཀྱང་ཡིན་ཆོག་པ་མ་ཟད། བཏུང་ཆུ་ཙམ་ཡང་འཕྲོག་རྩོད་རྒྱག་དགོས་པའི་འབྱོར་མེད་ཀྱི་ཁྱིམ་ཚང་དག་ཀྱང་ཡིན་ཆོག་ཨང་།

ཡང་དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ། འབུ་ནག་གྲོག་མ་ཉམ་ཆུང་ནའང་། དེ་ལ་བྱེ་རྡུལ་གྱི་མཁར་རྩིག་བཟོ་བའི་ནུས་རྩལ་དང་ལྡན་པའི་གནས་ལུགས་བརྗོད་པའི་སྐབས་སུ། ཁོ་རང་གི་མིག་མདུན་ན། ཉམ་ཆུང་ཆུང་ངང་སྡོད་པའི་སློབ་མ་ནེ་ནཱ་མ་ཐོར་ལའང་རང་ཚོད་ཀྱི་འཇོན་ནུས་ཤིག་ཡོད་པ་བརྗེད་ནས་ཡོད། འདི་ལས་ང་ཚོས་མི་ནི་ནམ་ཞར་གཞན་ལ་གནས་ལུགས་བརྗོད་པར་དགའ་ཞིང་མཁས་ནའང་། འཚོ་བ་དངོས་ཀྱི་ནང་ནས་གནས་ལུགས་རྡོག་རོལ་བྱེད་རྐྱང་ལ་གོམས་པའི་སྲོག་ཆགས་ངོ་མི་བརྟན་པ་ཞིག་དང་། ཕྱི་ནང་མང་བ་ཞིག་པ་ཡིན་པ་རྟོགས། རེད་དེ། གཏད་སོ་མེད་པའི་མི་ཡི་རང་བཞིན་དང་། ཆ་འཇོག་མེད་པའི་སྲིད་པའི་གནས་ལུགས་ནི།  གནས་ལུགས་རྨེག་མེད་བཏང་པའི་གནས་ལུགས་ཀྱི་སྐད་ཆ་དེ་ཡིས་བསྟན་པའི་གནས་ལུགས་ཤིག་ཀྱང་ཡིན་ན། ལྟ་མཁན་ཕལ་མོ་ཆེས་མཉམ་འཇོག་གི་ཡུལ་དུ་མ་གྱུར་པའི། འཁྲབ་ཚིག་ཐུང་ངུ་འདི་ལ་བརྟགས་ཤིང་དཔྱད་ན་གོ་རྒྱུ་རྙེད་རྒྱུ་མ་འདྲ་བ་ཡོད་ཀི་སྙམ།

དེ་བཞིན་དུ། ནེ་ནཱ་མ་ཐོར་གྱིས་སློབ་གཙོ་ཁུ་ཧན་ལགས་ཕྱིར་དྲན་བྱས་པའི་བརྙན་མིག་ལས། “ དོན་དུ་གདུག་རྩུབ་ཆེ་བ་དེ་སུ་ཞིག་རེད།”ཅེས་པའི་ཤིག་སེ་ཕེར་གྱི་ཟློས་གར་ནང་གི་འཁྲབ་ཚིག་ཅིག་ཡོད་པ་དེའང་། གཏམ་རྒྱུད་དང་འབྲེལ་བ་མེད་པ་ཞིག་མ་ཡིན་ཏེ། ཨི་ཀ་རྒྱག་གིན་ཟློས་གར་འཁྲབ་ཚན་དེར་བལྟས་ནས་ཡོད་པའི་ནེ་ནཱ་མ་ཐོར་ལ་མཚོན་ན། སྐབས་དེར། གདུག་རྩུབ་ཆེ་བ་ནི་ཟློས་གར་ནང་གི་དམག་འཁྲུག་སོགས་གང་ཡང་མ་ཡིན་པར། ཁོ་མོའི་རྣ་ལམ་དུ་ཚེར་མ་བཞིན་ཟུག་པའི་སློབ་གྲོགས་ཚོའི་ཧབ་ཆ་དིར་དིར་དང་།  ཁོ་མོའི་གདོང་ལ་སྤྲིན་ནག་བཞིན་འཐིབ་པའི་དགེ་རྒན་ཚོའི་མིག་ཟུང་རིག་རིག་དེ་ཡིན་བཞག  ཁོ་མོར་མཚོན་ན། ཁྱད་གསོད་རིས་ལྟ་ལས་ལྷག་པའི་གདུག་རྩུབ་ཅིག་གང་དུའང་མེད་ལ། ཁོ་མོར་མཚོན་ན། འཇིག་རྟེན་གྱི་གདུག་རྩུབ་ཡོད་དོ་ཅོག་ཀྱང་ཁྱད་གསོད་རིས་ལྟ་ལས་གཞན་མ་ཡིན་ནོ།།

བདུན།

སྤྱིར་བཏང་དུ་སྒྲུང་དང་གློག་བརྙན་གང་ཞིག་མྱོང་རོལ་བྱེད་དུས། མི་སྣ་གཙོ་བོའི་ལྟ་ཚུལ་དང་སྒྲུང་གི་མདོ་དོན་འཁྲུལ་ཉེན་ཆེ།   ཧོ་ལེ་ཨོ་སྒྲི(Hollywood)གློག་བརྙན་ཀུང་སིའི་ཞུ་འཁྲབ་གཞུང་ཞུ་དག་པ་དང་བློ་འདོན་པ། ཤིས་སྒྲི་ཧྥེལ་སྒྲི་ཡིས་(Syd Field) མི་སྣའི་ལྟ་ཚུལ་ནི་འཇིག་རྟེན་ཞིབ་དཔྱོད་དང་ངོས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན་ཞེས་བརྗོད་པ་ནང་བཞིན། ང་ཚོས་ཀྱང་ “དགེ་རྒན་ངན་པ་ལས་སློབ་མ་ངན་པ་མེད”ཅེས་པའི་སྐད་ཆ་འདི། གློག་བརྙན་འདིའི་མདོ་དོན་སྟོན་པའི་གནས་ལུགས་ཤིག་ཏུ་ངོས་མ་བཟུང་པར། མི་སྣ་གཙོ་བོས་རང་ཉིད་ཀྱི་སྐབས་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་གམ་ལྟ་ཚུལ་ཞིག་ལ་གོ་བ་བླངས་པ་ཡིན་ན་ཤིན་ཏུ་འགྲིག་སྙམ།

འོ་ན།  གློག་བརྙན་འདིའི་མདོ་དོན་གང་རེད་ཅེས་ན།  བྱ་བ་གང་ལ་འཇུག་ཀྱང་། འབད་བརྩོན་དང་རེ་བའི་རྒྱུན་མ་ཆག་ན། དེ་དང་མཐུན་པའི་འབྲས་བུ་དང་རྒྱལ་ཁ་ཡོད་ངེས་པའི་གནས་ལུགས་ནི་གློག་བརྙན་འདིའི་མདོ་དོན་རེད་འདོད་ལ། གློག་བརྙན་གྱི་མགོ་འཛིན་བྱེད་ཀྱི་འཁྲབ་ཚིག་སྟེ། “ཉམ་ཆུང་གྲོག་མས་ཀྱང་བྱེ་རྡུལ་གྱི་མཁར་རྩིག་བཟོ་ཐུབ”ཅེས་པའི་སྐད་ཆ་འདིའི་ཐོག་མའི་དགོས་པ་དང་། མཐའ་མའི་འབབ་གཞིའང་གནས་ལུགས་འདི་རེད་འདོད།

ཡང་གློག་བརྙན་ཞིག་ལ་མདོ་དོན་གཅིག་གིས་མི་ཚད་པར་གཉིས་དང་དུ་མ་ཡོད་ཀྱང་སྲིད་ན། གློག་བརྙན་འདིའི་མདོ་དོན་གཞན་ཞིག་ནི། དངོས་ཡོད་འཚོ་བའི་ཁྲོད་དུ། ལས་གང་ཞིག་བསྒྲུབ་མི་ཆོག་པ་དང་། བསྒྲུབ་མི་ནུས་པ། བསྒྲུབ་མི་སྤོབས་པའི་གེགས་དང་དཀའ་ངལ་ཅི་ལ་འཕྲད་ནའང་། བློ་དང་རིག་པ། སྤོབས་དང་འདུན་པ་འཁུམས་ནས་མི་འདུག་པར། རང་གི་ཕུགས་བསམ་གྱི་རྗེས་སུ་མཐའ་གཅིག་ཏུ་འབྲངས་དགོས་པའི་གནས་ལུགས་དེ་རེད་འདོད། འདི་ནི་གློག་བརྙན་འདིར་ཐེངས་དུ་མར་བཟློས་པའི་སྐད་ཆ་ཞིག་སྟེ། “ཅིའི་ཕྱིར་དེ་ལྟར་བྱས་པ་དང་། ཅིའི་ཕྱིར་དེ་ལྟར་བྱ་མི་ཉན་པ་རེད།”ཅེས་པའི་སྐད་ཆ་འདིའི་བསྟན་དོན་རེད་ལ། འདི་ནི་མི་ཚེ་དང་འཚོ་བའི་གོ་རིམ་ཞིག་དང་། ཚེ་སྲོག་གི་གནས་སྟངས་ཤིག་ཀྱང་རེད། མི་ཟེར་བའི སྲོག་ཆགས་འདིས་སྐྱེ་བ་གཅིག་པུར། དྲི་བ་འདིའི་གཉིས་ཀའི་ནང་ན་འཕག་འཚག་རྒྱག་གིན་བསྡད་ཡོད་པ་དང་། དྲི་བ་འདི་གཉིས་ཀའི་ནང་ན་རྒྱལ་ཕམ་དང་། ཐོབ་ཤོར། བློ་ཕམ་དང་རེ་བ་སོགས་ཅི་འདྲའི་མང་པོ་མང་པོ་ཞིག་སྤུངས་ཡོད་ཨང་།

བལྟས་ན་སྤྱིར་བཏང་ཕལ་བའི་སྐད་ཆར་སྣང་བའི་ཚིག་འདི་གཉིས་ཀར་དཔྱད་ན་བར་ཁྱད་ཆེན་པོ་ཡོད་དེ། “ཅིའི་ཕྱིར”སྔ་མ་ནི་འདས་ཟིན་གྱི་བྱ་བ་དང་འགྲོགས་ཤིང་། “ཅིའི་ཕྱིར”ཕྱི་མ་མ་འོངས་བསྒྲུབ་འགྱུར་གྱི་བྱ་བ་དང་འགྲོགས་ནས་ཡོད། “ཅིའི་ཕྱིར”སྔ་མས་བྱ་བ་གང་ཞིག་མིན་དགག་བྱེད་པ་དང་། “ཅིའི་ཕྱིར”ཕྱི་མ་བྱ་བ་གང་ཞིག་ཡིན་འཇོག་བྱེད། ཅིའི་ཕྱིར”སྔ་མ་ནི་ཐེ་ཚོམ་དང་འཇིགས་སྐྲག་གི་ཀློང་ནས་བྱུང་བ་དང་། “ཅིའི་ཕྱིར”ཕྱི་མ་ནི་ཡིད་ཆེས་དང་སྤོབས་པའི་གཏིང་ནས་བྱུང་། “ཅིའི་ཕྱིར”སྔ་མར་ཕམ་ཁ་ལས་རྒྱལ་ཁ་ཟེར་བ་ཞིག་ཡོད་མི་སྲིད་ལ། “ཅིའི་ཕྱིར”ཕྱི་མར་ག་དུས་ཡང་རྒྱལ་ཁ་འཐོབ་པའི་གྲ་སྒྲིག་དང་རེ་བ་ཡོད་དོ།།

བརྒྱད།

མི་ནི་ཚོར་ཤེས་ཀྱི་སྲོག་ཆགས་ཤིག་ཡིན་ནམ། ཡང་ན་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་ཡིན། འདི་ནི་མཚན་ཉིད་རིག་པའི་གནད་དོན་ཅིག་ཡིན་ལ། གནད་དོན་འདིས་མིའི་ངོ་བོ་ལ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད། གནའ་བོའི་གྷི་རིགས་ཀྱི་མཚན་ཉིད་རིག་པ་བ། ཡ་ལེ་ཧྲི་ཐོ་ཡིས། “མི་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་ཡིན།”པའི་སྡོམ་ཚིག་བཀོད་པ་ནས། མི་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་ཡིན་པའི་ངོས་འཛིན་ཀུན་ལ་ཁྱབ་པ་ཞིག་ཏུ་སྣང་ནའང་། དོན་དུ་མི་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་ཡིན་ཞེས་པའི་སྡོམ་ཚིག་འདི། མིའི་ངོ་བོའི་སྟེང་ནས་བཞག་པ་ཞིག་མ་ཡིན་པར། མི་དང་སྲོག་ཆགས་གཞན་གྱི་ཁྱད་པར་གྱི་སྟེང་ནས་བཞག་པ་ཡིན་པས། སྡོམ་ཚིག་འདིའང་གཏན་ཚིགས་མེད་པའི་སྡོམ་ཚིག་ཅིག་རེད་འདོད།

སྤྱིར་བཏང་དུ་མི་ནི་ཚོར་ཤེས་ཀྱི་སྲོག་ཆགས་དང་། དཔྱོད་ཤེས་ཀྱི་སྲོག་ཆགས་གང་ཡིན་གྱི་གནད་དོན་དེ། མི་དང་སྲོག་ཆགས་གཞན་པ་བསྡུར་ཏེ་དཔྱད་རྒྱུ་ཞིག་མ་ཡིན་པར། མི་ཞེས་པའི་སྲོག་ཆགས་འདིའི་ངོ་བོའི་སྟེང་ནས་འཚོལ་དགོས་པ་ཞིག་རེད། ཡང་མི་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་དང་། ཚོར་ཤེས་ཀྱི་སྲོག་ཆགས་གང་ཡིན་གྱི་གནད་དོན་འདི། མི་ལ་ཚོར་ཤེས་ལས་དཔྱོད་ཤེས་མེད། ཅེས་དང་། ཡང་ན། མི་ལ་དཔྱོད་ཤེས་ལས་ཚོར་ཤེས་མེད་ཅེས་པའི་དོན་ཡང་མ་ཡིན་པར། ཚོར་ཤེས་དང་དཔྱོད་ཤེས་གཉིས་ཀས། མིའི་བསམ་སྦྱོར་དབང་སྒྱུར་བྱེད་པའི་སྔ་ཕྱིའི་གོ་རིམ་དང་ནུས་སྟོབས་ཀྱི་ཆེ་ཆུང་ལ་ལྟོས་ཏེ་འཇོག་པ་ཞིག་རེད།

རེད་དེ། མི་ནི་ཚོར་ཤེས་ཀྱི་སྲོག་ཆགས་ཤིག་ཡིན་ནམ། ཡང་ན་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་ཡིན། གནད་དོན་འདིར་ང་ཚོས་མཚན་ཉིད་རིག་པའི་གཞུང་ལུགས་ཀྱིས་དཔྱད་ན་དཔྱོད་མི་ཤེས་ལ། དཔྱད་པའི་མཐའ་ཡང་མི་ཟིན་པ་ཞིག་ཡིན་སྲིད་མོད། ང་ཚོས་རང་རང་གི་འཚོ་བའི་ཁྲོད་ཀྱི་དོན་དག་ཆེ་མ་ཆུང་གསུམ་དང་སྦྱར་ནས་བརྟགས་ན། གཏིང་ཟབ་པའི་མཚན་ཉིད་རིག་པའི་དཀའ་གནད་དག་ཀྱང་། འཚོ་བའི་རྒྱུན་ཤེས་ལྟར་བདེ་ལེགས་ངང་གོ་ཐུབ་བོ།།

དགུ།

གློག་བརྙན་འདིར་ལྟ་མཁན་ལ་སེམས་འགུལ་ཚད་མེད་ཐེབས་སུ་འཇུག་པའི་བརྙན་མིག་གསུམ་ཡོད། བརྙན་མིག་གསུམ་པོ་ནི་ལྟ་མཁན་ལ་སེམས་འགུལ་ཐེབས་སུ་འཇུག་པའི་བརྙན་མིག་གསུམ་ཡིན་པ་མ་ཟད་། གློག་བརྙན་ནང་གི་མི་སྣ་ཕན་ཚུན་བར་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་པའི་བརྙན་མིག་གསུམ་ཡང་རེད་བཞག  ཡང་སེམས་འགུལ་ཚད་མེད་ཐེབས་པའི་བརྙན་མིག་གསུམ་པོ་ནི། ཏག་ཏག་གློག་བརྙན་འདིའི་གཏམ་རྒྱུད་ཀྱི་དཀྱོགས་མཚམས་ཆེན་མོ་གསུམ་དང་། གློག་བརྙན་འདིའི་མི་སྣའི་ལུས་སྟེང་ལ་བྱུང་བའི་འགྱུར་ལྡོག་ཆེན་མོ་གསུམ་རེད།

བརྙན་མིག་དང་པོ།

སློབ་གཙོ་ཁུ་ཧཱན་ལགས་ཀྱིས་དགེ་སློབ་མང་པོས་སྔུན་ནས་ནེ་ནཱ་མ་ཐོར་ལ། “ད་ནས་བཟུང་། ང་ཚོས་ཁྱོད་དང་སློབ་གྲོགས་གཞན་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་ངེས་ཡིན།”ཞེས་སྨྲ་དུས། བདག་ལ་སེམས་འགུལ་ཚད་མེད་སོང་ལ།ན་ཆུང་བའི་སློབ་མ་ནེ་ནཱ་མ་ཐོར་ལའང་སེམས་འགུལ་ཚད་མེད་ཐེབས་ཡོད་པ་མ་ཟད། སེམས་འགུལ་ཐེབས་པའི་སྐད་ཆ་དེས། མི་སྣ་གཙོ་བོ་ནེ་ནཱ་མ་ཐོར་གྱི་མི་ཚེ་འགྱུར་བ་བཏང་བ་རེད།

བརྙན་མིག་གཉིས་པ།

F9འཛིན་གྲྭའི་སློབ་མ་ཚོས་ལྒང་ཕྲུག་གིས་འགད་རྫས་བཟོས་ནས་དགེ་རྒན་ནེ་ནཱ་མ་ཐོར་ལ་བསམ་ནག་གི་སྦྱོར་ངན་བརྩམས་པ་དང་། སློབ་གཙོས་F9འཛིན་གྲྭ་སློབ་གྲྭ་ནས་ཕྱིར་ཕུད་གཏོང་བར་རྩོམ་དུས། དགེ་རྒན་ནེ་ནཱ་མ་ཐོར་རང་ལ “བརྙས་བཅོས”བྱེད་མཁན་གྱི་སློབ་མ་དག་གི་རྒྱབ་རྩར་ལངས་ཤིང་། སློབ་མ་དག་སྲུང་སྐྱོབ་ཀྱི་ཆེད་དུ་ནོར་འཁྲུལ་རང་སྟེང་དུ་ལེན་དུས། བདག་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། བསམ་ནག་གི་སྦྱོར་བ་ཁོ་ནར་གོམས་པའི་F9འཛིན་གྲྭའི་སློབ་མ་དག་ལ་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། སློབ་གཙོ་ཁུ་ཧཱན་ལགས་ལའང་སེམས་འགུལ་ཚད་ཐེབས། སེམས་འགུལ་ཚད་མེད་ཐེབས་པའི་དགེ་རྒན་ནེ་ནཱ་མ་ཐོར་གྱི་སྦྱོར་བ་འདིས། F9འཛིན་གྲྭའི་སློབ་མ་རྣམས “མ་རབས”ནས “ཡ་རབས”ཕྱོགས་པའི་འགྱུར་བ་དང་པོ་བྱུང་།

བརྙན་མིག་གསུམ་པ།

F9འཛིན་གྲྭའི་སློབ་མ་རྣམས་དགེ་རྒན་ནེ་ནཱ་མ་ཐོར་གྱི་མདུན་དུ་འོང་ནས། དགེ་རྒན་ཁྱོད་ནི་ང་ཚོས་ཕྱོགས་སྟོན་གྱི་སྐར་ཆེན་ཡིན་པས། ང་ཚོར་ལམ་སྟོན་གནང་རོགས་ཞེས་བཤད་དུས།  བདག་ལ་སེམས་འགུལ་ཚད་མེད་ཚད་མེད་ཐེབས་བྱུང་ལ། དགེ་རྒན་ནེ་ནཱ་མ་ཐོར་ལ་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། ནེ་ནཱ་མ་ཐོར་གྱི་པ་ལགས་ལའང་སེམས་འགུལ་ཚད་མེད་ཐེབས། དུས་དེ་ནས།  པ་ལགས་ཀྱིས་བུ་མོ་ནེ་ནཱ་མ་ཐོར་གྱིས་དགེ་རྒན་གྱི་ལས་རིགས་གཉེར་བའི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་བ་རེད།

དེ་ལྟར་སེམས་འགུལ་ཐེབས་སླ་བའི་བརྙན་མིག་ནང་གི་གཏམ་རྒྱུད་རེ་རེར་བལྟས་ན།  གཏམ་རྒྱུད་དེ་དག་ནི་ང་དང་ཁྱོད་ཀྱི་འཚོ་བའི་གཏམ་རྒྱུད་ཤ་སྟག་དང་། ང་ཚོའི་ནང་སེམས་ཀྱི་བྲིས་རིས་འབའ་ཞིག་ཡིན་པ་མ་ཟད། མི་ཟེར་བའི་སྲོག་ཆགས་འདིའི་ངོ་བོའང་གཏམ་རྒྱུད་དེ་དག་གི་ནས་མཐོང་ལ། འཚོ་བ་དང་མི་ཚེའང་གཏམ་རྒྱུད་དེ་དག་གི་གསེང་ནས་མྱོང་ཐུབ། རེད་དེ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ང་ཚོ་སེམས་འགུལ་ཚད་མེད་ཐེབས་སུ་འཇུག་པའི་དོན་དག་མང་པོར་འཕྲད་ཀྱི་ཡོད་ལ། དོན་དག་དེ་དག་གིས་ང་ཚོའི་མི་ཚེར་དོན་སྙིང་ལྡན་པའི་འགྱུར་བ་གཏོང་གིན་ཡོད་པའང་གདོན་མི་ཟ།

ང་ཚོ་སེམས་འགུལ་ཐེབས་སླ་བ་ནི་ང་ཚོ་བརྩེ་དུང་ལྡན་པས་རེད་ལ། སེམས་འགུལ་ཐེབས་སླ་བའི་དོན་དག་གིས་ང་ཚོའི་མི་ཚེར་འགྱུར་བ་གཏོང་དོན་ནི། ང་ཚོ་ནི་ཚོར་ཤེས་ཀྱི་སྲོག་ཆགས་ཤིག་ཡིན་པས་ལོས་ཡིན་སྙམ་མོ།།

བཅུ།

མི་སུམ་ཅུར་བསམ་པ་སུམ་ཅུ་དང་། ཀློག་མཁན་བརྒྱ་ལ་ཧམ་ལེ་ཐྲི་བརྒྱ་ཡོད། ཅེས་པའི་དཔེ་ལྟར། མི་སོ་སོར་ལྟ་ལུགས་མཐོང་ལུགས་མི་འདྲ་བ་མང་པོ་ཡོད་པས།གློག་བརྙན་འདི་དང་འབྲེལ་བའི་ལྟ་ལུགས་མཐོང་ལུགས་ལའང་ཁྱད་པར་ཆེན་པོ་ཡོད་སྲིད་མོད། དེ་ནི་གནད་དོན་མ་རེད། གནད་དོན་ནི་རང་གི་ལྟ་ལུགས་མཐོང་ལུགས་མེད་པར། འུར་ཞོགས་དང་ཟེར་སྒྲོས་ཀྱི་རླབས་ཁར་གཡེངས་ནས་དམིགས་པ་མེད་པར་བསྐྱོད་པ་དེའོ།།

ཁོ་བོ་གློག་བརྙན་ཆེད་ལས་པ་མིན་ལ། གློག་བརྙན་སྐོར་གྱི་རྒྱུན་ཤེས་ཀྱང་ཤིན་ཏུ་ཉག་ཕྲ་ནའང་།  བྱིས་སྒྲུང་ཀྱི་ལས་ཀར་འཇུག་པ་ནས་སྒྲུང་འབྲི་ཐབས་སྐོར་ལ་མཉམ་འཇོག་དང་དོད་ཅུང་ཙམ་རེ་བྱས་པ་དང་། བར་བར་ལ་གློག་བརྙན་རེ་གཉིས་ལ་བལྟས་པ། ག་ས་ག་ནས་གོ་ལོ་ཐོས་ལོ་ཙམ་རྙེད་པའི་འོལ་ཚོད་ལ་བརྟེན་ནས། གློག་བརྙན་ཞིག་ལ་སྐད་ཆ་སྨྲ་བའི་གདེང་རྙེད་པ་ནི་ནོངས་པ་སྐྱེ་དགོས་པ་ཞིག་ཡིན་ནའང་། དྲྭ་ལམ་དག་ན་མདོ་དོན་བོར་པའི་ཚིག་སྐྱ་རླུང་འཁུར་ལྟ་བུ་ཧ་ཅང་མང་བ་དང་། དོན་མ་གོ་བ་ནི་གནད་དོན་མིན་ནའང་། ལོག་པར་གོ་བ་ནི་གནད་དོན་ཚབས་ཆེན་ཡིན་པ། ཡང་འགའ་རེས་ནི་བསམ་བཞིན་དུ། དམིགས་པ་ཡོད་པའི་སྒོ་ནས་ཚིག་སྐྱ་རེ་གཉིས་ཁ་ལ་བཟུང་སྟེ། རླབས་ཆེ་བའི་ལས་རིགས་ཤིག་ལ་དམའ་ཕབ་པ་སོགས་ནི་ཤིན་ཏུ་མ་རིགས་པར་སེམས་ནས་བྲིས་པ་ལགས་སོ།།