ཉེ་ཆར། རྒྱ་གར་གྱི་སློབ་གསོའི་གློག་བརྙན་གྲགས་ཆེན་<དགེ་རྒན་གག་གག་>ཅེས་པ་དྲ་ལམ་ནས་ཚ་འུར་མང་པོ་བཟོས་སོང་། ལྷག་ཏུ་དགེ་རྒན་དང་སློབ་མ་ཚོས་གླེང་སློང་དང་བརྒྱུད་བསྐུར་མང་པོ་ཞིག་བྱས། སློབ་གསོའི་རིགས་ཀྱི་གློག་བརྙན་འདི་འདྲ་རང་ཅག་གི་སློབ་གསོའི་སྡེ་ནས་ཀྱང་དོ་སྣང་མང་པོ་ཞིག་བྱུང་བ་ནི་ཤིན་ཏུ་ལེགས་པོ་ཞིག་རེད་སྙམ། ཁོ་བོས་ཀྱང་གློག་བརྙན་འདི་ག་རྒྱལ་ནང་དུ་གཟིགས་འགྲེམས་བྱས་རྗེས་སུ་བལྟས་པ་ཡིན་མོད། རྩ་བའི་ཆ་ནས་དེ་ཙམ་རེད་འདུག སྔར་གྱི་རྒྱ་གར་དང་དབྱི་རག་གི་གློག་བརྙན་འགའ་རེ་དང་འདྲ་བོར་འདུག་པས། བརྗོད་སྙིང་དང་བརྗོད་བྱ་གང་ཐད་ནས་བལྟས་ཀྱང་ཐོད་བརྒལ་གྱི་ཆ་མང་པོ་ཞིག་བྱུང་མེད་པ་འདྲ་བས། དེ་དུས་སུ་བརྙན་དཔྱད་དམ་ཡང་ན་འདི་ཕྱོགས་ཀྱི་སྐད་ཆ་མང་པོ་ཞིག་ལབ་འདོད་མ་སྐྱེས། རང་གྲོལ་ལགས་ཀྱིས་ཐེངས་དང་པོར་ལམ་ཕྲན་འདིའི་ཐོག་ཏུ་རྐང་རྗེས་བཀོད་པའི་གནའ་མི་དེའི་སྤོབས་པ་ཅི་འདྲ་མཐོ་ཞིང་སྙིང་སྟོབས་ཅི་འདྲ་ཆེ་བ་དང༌། ཐེངས་དང་པོར་ལམ་ཕྲན་འདི་དེད་ནས་རི་རྩེ་ལ་སླེབས་པའི་དཔའ་བོ་དེའི་བློ་རྒྱ་ཅི་འདྲ་ཆེ་ཞིང་མིག་རྒྱང་ཅི་འདྲའི་རིང་བ་ཞིག་རེད་ཨང༌། རྒྱུ་མཚན་ནི། གནའ་མི་དེས་མིའི་ལོ་རྒྱུས་ཐོག་གི་ལམ་དང་པོ་བཏོད་པ་དང༌། དཔའ་བོ་དེས་མིའི་རེགས་ལ་འཚོ་བའི་ལམ་དང་མ་འོངས་པར་བགྲོད་པའི་ལམ་དང་པོ་གསར་གཏོད་མཛད་པ་རེད་ཅེས་པ་སེམས་སུ་དྲན་པས་ཡིན།

ཉིན་ཤས་ཀྱི་གོང་རོལ་དུ། ཁོ་བོས་ཆེད་དུ་གློག་བརྙན་འདི་རང་གི་འཕྲིན་སྟེགས་སུ་སྤེལ་བ་ཡིན། དེ་དུས་བོད་མིང་ཞིག་ཅིས་ཀྱང་དགོས་པར་སྙམ་པས། གློག་བརྙན་གྱི་མིང་ལ་<དགེ་རྒན་གག་གག་>ཅེས་བྲིས་པ་ཡིན་མོད། ལ་ཤས་ཀྱིས་ཨིག་ཨིག་དང་ཨག་ཨག་སོགས་བསྒྱུར་བ་མཐོང་ཡང་། སོ་སོའི་བསམ་ཚུལ་ཙམ་རེད་པས་བསྐྱུར་བཞག་པ་ཡིན་མོད། དེ་རིང་གྲོགས་ཚོམས་སུ་གློག་བརྙན་འདིའི་སྐོར་ནས་བོད་འགྱུར་བྱས་པའི་མིང་བརྡར་རྩོད་གླེང་ཙམ་བྱུང་བ་མ་ཟད། དེ་ལ་བཙན་གཏམ་དང་ཚོད་ཟུངས་ཟེར་བ་ལྟ་བུའང་སྦྱར་འདུག་པས། རང་གིས་ཀྱང་འདི་འབྲེལ་གྱི་གཏམ་ཁ་ཤས་གླེང་ན་འདོད་སོང་། ལར། བརྡ་ཆད་གཅིག་གི་ཆེད་དུ་རྩོད་ཉོག་མང་པོ་ཞིག་བསྲེས་འདོད་མེད་ཀྱང་། སོ་སོའི་བསམ་ཚུལ་ཙམ་པོ་སུས་ཀྱང་བཤད་ན་འགྲིག་གི་རེད་སྙམ།

ཐོག་མར་སློབ་ཁྲིད་ཀྱི་བར་སྐབས་ནས། རང་གི་གྲོགས་ཚོམས་སུ་ངས་བལྟས་ན་<དགེ་རྒན་གག་གག་>ཅེས་བསྒྱུར་ན་ཡང་མི་འགྲིག་པ་མེད་པར་འདོད་མོད། ལ་ཤས་ཀྱིས་ <ཨི་ཀ་མ་>རེད་ཅེས་དོན་སྒྱུར་སྒོས་བཀས་བཅད་ལྟ་བུ་བྱས་ཡོང་། གག་གག་ནི་སྒྲ་སྒྱུར་ཡིན་པ་མ་ཟད། དོན་ཡང་ཅུང་ཙམ་འདུས་ཏེ། གག་ནི་གཅིག་ན་སྤྱི་སྒྲ་དང་། གཉིས་ན་བརྡ་རྙིང་དུ་འབོད་པའི་སྒྲ་ཞིག་རེད། མོས་སྐྱིགས་བུ་བརྒྱབ་པའི་སྒྲ་དེ་སྤྱི་གང་ཞིག་ལ་བརྒྱབ་པའི་ཨིག་ཀའི་སྒྲ་ལས། དམིགས་བསལ་ཕའམ་མ་གང་རུང་ལ་བརྒྱབ་པ་ཡེ་ནས་མིན་པས། བརྡ་ཆད་གག་ཅེས་པའི་ནང་དོན་གཉིས་པོར་གློག་བརྙན་དང་རྩ་བའི་ཆ་ནས་འདྲ་ས་ཤིན་ཏུ་མང་། འདིར་གཙོ་བོ་སྐྱིགས་པའི་སྒྲ་དེ་གཙིགས་ཆེན་དུ་འཛིན་དགོས་ལ། ཁྱིམ་བྱ་གག་པས་ཀྱང་གག་གག་གི་སྒྲ་ཡང་འདི་འདྲ་ཞིག་ཡིན་པས། མི་གཞི་དམའ་འབེབ་དང་མི་དང་བྱ་གག་པ་བསྡུར་དུ་རུང་བ་ཞིག་མིན་པ་ཤེས་མོད། མི་རྣམས་ལ་གློག་བརྙན་འདིའི་ཁ་ཡིག་གོ་བདེ་ཡིད་འཇགས་སུ་གཏོང་དགོས་ན་དགེ་རྒན་གག་གག་ཅེས་པ་ནི་ཨི་ཀ་མ་ལས་ལེགས་པར་མཐོང་། མ་ཟད། ཨི་ཀ་ཞེས་བོད་རང་ལ་བརྡ་ཆད་ཅིག་ཡོད་པ་བདེན་དུ་ཆུགས་ཀྱང་། གློག་བརྙན་འདིའི་མིང་ལ་དོན་སྒྱུར་སྒོས་ཨི་ཀ་མ་རྐྱང་བ་སྦྱར་ན། དེ་ཙམ་གྱིས་མོ་རང་གི་ཐོབ་ཐང་དགེ་རྒན་ཞིག་ཡིན་པ་མཚོན་མི་ཐུབ། ཡིན་ཡང་། འགའ་རེས་གག་གག་སོགས་བསྒྱུར་བར་ཤེས་མེད་ཅོལ་ཆུང་དུ་བསྙད་པ་ནི། བོད་ཀྱི་ལོ་ཙཱར་དོན་སྒྱུར་ཁོ་ན་ལས་སྒྲ་སྒྱུར་དང་ཐད་སྒྱུར་བྱས་མི་ཆོག་ཅེས་པའི་སྒེར་གཅོད་པའི་སྐད་ཆ་མ་ཡིན་ནམ། འོ་ན། ཁྱོད་ཚོས་ཀྱང་“ཚོད་ཟུངས།”ཡ། ཞེས་སྤེལ་བ་ཡིན།

ཨ་ལ་ཀུ་རེ་ཡིན། དྲང་མོ་བཤད་ན་ཚོད་ཟུངས་ཟེར་བ་ནི་ཁོང་ཚོའི་ཚིག་རེད། དགེ་རྒན་ངན་པ་ལས་སློབ་མ་ངན་པ་མེད་ཅེས་པ་བྲིས་པར། དགེ་རྒན་ལ་ཤས་ཅིག་ངའི་སྟེང་ལ་དངོས་གནས་སྡང་སེམས་བླ་ལྷག་ཅིག་སྐྱེས་བཞིན་པ་འདྲ། གནས་ལུགས་ཇི་ལྟར་ཤུགས་ཆེ་ན།། དུངས་ཞེན་ལ་ནི་དེ་ལྟར་གནོད།། དྲང་མོ་བཤད་ན། དེ་ཡང་གློག་བརྙན་འདིའི་ནང་གི་འཁྲབ་ཚིག་ཅིག་ཡིན་པ་ལས། ངས་བཤད་པ་ཞིག་ཡེ་ནས་མིན་པ་ཤེས་དགོས། གློག་བརྙན་ལ་མ་བལྟས་པར་རང་གི་ལས་གནས་དགའ་མདོག་སྟོན་མཁན་འགའ་ལ་མཱའོ་ཡི་སྐད་ཆ་ཞིག་ཕུལ་རྩིས་ཡོད། བརྟག་དཔྱད་མ་བཏང་སྔོན་ལ་སྐད་ཆ་བཤད་པའི་ཐོབ་ཐང་མེད། ཧ་ཧ།

གློག་བརྙན་འདིའི་སྔར་གྱི་མིང་ལ་རྒྱ་གར་གྱི་ཡི་གེ་<Hichki>ཞེས་སྦྱར་འདུག  དབྱིན་ཡིག་ལྟར་ན་<Hiccup>རེད། རྒྱ་འགྱུར་གྱི་མིང་ལ་ནི་དེ་ལས་གསལ་བར་བཏང་སྟེ། <嗝嗝老师>ཞེས་བསྒྱུར་པ་ནི་ཅུང་ཡག་པར་སྣང་ཞིང་། ལོ་ཙཱའི་རྩ་དོན་ཁོ་ནས་མ་ཡིག་ཡོད་ཚད་ལེགས་པའི་ཆ་དང་བུ་ཡིག་ཐམས་ཅད་ཉེས་པའི་ཆ་རུ་བལྟས་པ་ཡང་བློ་སྐྱོན་ཨེ་ཡིན་སྙམ་པས། རང་ཅག་གིས་ཀྱང་གཞི་འདི་ལ་སྦྱར་ནས་བསྒྱུར་ན་འགྲིག་པར་འདོད།

འདི་ལྟར་བལྟས་ན། གློག་བརྙན་འདི་ལ་ཐོད་བརྒལ་གྱི་ཆ་མང་པོ་མི་འདུག་ཅེས་བསྐྱུར་བཞག་ན་ཡང་མི་རུང་། ལྷག་ཏུ་གཞན་པའི་ངལ་རྩོལ་གྱི་འབྲས་བུ་གང་འདོད་ངང་སྣང་མེད་དུ་འཇོག་མི་རུང་བས། གློག་བརྙན་འདིའི་དགེ་སྐྱོན་ལས་དགེ་བའི་ཆ་ནས་ང་རང་ལ་སྔར་ནས་བཟུང་(གློག་བརྙན་འདི་ལ་བལྟས་ཚར་རྗེས)དོ་སྣང་བྱུང་བ་གཉིས་ཙམ་ཡོད།

གཅིག་ནི་དགེ་རྒན་མོ་རང་ལ་ནམ་རྒྱུན་དུས་ངེས་མེད་དུ་སྐྱིགས་པ་རྒྱག་པའི་མི་ལེགས་པའི་སྣང་ཚུལ་ཞིག་ཡོད་ལ། དེ་ནི་མོ་རང་ལ་མཚོན་ན་དགེ་རྒན་བྱེད་འདོད་ཀྱི་ཕུགས་བསམ་ལ་གེགས་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། དེ་ནི་གློག་བརྙན་སྤྱིའམ་གཟིགས་མཁན་གྱི་ངོས་ནས་ཤིན་ཏུ་ལེགས་པའི་སྣང་ཚུལ་ཞིག་གམ་ཡང་ན། གློག་བརྙན་འདི་སྔར་དང་མ་འདྲ་བའི་ཆ་རུ་བསྒྱུར་འདུག་པ་མཐོང་སྟེ། མི་ནི་མ་གཞི་ནས་སྐྱོན་གྱི་གྲིབ་མས་གོས་པ་ཁ་གསལ་ཡང་གསལ་སྒོས་བརྗོད་ཡོད་ལ། དེ་ཡི་གསལ་འདོན་བྱེད་སྟངས་ཡང་སྔར་གྱི་གློག་བརྙན་དག་དང་མི་འདྲ་བར། གྲིབ་ནད་རིགས་ཀྱི་སྐྱིགས་པ་རྒྱག་པའི་སྣང་ཚུལ་ཞིག་གི་ངོས་ཐད་ནས་གསལ་འདོན་བྱས་ཡོད་པ་དེ་རེད། འདི་ནི་གློག་བརྙན་འདིའི་ནང་གི་དགེ་རྒན་ངན་པ་ལས། སློབ་མ་ངན་པ་མེད་པའི་ཅེས་པའི་སྐད་ཆའི་གཞི་རྩ་ཡང་ཡིན་པར་འདོད། ཅིའི་ཕྱིར་ཞེ་ན། དགེ་རྒན་ནི་ལམ་སྟོན་མཁན་གཙོ་བོ་ཡིན་པས། དཔེ་ཀློག་མེད་པའི་དགེ་རྒན་ཞིག་གིས་སློབ་མ་ཡང་དཔེ་ཀློག་གི་ཞིང་ཁམས་སུ་འཁྲིད་ཐུབ་མེད་པས། དཔེ་ཀློག་མེད་ན་གྲུ་གཟིངས་མེད་པ་དང་གཤོག་པ་མེད་པ་ལྟར། དགེ་སློབ་གཉིས་ཀ་ཤེས་བྱའི་རྒྱ་མཚོར་བརྒལ་བ། སྣང་བའི་ནམ་མཁར་འཕུར་སྐྱོད་ལྟ་བུ་ཡེ་ནས་མི་ཐུབ་པ་རེད། དེ་བས། ང་ཚོས་ཀྱང་ཕ་མ་ངན་པའི་བུས་ཕྲུག དགེ་རྒན་ངན་པའི་དགེ་ཕྲུག་ཅེས་པ་མ་ཡིན་ནམ། ཏན་ཏན་བཤད་ན། ལོ་ཆུང་གི་སློབ་མ་ཚོ་ལ་མཚོན་ན་དགེ་རྒན་གྱི་བྱ་བྱེད་ལས་གསུམ། འགྲོ་འདུག་གཏམ་སྤྱོད་ནི་སློབ་མའི་མིག་དཔེའམ་ཡང་ན། སློབ་མར་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་ཤོས་དེ་ཡིན་པས་སོ།།

གཉིས་ནི་དགེ་རྒན་མོ་རང་ཆེད་དུ་ཡུལ་དེའི་སློབ་ཕྲུག་ཚོའི་སྒོ་ཁྱིམ་རེ་རེ་ཉུལ་ཞིང་། དངོས་ཀྱི་འཚོ་བའི་ཁྲོད་ཀྱི་སློབ་ཕྲུག་རེ་རེར་རྒྱུས་ལོན་བྱས་རྗེས། རྒྱུས་ལོན་དེ་ཕྱིར་སློབ་ཁྲིད་ཀྱི་སྐབས་སུ་བེད་སྤྱོད་གཏོང་བ་དེ་རེད། དཔེར་ན། སློབ་ཕྲུག་རེ་རེ་ལ་ཆུང་དུས་ནས་རྒྱུས་ཡོད་དང་འགྲོགས་འདྲིས་སུ་གྱུར་པའི་ལས་ཀ་དེའི་སྟེང་ནས་དྲིས་པ་དྲིས་ཤིང་། ལས་ཀ་དེའི་སྟེང་ནས་རིགས་ལམ་ཞིབ་སྡུར་དང་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་འབྱེད་ཨེ་ཐུབ་ལ་འབུངས་པ་དེ་རེད།

ཕྱིར་འདང་རེ་བརྒྱབ་ན། 2007ལོར་Aamir Khanལགས་ཀྱིས་འཁྲབ་ཁྲིད་བྱས་པའི་རྒྱ་གར་གྱི་གློག་བརྙན་<Taare Zameen Par>སའི་གོ་ལའི་སྟེང་གི་སྐར་མ་ཞེས་པ་ཡང་འདིར་འབྲེལ་གྱི་གློག་བརྙན་ཞིག་རེད། དེ་ལས་སྔ་བ་2004ལོར་ཧྥ་རན་སའི་Christophe Barratierལགས་ཀྱིས་འཁྲབ་ཁྲིད་བྱས་པའི་<Les Choristes>མཉམ་ལེན་རུ་ཁག་དང་། དེ་ལས་སྔ་བ་1989ལོར་Peter Weirལགས་ཀྱིས་འཁྲབ་ཁྲིད་བྱས་པའི་ཨ་རིའི་གློག་བརྙན་<Dead Poets Society>འཆི་ཕོད་སྙན་ངག་ཚོགས་པ་ཞེས་པ་ཡང་དགེ་རྒན་བཟང་པོས་སློབ་མར་ལམ་སྟོན་ནམ་སློབ་མའི་རྨོངས་མུན་འཇོམས་པར་གཏོང་བའི་གློག་བརྙན་ཞིག་རེད་པས། གློག་བརྙན་གྱི་བརྗོད་བྱ་སྤྱིའི་ཆ་ནས་བསྐྱར་ཟློས་ལྟ་བུར་མཐོང་མོད། རྩ་བའི་ཆ་ནས་བཤད་ན། རྒྱ་གར་ནི་རྩིས་ལ་མཁས་པའི་བཤད་རྒྱུན་སྔར་གྱི་ཆོས་འབྱུང་དེབ་ཐེར་དག་ལས་མཐོང་ཐོས་ཡོད་པས། གློག་བརྙན་འདི་ནས་ཀྱང་གཙོ་བོ་སློབ་ཕྲུག་ཚོས་རྩིས་དངོས་རྫས་གསུམ་གྱི་སྐོར་ལ་ཉམས་ཞིབ་དང་ཞིབ་འཇུག་བྱས་པའི་ཚུལ་དེ་ཅུང་ཡག་པར་འདོད་སོང་།

བཤད་མཚམས་འདིར་སླེབས་རྗེས། 1999ལོའི་དབྱི་རག་གི་གློག་བརྙན་<The Children of Heaven>ཞེས་པ་དྲན་སོང་། འདི་ནི་ཐད་ཀར་དགེ་སློབ་གཙོ་བོ་བྱས་པའི་གློག་བརྙན་ཞིག་མ་ཡིན་ཡང། འདི་ཡང་གཙོ་བོ་བྱིས་དུས་ཀྱི་འཚོ་བའི་དྭངས་གཙང་དང་། བྱིས་པའི་ལྷད་མེད་ཀྱི་ཕྱིར་དྲན་གསལ་བརྗོད་བྱས་ཡོད་པ་ཞིག་ཡིན་པས། ཁོམ་ན་འདི་ཡང་གཟིག་རྒྱུ་མ་བརྗེད་ཅེས་མཇུག་གཏམ་གྱི་ཚུལ་དུ་འོས་སྦྱོར་ཙམ་བྱེད་ཞོར། ཀུན་པོས་བགྲོ་གླེང་ཡོང་བའི་རེ་འདུན་དང་བཅས་བྲིས་པ་ཡིན།

  2018ལོའི་ཟླ་11ཚེས་21ཉིན་པེ་ཅིང་ནས་ཤར་མར།