ཤིས་ཚང་མཁྱེན་རབ་རྒྱ་མཚོ།

     [ཐོག་མའི་གསལ་འདེབས།]  འདིར་རྩོམ་ཡིག་ཇི་ལྟར་བྲི་དགོས་པའི་སྐོར་གྱི་དྲན་ཚུལ་ཙམ་ཞིག་གླེང་བསླངས་པ་ནི་རྩོམ་ཡིག་ལ་དགའ་མོས་ཆེ་ཡང་རྩོམ་ཡིག་འབྲི་བའི་འགོ་གང་ནས་རྩོམ་དགོས་མ་ཤེས་པར་ལུས་པའི་སློབ་ཕྲུག་ཚོར་མཛུབ་མོས་རི་སྟོན་ཙམ་ཞིག་བྱ་ཐུབ་ན་སྙམ་པའི་ཀུན་སློང་ཞིག་གིས་ཀུན་ནས་བསླངས་ཏེ།  ཐོག་མར་རྩོམ་ཡིག་འབྲི་བར་ཐབས་ལམ་གང་དང་གང་བརྒྱུད་དགོས་པའི་སྐོར་རང་གི་རྨོངས་བློར་འཆར་ཚུལ་ཙམ་ཞིག་བརྗོད་འདོད་པ་ལས་གཞུང་ལུགས་ཀྱི་རྒྱབ་རྟེན་སོགས་གང་ཡང་མེད།


༡  ཉིན་ཐོ་འབྲི་བ་ནས་འགོ་བརྩམ་དགོས།

ཉིན་ཐོ་ཞེས་པ་ནི་རང་གི་ཉིན་རེའི་འཚོ་བའི་ཁྲོད་མཐོང་ཐོས་མྱོང་གསུམ་གང་བྱུང་བ་དག་ཟིན་ཐོར་བཀོད་པ་ལ་ཟེར་ཞིང་། དེ་ལྟ་བུའི་ཉིན་ཐོ་འབྲི་བ་ལ་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་རྣམ་པ་གང་གི་ཐད་ལ་གུ་དོག་པའི་སྒྲིག་འཛུགས་ལྟ་བུའི་འཆིང་རྒྱ་གང་ཡང་མེད་པར་རང་གིས་གང་བརྗོད་འདོད་པ་དེའི་རྗེས་སུ་འབྲངས་ནས་ཅི་དགར་བྲིས་ཆོག་ལ།  བྲི་བྱའི་ཡིག་འབྲུའི་མང་ཉུང་དང་།  རྗོད་བྱེད་ཚིག་གི་རྩོམ་ལུས་ལའང་ཚད་བཀག་ཅི་ཡང་མེད་པར།  ཚིགས་བཅད་དང་ཚིག་ལྷུག   བཅད་ལྷུག་སྤེལ་མ་གང་སྤྱད་ཀྱང་ཆོག   དེ་ལྟ་ནའང་།  ཐོག་མཐའ་བར་གསུམ་དུ་ཉིན་ཐོ་འབྲི་བ་ལ་བརྗོད་དོན་གྱི་སྙིང་བོ་ཡོད་པ་ཞིག་བྲི་རྒྱུ་གལ་ཆེ་བར་སྙམ།    མིག་སྔར་སློབ་ཕྲུག་ཁག་ཅིག་གི་ཉིན་ཐོ་འབྲི་སྟངས་ལས་མཐོང་བ་ལྟར་ན།    ཉིན་ལྟར་རང་ཉིད་ཀྱིས་དངོས་སུ་བརྒྱུད་དང་མྱོང་གིན་པའི་སྣང་ཚོར་མང་བོ་ཞིག་རྒྱ་ཡན་དུ་བཏང་སྟེ།  རང་ཉིད་ཞོགས་པ་ཆུ་ཚོད་ག་ཚོད་ཐོག་ཡར་ལང་གིན་ཡོད་མེད་དང་།  ཉིན་དེར་སོ་དང་གདོང་བ་བཀྲུས་མིན།  ཉིན་གུང་གཉིད་ལ་རོལ་གྱིན་ཡོད་མེད་དང་། ཁ་ལག་ཅི་ཞིག་ཟོས་མིན།  གཟུགས་པོ་བཀྲུས་མིན་ལྟ་བུ་དོན་སྙིང་ཆུང་བའི་བརྗོད་བྱའི་ར་བ་དེ་ཙམ་ལས་བརྒལ་ཐུབ་མེད་པར་འདུག  དེ་ལྟར་ད་དུང་མུ་མཐུད་དུ་ཕྱིན་ན།  རང་ཉིད་ངལ་བའི་རྒྱུ་ཙམ་ལས་གཞི་རྩའི་རང་གི་རྩོམ་འབྲིའི་ནུས་རྩལ་དང་། ལྟ་ཞིབ་ཀྱི་བསམ་བློར་ནམ་ཡང་ཡར་ཐོན་འབྱུང་ཁག་པོར་མཆིས་པས།   ཉིན་ཐོ་འབྲི་བ་ལ་གཙོ་ཆེར་རང་གི་ཉིན་རེའི་དགའ་སྐྱོ་ཆགས་སྡང་ངམ་དངོས་བྱུང་གི་ཚོར་བའི་སྣང་བརྙན་དག་ཉིན་ཐོར་དགོད་རྒྱུ་གལ་ཆེ་སྟེ།  དཔེར་ན།  ཁྱོད་ཀྱིས་ཉིན་དེར་དཔེ་དེབ་གང་ཞིག་བཀླགས་པ་དང་།  དཔེ་དེབ་དེའི་བརྗོད་དོན་གང་ཡིན།  དཔེ་དེབ་དེ་བཀླགས་རྗེས་ཁྱོད་ལ་བློ་སྐྱེད་དམ་ཡང་ན་ཡིད་འགྱུར་གྱི་ཚོར་བ་གང་སྐྱེད་པ་དག་ལྟ་ཞིབ་ཡོད་པའི་སྒོ་ནས་བྲིས་ཚེ།  ཁྱོད་ཀྱི་ཉིན་ཐོ་དེར་བརྗོད་དོན་ཞན་པའི་རྣམ་པ་དེ་མེད་ལ།   སྨྱུ་གུ་ཤོག་ངོར་བཙུགས་ཏེ་སོར་མོ་འགུལ་བའི་ངལ་བ་དེའང་ཆུད་ཟོས་སུ་གཏན་ནས་མི་འགྲོ།    དེ་ལྟར་འབྲི་བ་ལ་གོམ་པ་རིམ་སྤོ་ལྟ་བུས་སྦྱོང་བརྡར་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ན།   ད་གཟོད་ཁྱོད་ཀྱིས་གསོན་ཉམས་ལྡན་པའི་རྩོམ་ཡིག་ཅིག་འབྲི་ཐུབ་པའི་གདེང་སྤོབས་འཆང་ཆོག་ལ།  གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་སྐྱོན་ཡོན་དབྱེ་ཞིབ་བྱེད་པའི་བསམ་བློ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་ངེས་ཡིན།  ད་དུང་། ནན་གྱིས་ཞུ་འདོད་པ་ཞིག་ནི།  ཉིན་ཐོ་འབྲི་བ་ལ་འགོ་བརྩམས་པ་ཙམ་གྱིས་མི་ཆོག་པར་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་དགོས་ལ།  དེ་ཡང་ཕྱི་བཤོལ་གྱི་ལེ་ལོ་དང་སྒྱིད་ལུག་གི་གཡེང་བར་ནམ་དང་གཞར་ཡང་ཁ་གཏད་བཅག་སྟེ།  ཉིན་ཐོ་འབྲི་བ་ནི་ཉིན་གཅིག་གི་འཚོ་བའི་ཁྲོད་ཅིས་ཀྱང་བསྒྲུབ་དགོས་པའི་བྱ་བཞག་ཆེས་གལ་ཆེན་ཞིག་ཏུ་ངོས་གཟུང་དགོས་པ་དེའོ།།

 

༢  ལད་ཟློས་རྩོམ་ཡིག་འབྲི་ཚུལ་ནས་འགོ་བརྩམ་དགོས།

ལད་ཟློས་རྩོམ་ཡིག་ནི་གཞན་གྱིས་བརྩམས་པའི་རྩོམ་ཡིག་ལ་འདྲ་བཅོས་སམ་དེའི་འབྲི་ཐབས་དང་།  བརྗོད་བྱ་རྗོད་བྱེད་ལ་ལད་ཟློས་བྱས་ཏེ་རང་གི་བློ་རྩལ་དང་བསམ་བློ་ལྷན་དུ་འཐབ་པའི་རྩོམ་ཡིག་འབྲི་ཐབས་གསར་བ་ཞིག་ལ་ཟེར།  རྩོམ་ཡིག་ལ་གསར་དུ་འཇུག་པར་སྤྲོ་བའི་ལས་དང་བོ་བ་ཞིག་ལ་མཚོན་ན།  ཐོག་མ་ནས་དཔེ་ལྟ་ས་གང་ཡང་མེད་པར་རང་སྐྱ་འཕེར་བའི་སྒོ་ནས་རྩོམ་ཡིག་ཅིག་གི་སྒྲོམ་གཞི་བློས་བསླངས་བྱ་རྒྱུ་ནི་ཧ་ཅང་ཁག་པས།   སྨྱུ་གུ་ལག་ཏུ་བཟུང་སྟེ་འགོ་གང་ནས་རྩོམ་དགོས་པ་མ་ཤེས་པར་ཅི་བྱེད་འདི་བྱེད་མེད་པའི་ཚེ་གཞན་གྱི་རྩོམ་ཡིག་གི་ཁ་ཕྱོགས་དང་བསམ་བློ།  རྗོད་ཚིག་སྤེལ་སྟངས་བཅས་ཀྱི་ཕྱོགས་ཀུན་ལ་ལད་ཟློས་བྱས་ཏེ།  རང་ཉིད་དངོས་སུ་ཕྱོགས་དེར་འཇུག་པ་ནི་རྩོམ་ཡིག་འབྲི་རྩལ་གྱི་རྨང་གཞི་ཆགས་པའི་གཞི་རྩའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་འདོད།  དེ་ཡང་ལད་ཟློས་རྩོམ་ཡིག་འབྲི་བ་ལ་ཐོག་མར་ལད་ཟློས་བྱེད་གཞི་མ་ནོར་བ་ཞིག་གདམ་རྒྱུ་གལ་ཆེ་ལ།  དེ་ནས་དེའི་རྩོམ་བྱང་དང་།  རྩོམ་ལུས་སོགས་ལ་འདྲ་ཆགས་པའི་སྒོ་ནས་ལད་ཟློས་བྱ་བར་མཁས་དགོས་ཏེ།  འཇིག་རྟེན་གཏམ་དཔེར། “བྱ་བ་ཐམས་ཅད་ལད་མོ་ཡིན།། ལད་མོ་བྱེད་ཤེས་མཁས་པ་ཡིན།།’’ཞེས་པ་ལྟར། ལད་མོ་བྱེད་ཤེས་ན་མཁས་པ་ཡིན་ཡང་། ལད་མོ་བྱེད་མ་ཤེས་ཚེ།  “མིའི་ལད་མོ་ཁྱིས་བྱས།  ཁྱིའི་སྤར་མོ་མེས་འཚིག་’’པ་ལྟ་བུའི་སྐྱོན་ཉེན་འོང་སྲིད་པས།  ལད་རྩོམ་འབྲི་བར་གནད་ཀ་འདི་ལ་ཅིས་ཀྱང་གཟབ་དགོས་སོ།།

འདིར་ལད་རྩོམ་བྲི་དགོས་པར་གླེང་བ་ན།  རྩོམ་ཡིག་ནི་སྤྱིར་ལད་ཟློས་རང་བཞིན་ཅན་ཞིག་ཏུ་རློམ་པའམ་ངོས་འཛིན་བྱེད་མི་རུང་སྟེ།    རང་གིས་རང་སྐྱ་འཕེར་བའི་སྒོ་ནས་རྩོམ་ཡིག་ཇི་ལྟར་འབྲི་དགོས་མི་ཤེས་པའི་སྐབས་གཞན་གྱི་རྩོམ་དཔེར་ལད་མོ་བྱས་ཏེ་རྩོམ་ཡིག་འབྲི་ཚུལ་སྦྱོང་དགོས་པའི་དོན་ཡིན་ལ།  དང་ཐོག་གཞན་གྱི་རྩོམ་དཔེར་བརྟེན་ནས་ནམ་ཞིག་རང་ཉིད་ལ་རྩོམ་འབྲིའི་ནུས་རྩལ་ལམ་འབྲི་སྦྱོང་གི་ནུས་པ་རང་རྐྱ་འཕེར་བ་ཞིག་ཆགས་ཚེ་ད་གཟོད་རང་གི་བློ་རྩལ་དང་བསམ་བློ་ཁོ་ནས་རང་ཉིད་མུ་མཐུད་དུ་ཡར་སྐྱེད་འབྱུང་བར་བརྩོན་དགོས་པ་ལས།  ནམ་རྒྱུན་གཞན་གྱི་བསམ་བློའི་སྒྲིག་བཀོད་དང་རྩོམ་རྩལ་རྐུ་བཤུ་ཁོ་ནས་དུས་འདའ་བར་བྱེད་པ་ནི་རྩོམ་ཡིག་འབྲི་བའི་སྨྱུག་འཛིན་པ་ཞིག་གི་བླང་བྱ་གཏན་ནས་མིན་པའང་ཤེས་དགོས་སོ།།

 

༣  ཚོར་བའི་ཉེ་ས་ནས་བརྗོད་བྱ་འཚོལ་དགོས།

རྩོམ་ཡིག་འབྲི་བ་ལ་རྗོད་བྱེད་ཚིག་གི་རྩོམ་ལུས་ལས་ཀྱང་ཐོག་མར་གཏན་འཁེལ་དགོས་པ་ཞིག་ནི་བརྗོད་བྱ་ཡིན།  ཁྱོད་ཀྱིས་བརྗོད་བྱ་ངེས་གཏན་གང་ཡང་མེད་པར་ཅི་ཡིན་འདི་མིན་གྱི་རྩོམ་ཡིག་ཅིག་བྲིས་ཚེ།  ཁྱོད་ཀྱི་རྩོམ་ཡིག་དེ་བཟི་བོའི་ལབ་བརྡོལ་ལྟ་བུ་ཞིག་ལས་གསོན་ཉམས་མངོན་པའི་རྣམ་པ་ཞིག་དངོས་ཤུགས་གང་ནས་ཀྱང་མཐོང་བར་དཀའ།

རྩོམ་ཡིག་གི་བརྗོད་བྱ་ནི་སྨྱུ་གུ་ཤོག་ངོར་བཙུགས་པ་དང་ལྷན་དུ་སྨྱུག་ཆུ་ལྟར་བཞུར་འོང་བ་ཞིག་མིན་པས།  ཐོག་མར་རང་གི་བསམ་གཞིག་དང་ཚོར་བའི་ཉེ་ས་ནས་བརྗོད་བྱ་གང་ཞིག་གཏན་འཁེལ་བྱ་དགོས།   དེ་ཡང་དཔེར་ན།  རང་ལ་གཅེས་སྐྱོང་གནང་བའི་ཕ་མ་དང་དགེ་རྒན་ལ་བསྟོད་རྩོམ་འབྲི་བའམ།  ཡང་ན།  ཕ་མ་དང་ཁ་བྲལ་པའི་སྐབས་ཀྱི་སྡུག་ཡུས་དང་དྲན་གདུང་།  ད་དུང་།  ནམ་རྒྱུན་སློབ་གྲྭའི་ནང་དུ་དགེ་རྒན་གྱིས་བསླབ་བྱ་གནང་བ་དང་།  བཀའ་བཀྱོན་གནང་བ།  བསྟོད་བསྔགས་གནང་བ་སོ་སོའི་སྐབས་ཀྱི་དགའ་སྐྱོའི་ཚོར་བ་སོགས་ནས་འགོ་བརྩམས་ན་ཁྱོད་ཀྱིས་རྩོམ་ཡིག་དེ་མགོ་མཇུག་བར་གསུམ་དུ་གསོན་ཉམས་ལྡན་པ་ཞིག་འཁྱོངས་པའི་རེ་བ་ཡོད་ལ།  དེ་ལྟར་རིམ་གྱིས་རིམ་གྱིས་འཕགས་ཏེ་བསམ་གཞིགས་ཀྱི་ཁྱབ་རྒྱ་ཇེ་ཆེ་དང་།  ཚོར་བ་ཡི་གཏིང་མཐའ་ཇེ་ཟབ་ཏུ་འགྲོ་བའི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་ཚེ།    ད་གཟོད་རྩོམ་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་ཀྱང་སྔར་གྱི་དྲན་གདུང་དང་བསྟོད་རྩོམ་གྱི་རྣམ་པ་ལས་བརྒལ་ཏེ།  མདུན་མཆོང་དང་ཐོད་བརྒལ་བྱ་བར་འབད་བརྩོན་བྱེད་ཐུབ་ངེས་ཡིན།

 

༤  རྒྱུན་དུ་བྱ་དངོས་ལ་ལྟ་ཞིབ་བྱེད་པར་ཡིད་འཇོག་བྱ་དགོས།

ལྟ་ཞིབ་ཅེས་པ་ནི་འཇིག་རྟེན་གྱི་བྱ་དངོས་གང་ལ་འཕྲད་སྐབས་དེའི་བྱ་བྱེད་རྣམ་འགྱུར་དང་།  ཁྱད་ཆོས་འགུལ་སྐྱོད་སོགས་ལ་ཞིབ་ཅིང་ཕྲ་བར་ལྟ་བ་ལ་ཟེར།  དཔེར་ན།  ཁྱོད་ཀྱིས་སིལ་སྡོང་ཞིག་མཐོང་བ་ན་སིལ་སྡོང་དེ་ཅི་ཞིག་གི་སིལ་སྡོང་ཡིན་པ་ཉིད་ལ་ཡིད་འཇོག་བྱས་པ་ཙམ་མ་ཡིན་པར།   དེའི་ཡལ་གའི་དབྱིབས་དང་།  ལོ་མའི་ཁ་དོག  འབྲས་བུའི་སྐྱེ་སྟོབས།  འབྲས་བུ་དེའི་ཡང་དབྱིབས་དང་ཁ་དོག  བྲོ་བའི་མངར་སྐྱུར།  མཐར་ཁྱོད་ཀྱིས་ཤིང་འབྲས་དེའི་བྲོ་བ་ཇི་ལྟར་མྱངས་པའི་ཚུལ་ལ་སོགས་པ་ཞིབ་མོར་འབྲི་བ་ལ་ཟེར་བ་ཡིན།  འདི་ལྟར་བྱ་དངོས་ཞིབ་འབྲི་བྱེད་པ་ལ་ཅིས་ཀྱང་ཁྱོད་རང་ལན་གཅིག་གཉིས་ཙམ་མ་ཡིན་པར་རྒྱུན་དུ་བྱ་དངོས་གང་ལ་འཕྲད་ཀྱང་།  རོལ་མྱོང་ཅི་ཞིག་བྱེད་ཀྱང་སྐབས་ཀུན་ཏུ་བྱ་དངོས་དེ་དང་དེའི་ངོས་དང་ཟུར་ཡོངས་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་འཇགས་པར་བྱས་ཚེ་ཁྱོད་ཀྱི་རྩོམ་འབྲིའི་བརྗོད་བྱ་ལའང་གསོན་ཤུགས་ཁྱད་པར་བ་རེ་འཐོན་པར་འགྱུར་ལ། བརྗོད་བྱ་གང་ཞིག་འབྲི་བར་བརྩམས་ཚེ་སྐབས་ལན་རེར་ཅི་ལྟར་བྲི་དགོས་མི་ཤེས་པའམ་བྲི་རྒྱུ་མེད་པའི་སྣང་བ་དེའང་འབྱུང་མི་སྲིད།  རྒྱུ་མཚན་དེའི་ཕྱིར།  རྩོམ་ཡིག་འབྲི་སྦྱོང་གི་གོ་རིམ་ཁྲོད་བྱ་དངོས་གང་ལའང་ལྟ་ཞིབ་ཀྱི་ནུས་པ་གདོན་རྒྱུ་ནི་རྩོམ་ཡིག་ཅིག་ལེགས་པར་འཁྱོངས་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་འདོད་དོ།།

 

 ༥  དཔེ་དེབ་ལྟ་ཀློག་བྱེད་པའི་གོམས་གཤིས་བསྟེན་དགོས།

རྩོམ་ཡིག་འབྲི་རྩལ་མཐོ་རུ་འདེགས་པའམ་རྩོམ་ཡིག་འབྲི་སྦྱོང་ཁྲོད་ཀྱི་བསམ་བློའི་གོ་རྟོགས་དང་།  རྗོད་བྱེད་ཀྱི་བརྡ་དང་ཐ་སྙད་སོགས་ཀྱིས་སྟོང་བའི་དཀའ་ངལ་གསབ་པའི་ཆེད་དུ་ཅིས་ཀྱང་དཔེ་དེབ་ལྟ་ཀློག་བྱེད་པའི་གོམས་གཤིས་བསྟེན་དགོས་པར་འདོད།  ཁྱོད་ཀྱིས་ཅི་ཙམ་གྱིས་དཔེ་དེབ་སྣ་མང་ལྟ་ཀློག་བྱས་པ་དེ་ཙམ་གྱིས་ཁྱོད་ཀྱི་བསམ་བློའི་འབྱོར་བ་ཇེ་ཕྱུག་ཏུ་འགྲོ་ལ།  སེམས་ལ་ཤར་ཚད་ལག་ནས་འབྲི་བར་རྗོད་བྱེད་ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་ཡང་ཇེ་ཆུང་ནས་གཏན་མེད་དུ་འགྱུར་ངེས་ཡིན།

སློབ་ཕྲུག་ཅིག་ལ་མཚོན་ན། ཉིན་རེའི་དགེ་རྒན་གྱི་སློབ་ཁྲིད་ཁོ་ནས་སློབ་སྦྱོང་ལ་ཆོག་ཤེས་བྱ་བ་ནི་གཏན་ནས་མི་འོས་ལ།  སློབ་ཁྲིད་སྐབས་མ་ཡིན་པའི་བར་གསེང་གང་ཡོད་དང་།  སློབ་ཁྲིད་མེད་པའི་གུང་གསེང་སྐབས་གང་ཡོད་ལ་གཞན་གྱི་དཔེ་དེབ་འདྲ་མིན་ལྟ་ཀློག་བྱས་ཏེ།  དེའི་ནང་གི་བརྗོད་དོན་མི་ཤེས་པ་དག་ཟུར་དུ་ཟིན་བྲིས་སུ་ཕབ་སྟེ།  འབྲེལ་ཡོད་དགེ་རྒན་ཚོ་དང་། ཡང་ན་སློབ་གྲོགས་གཞན་ཚོར་དོགས་འདྲི་བྱ་རྒྱུ་ནི་ཅིས་ཀྱང་ཕྱི་བཤོལ་བྱེད་མི་རུང་བ་ཞིག་ཡིན།  ཡང་ཁྱོད་ཀྱིས་དཔེ་དེབ་གང་ཞིག་བཀླགས་ནའང་མགོ་ནས་མཇུག་བར་བམ་ཀློག་ཐེངས་ཤིག་བྱས་པ་ཙམ་གྱིས་མི་འགྲིག་ལ།   གོང་དུ་བརྗོད་པ་ལྟར་དཔེ་དེབ་གང་ཞིག་བཀླགས་པའི་བཀླགས་བྱང་ཉིན་ཐོར་འགོད་པའམ།  ཡང་ན།   དཔེ་དེབ་དེའི་ནང་གི་གལ་ཆེའི་གནད་ཚིག་དང་།  མིང་དང་ཐ་སྙད་གསར་བ་གང་འཕྲད་དག་ཟིན་ཐོར་དགོད་རྒྱུ་སོགས་ནི་དཔེ་དེབ་ལྟ་ཀློག་བྱེད་པའི་གོ་རིམ་ཁྲོད་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་ནོ།།

 

 ༦  རང་གི་རྩོམ་ཡིག་ལ་ཡང་ཡང་དག་བཅོས་བྱ་དགོས།

རྩོམ་ཡིག་གི་ལམ་ལ་གསར་དུ་ཞུགས་པའི་ལས་དང་བོ་བ་ཞིག་ཡིན་ཚེ་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེ་ཡང་ཀློག་བསྐྱར་ཀློག་བྱས་ཏེ།   དག་བཅོས་ཡང་ཡང་བྱེད་དགོས་ལ།   ཐོག་མཐའ་བར་གསུམ་དུ་རང་རློམ་གྱི་འདུ་ཤེས་དང་ངོ་ཚ་ཡི་གདོང་རས་དོར་ཏེ། གཞན་ལ་ཅིས་ཀྱང་ཀློག་འདོན་དང་དག་བཅོས་བྱེད་དུ་འཇུག་དགོས།   འདིར་རང་རློམ་གྱི་འདུ་ཤེས་ཞེས་པ་ནི་རང་གིས་བྲིས་པ་རང་གིས་གཙིགས་སུ་བཟུང་སྟེ་གཞན་ལ་ནོར་བཅོས་བྱེད་དུ་མི་འཇུག་པའམ།  ཡང་ན་གཞན་གྱིས་ནོར་བཅོས་བྱས་པ་ཁས་ལེན་མི་བྱེད་པ་ལ་ཟེར་ཞིང་།  ངོ་ཚ་ཡི་གདོང་རས་ཞེས་པ་ཡང་གཙོ་བོ་རང་གིས་བྲིས་པ་གཞན་ལ་སྟོན་པར་ངོ་ཚ་སྟེ་ཡོད་ཚད་གབ་ཅིང་སྦ་བར་བྱེད་པ་ལ་ཟེར་བ་ཡིན།  དེ་བས་རྩོམ་ཡིག་གསར་སློབ་པ་ཞིག་ཡིན་ཕྱིན།  ཚུལ་འདི་དག་ལ་ཅིས་ཀྱང་འཛེམ་ཟོན་མེད་པར་སྤང་བླང་བྱ་དགོས་པ་ནི་རང་ཉིད་རྩོམ་ཡིག་འབྲི་རྩལ་གྱི་ནུས་པར་བྱང་ཆུབ་པའི་མཐུན་རྐྱེན་བཟང་བོ་ཞིག་ཡིན་ནོ།།

 

༢༠༡༠ ལོའི་ཟླ ༩ ཚེས་ ༡ ཉིན་རང་ཤག་ཏུ་བྲིས།
༢༠༡༥ ལོའི་ཟླ་ ༡ ཚེས་ ༣༠ ཉིན་སྣོན་པ་ཕྲན་བུ་བཏབ།