སྤྱིར་མི་ཞིག་གི་མི་ཚེ་བརྒྱུད་རིམ་ཧྲིལ་བོ་ནི་སློབ་གསོ་ཡིས་གྲུབ་པར་འདོད་ལ་སློབ་གསོའི་ལེགས་ཉེས་ཀྱིས་མི་ཚེའི་ཁ་ཕྱོགས་བཟང་ངན་ཐག་གཅོད་པར་བྱེད་ལ་ཕྱི་ཚིས་ཀྱི་ལམ་ལྷོང་འབྱུང་མིན་ལ་གསལ་ཐག་གཅོད་པར་འདོད། སློབ་གསོ་ལའང་ཕྱོགས་མང་བོ་ཞིག་ནས་གོ་བ་ལེན་དགོས་མོད་འདིར་གླེང་བར་བྱ་བ་ནི་སློབ་གྲྭའི་སློབ་གསོ་ཡིན། དེར་ཡང་སློབ་གྲྭ་ཞིག་ལ་མཚོན་ན་སློབ་མ་ནི་ཡོད་ཚད་ཡིན་ལ་སློབ་གྲྭའི་བྱ་བ་ཡོངས་སློབ་མ་དཀྱིལ་སྙིང་དུ་བཟུང་སྟེ་རྒྱུན་སྤེལ་བ་ཡིན། དེ་ཡང་ཡིན་ཏེ་སློབ་གྲྭ་ཞེས་པའི་མིང་འདི་ལས་ཀྱང་གསལ་བོར་རྟོགས་ནུས། དེ་ལ་སློབ་གྲྭའི་སྒྲིག་གཞི་དང་སློབ་སྒྲུབ་སྤེལ་སྟངས། དོ་དམ་སྒྲིག་འཛུགས། དགེ་རྒན་གྱི་དཔུང་སྡེ། འཚོ་བའི་གནས་སྟངས། སློབ་སྦྱོང་གི་ཁོར་ཡུག་སོགས་རིགས་མང་བོ་ཞིག་ཡོད་ལ་དེ་དག་ཐམས་ཅད་ཀྱིས་སྒོ་དུ་མ་ནས་སློབ་མར་རོགས་འདེགས་དང་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐའ་གཅིག་ཏུ་འབད་བཞིན་ཡོད་པས། སློབ་མ་སྐྱོང་བ་ནི་མཐར་གཏུགས་ན་ཆེས་གལ་ཆེ་བ་དང་ཆེས་རླབས་ཆེན་གྱི་བྱ་གཞག་ཅིག་རེད། སྤྱིར་བཏང་སློབ་མ་སྐྱོང་ཐབས་ཞེས་ནའང་ནང་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་ལ་འདིར་བརྗོད་པར་བྱ་བའི་གཞི་ནི་དེ་འདྲའི་ཞིབ་བར་མི་གོ་བར་སློབ་གྲྭའི་དགེ་རྒན་གྱིས་སློབ་མ་སྐྱོང་ཐབས་སྐོར་ཡིན་ལ། དེ་ལས་ཀྱང་སློབ་ཆུང་སློབ་མ་ཇི་ལྟར་སྐྱོང་བའི་སྐོར་ལ་རང་གིས་ལྟ་བ་དང་ཉམས་མྱོང་ཙམ་འགོད་པར་བསམ་པ་ཡིན། སློབ་མ་སྐྱོང་ཐབས་ནི་དགེ་རྒན་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན་ལ་དེ་ལས་ཀྱང་སློབ་ཆུང་སློབ་མ་སྐྱོང་བ་ནི་ཤིན་ཏུ་ནས་ཚེགས་ཆེ་བའི་ལས་ཤིག་རེད། ལྷག་དོན་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཁྲོད་བདེ་ཐང་ངང་འཚར་ལོངས་འབྱུང་བའི་མཚམས་ཚིགས་ཁྱད་པར་ཅན་ཞིག་ཡིན་པས། དགེ་རྒན་ནས་གནད་ཆེན་དུ་བཟུང་སྟེ་ལས་འདི་ལ་རབ་ཏུ་འབད་རྒྱུ་གལ་ཆེའོ།

བྱིས་པ་ནི་བསླད་ཀྱིས་མ་ཟིན་པའི་ཆེས་དྭངས་གཙང་གི་སེམས་ཁམས་དང་ལྡན་ལ་སྤང་བླང་གི་ལེགས་ཉེས་འབྱེད་མི་ཤེས་པའི་ནར་མ་སོན་པའི་བསམ་མེད་ཁྱུ་ཞིག་ཡིན་པས། དགེ་རྒན་གྱིས་སེམས་ཁམས་དེ་དང་བསྟུན་ནས་དེར་འཚམ་པའི་བྱེད་ཐབས་ཤིག་དང་སློབ་གསོ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོར་མཐོང་། ལྷག་པར་དུ་ད་ལྟའི་སློབ་ཆུང་མང་ཆེ་བར་ཁུ་བསྡུ་ཟླ་སྒྲིལ་གྱི་ཐབས་ལམ་ལག་བསྟར་བྱས་ཟིན་ན། དགེ་རྒན་གྱི་བྱ་བའང་དགེ་རྒན་ལས་རིང་དུ་འགོངས་ཏེ་ཕ་མ་ལྟ་བུའི་བརྟུལ་ཞུགས་འཛིན་པའི་ཚད་དུ་སླེབས་ཡོད་པ་རེད། དེའི་ཕྱིར་དགེ་རྒན་དེར་རྣམ་དག་གི་ལྷག་བསམ་ལས་གཞན་ད་དུང་ལྷད་མེད་ཀྱི་བྱམས་སེམས་ཤིག་ཅིས་ཀྱང་ལྡན་དགོས་པ་རེད། དེ་བས་དགེ་རྒན་གྱི་སློབ་གསོ་དང་མཛུབ་སྟོན། རམ་འདེགས། རྒྱབ་སྐྱོར་བཅས་ནི་སློབ་མ་ཞིག་ལ་མཚོན་ན་ཇི་འདྲའི་དགོས་གལ་དང་ལྡན་ལ། བྱམས་བརྩེ་དང་ཐུགས་ཁུར།སེམས་ཁམས་རྒྱུས་ལོན་སོགས་བྱེད་རྒྱུ་ནི་དེ་ལས་ཀྱང་ཆེས་གནད་ཆེན་པོའི་དོན་ཞིག་ཡིན། དགེ་རྒན་གྱིས་སློབ་མ་ཇི་ལྟར་སྐྱོང་བའི་ཕྱོགས་ལ་དུས་རྒྱུན་དུ་བསམ་གཞིག་གཏང་དགོས་ལ་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་རྩ་དོན་དུ་བཟུང་སྟེ་སློབ་གསོ་གཏོང་དགོས་པས།འདིར་དེའི་ཕྱོགས་ནས་གནད་འགག་གཙོ་བོ་བཞི་རུ་འདོད་ལ་རགས་པ་ཆེ་ལོང་ཙམ་འགོད་པ་ལ།

 

གཅིག སློབ་མའི་སེམས་ཁམས་རྒྱུས་ལོན་དགོས་པ།

ཆེ་ས་ནས་བཤད་ན་སློབ་མ་སུ་ཞིག་ཡིན་རུང་དེར་རང་གི་ལྷན་སྐྱེས་ཀྱི་རྩལ་ནུས་ཁྱད་པར་ཅན་རེ་ཡོད་ངེས་མོད། ཡིན་ཡང་རྩལ་ནུས་དེ་གབ་པའི་ཚུལ་དུ་མི་མངོན་པར་གནས་པས་ན། དེ་སྔོག་འདོན་བྱེད་པར་སློབ་གསོ་དང་ཁྱད་པར་དུ་དགེ་རྒན་ལ་བརྟེན་དགོས་པས། དགེ་རྒན་ནས་ངེས་པར་དུ་སློབ་མའི་སེམས་ཁམས་དེར་དབྱེ་ཞིབ་བཟང་བོས་ཁོའི་དགའ་ཕྱོགས་དང་ཁྱད་ཆོས། གབ་རྩལ་བཅས་ལ་རྒྱུས་ལོན་ཡང་དག་ཅིག་བྱས་ཏེ་དེར་བསྟུན་གྱིས་བྱེད་ཐབས་བཀོལ་དགོས་པ་མ་ཟད་ཁྱད་ཆོས་དེའི་འཕེལ་རྒྱས་ལ་ནམ་ཡང་བསམ་གཞིགས་དང་རེ་བ་ནན་མོ་འདོན་དགོས། ཆུང་ས་ནས་བཤད་ན་སློབ་མ་སུ་ཞིག་ཡིན་རུང་དེར་སློབ་སྦྱོང་གི་གོ་རིམ་ཁྲོད་དཀའ་ངལ་སྣ་ཚོགས་ཅིག་དང་འཕྲད་ངེས་པས། གལ་ཏེ་དགེ་རྒན་ནས་དུས་རྒྱུན་དུ་སློབ་མའི་ཁྲོད་ཟབ་ཞུགས་མ་བྱས་ན་དེ་དག་ཤེས་དཀའ་ལ། ཁྱད་པར་དུ་སློབ་མའི་སེམས་ཁམས་དེ་ནམ་ཡང་རྟོགས་མི་ཐུབ། ཡང་གཅིག་བཤད་ན། “བྱིས་པ་ཁམས་དང་བསྟུན་ཤེས་ཀྱིས་གསོ”ཞེས་པ་ལྟར། བྱིས་པ་ནི་འཇིག་རྟེན་འདིར་ཆ་མེད་རྒྱུས་མེད་དང་རྨོངས་ཆེ་ཕྱིར་དེར་བསླབ་དེབ་ལས་གཞན་པའི་ཤེས་འདོད་ཀྱི་གནད་དོན་ཤིན་ཏུ་མང་བས་། དགེ་རྒན་ནས་དེ་དག་རེ་རེར་དཔྱད་ཞིབ་དང་རྒྱུས་མངའ་བར་བྱ་དགོས་ལ། དེར་ཡང་ཐོག་མར་སློབ་མའི་སེམས་ཁམས་རྒྱུས་ལེན་པ་ནས་འགོ་བརྩམས་དགོས། དེའི་ཕྱིར་སློབ་མའི་སེམས་ཁམས་རྒྱུས་ལོན་པ་ནི་རང་གི་ལས་ཀ་བདེ་ལེགས་ཡོང་བ་དང་སློབ་མའི་བྱ་བར་ཧ་ཅང་ཕན་པའི་སྨན་མཆོག་ལྟ་བུ་ཡིན་པས། དགེ་རྒན་ཞིག་ལ་མཚོན་ན་ལས་འདི་ལ་ངེས་པར་དོ་སྣང་ཆེན་པོ་དང་གཟབ་ནན་བྱ་དགོས།

གཉིས་པ། སྤྲོ་སྣང་བསྐྱེད་པ།

“ཇི་ལྟར་རླུང་ནི་འགྲོ་བ་དང་།། འོང་བས་ཤིང་བལ་དབང་བསྒྱུར་བ།། དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ།། དེ་ལྟ་ན་ནི་འགྲུབ་པར་འགྱུར།།”ཞེས་དང་། “ཤེས་བྱ་གང་བསླབས་ཀྱང་། ཐོག་མར་བྱིས་པའི་སྤྲོ་སྣང་བསྐྱེད།།” ཞེས་གསུངས་པ་བཞིན”སློབ་སྦྱོང་གི་སྤྲོ་སྣང་ཤར་ཚེ་ཤེས་བྱ་ལྡབ་འགྱུར་གྱིས་འཕེལ་བས།”སློབ་མའི་སྤྲོ་སྣང་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་སྦྱོང་གི་གོ་རིམ་ཁྲོད་མེད་དུ་མི་རུང་བ་ཞིག་དང་། དགེ་རྒན་ནས་བྱིས་པའི་དགའ་ཕྱོགས་ལྟར་སློབ་ཁྲིད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། འདིར་བསླབ་ཚན་རེ་རེར་སྤྲོ་སྣང་འགུགས་པའི་ཐབས་མི་འདྲ་བ་དུ་མ་ཡོད་ནའང་སྤྱིའི་ཆ་ནས་དཔེར་ན་རྩེད་མོའི་ཞོར་དུ་སློབ་གསོ་གཏོང་བ་དང་རྩེད་མོའི་ཞོར་ལ་རྩལ་ནུས་བསྔོགས་པ། གཏམ་རྒྱུད་དང་སྦྱར་ཏེ་ནང་དོན་བཤད་པ་སོགས་ཇི་ལྟར་སློབ་མའི་དང་བ་འདྲེན་ཐུབ་ན་དེ་ལྟར་དོན་དེ་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད་པས། “བྱིས་པ་ཚོའི་དགའ་ཁ་འདྲེན་པ་ནི་སློབ་གསོའི་ཐབས་ལམ་ཀུན་ལས་མཆོག་ཏུ་གྱུར་བ་ཡིན་ཞེས་བཤད་པ་རེད།” དེ་བས་རྡོག་ཁྲེས་ལྕི་མོའི་སློབ་སྦྱོང་གི་རྣམ་འགྱུར་དེ་ངལ་གསོས་པ་ལྟ་བུའི་རྣམ་པར་བསྒྱུར་དགོས་ལ། མི་འཇུག་བཙན་གྱིས་གཅུན་པའི་འུ་ཐུག་གི་ཚུལ་དེ་ཉིད་རང་མོས་ཀྱིས་སླ་མོ་བདེ་བར་གོམས་པ་ཞིག་ཏུ་གཏང་དགོས་འདུག

གསུམ་པ། བྱེད་ཐབས་འཚོལ་བ།

“བྱིས་པའི་སློབ་གསོ་ཡང་དག་ཐབས་ལ་རག”ཅེས་གསུངས་པ་བཞིན། དགེ་རྒན་གྱི་བྱེད་ཐབས་ནི་དགེ་རྒན་གྱི་ནུས་པ་དང་ཡོན་ཏན་ཡིན་ལ། བྱེད་ཐབས་ཁྱད་པར་གྱིས་ད་གཟོད་སློབ་མའི་ཁྱད་པར་འབྱུང་བ་ཡིན་པས་དགེ་རྒན་གྱི་བཟང་ངན་ཡང་མཐར་གཏུགས་ན་བྱེད་ཐབས་ལ་རག་ལས། འདིར་བྱེད་ཐབས་ཟེར་བ་གསལ་བོར་བཤད་ན་ཁྲིད་ཐབས་ཡིན། ང་ཚོར་མི་འདང་སའི་གནད་དོན་གཙོ་བོ་ཡང་ངས་ནམ་ཡང་འདི་རེད་འདོད་ཀྱིན་ཡོད། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། དཔེར་ན”པོ་ཏོ་བས་ཨ་ཡེ་རྒན་མོར་ཡིད་འོང་གི་བྱམས་པ་ཁྲིད་པ་ལྟ་བུ་ཡིན།” དགེ་རྒན་དེར་ཁྲིད་ཐབས་ཁྱད་པར་ཅན་ཡོད་ན་སློབ་མས་གོང་གི་དཔེ་བཞིན་བདེ་བླག་ངང་ཁྲིད་གཞིའི་དོན་དེ་རྟོགས་འགྲོ་བ་རེད། ཡིན་ནའང་དགེ་རྒན་མང་ཆེ་ཤོས་ཤིག་གིས་ཁྲིད་གཞིའི་དོན་དེ་རང་ཉིད་ཀྱིས་ཇི་ལྟར་ཁྲིད་དགོས་པའི་ཕྱོགས་ལ་བསམ་བློ་གཏོང་བ་ལས། ཇི་ལྟར་ཁྲིད་ན་ད་གཟོད་སློབ་མས་བདེ་བླག་ངང་རྟོགས་ཐུབ་ལ་བཀོལ་ཤེས་པའི་ཕྱོགས་ལ་བསམ་བློ་གཏོང་གིན་མེད་སྙམ། ལྷག་པར་དུ་སློབ་མ་རང་ངོས་ནས་ནང་དོན་གོ་བར་བྱེད་པ་དང་སློབ་ཁྲིད་ཁྲོད་ལག་ལེན་ལས་དོན་རྟོགས་པ་དང་བཀོལ་བའིི་ཕྱོགས་ལ་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་བས། སློབ་ཁྲིད་ཁྲོད་གནས་པའི་གནད་དོན་གང་མང་ཞིག་འདི་ལྟར་ཤེས་མེད་ཚོར་མེད་ངང་སློབ་མའི་མགོར་ལྷུང་སོང་བར་འདོད། སྤྱིར་ནས་སློབ་གྲྭ་ཞིག་ལ་མཚོན་ན་དེའི་དཀྱིལ་སྙིང་ནི་སློབ་མ་སྐྱོང་རྒྱུ་དེ་ཡིན་ལ། ཇི་ལྟར་སྐྱོང་བར་དགེ་རྒན་ལ་རག་ལས་པ་དང་དེའང་མཐར་གཏུགས་ན་སློབ་ཁྲིད་དང་འབྲེལ་ཡོད། དེ་ཡང་མཇུག་མཐར་དགེ་རྒན་དེའི་ཁྲིད་ཐབས་དང་འབྲེལ་བ་དམ་པོ་ཡོད་པས། ཇི་ལྟར་ཁྲིད་པའི་ཐབས་ལ་ང་ཚོས་ཡང་ཡང་དཔྱད་དགོས་པར་འདོད།

བཞི། ཁྱིམ་ཚང་སློབ་གསོ་གཙིགས་ཆེན་བྱེད་པ།

“ཕ་ཡི་གཟུགས་བརྙན་བུ་ཡི་སྟེང”ཞེས་གསུངས་པ་ལྟར་ཕ་མ་ནི་ནམ་ཡང་བྱིས་པའིི་འཚར་ལོངས་ཀྱི་བརྒྱུད་རིམ་དུ་སློབ་གསོའི་གོ་གནས་གལ་ཆེན་དང་ཡར་སྐྱེད་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཟིན་པའི་དགེ་རྒན་ཡིན་ལ། བྱིས་པར་ཆེས་རྒྱུས་མངའ་བ་དང་ཆེས་གཅེས་པའི་དགེ་རྒན་ཨང་དང་བོ་དེ་ཡང་ཡིན། ཕ་མས་ཐེབས་པའི་སློབ་གསོའི་ཤུགས་རྐྱེན་ནི་ཐད་ཀར་བྱིས་པའི་གཤིས་སུ་གྲུབ་འགྲོ་བ་རེད། ཕ་མས་རྒྱུན་དུ་རང་གི་བྱིས་པའི་སེམས་ཁམས་དང་སློབ་སྦྱོང་། འཚོ་བ་བཅས་ལ་རྒྱུན་དུ་དགེ་རྒན་དང་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱེད་དགོས། དེ་ལྟར་མ་བྱས་ན”བྱིས་པ་ལ་ལ་ཞིག་ཁྱིམ་ཚང་ན་ཡོད་དུས་སློབ་གྲྭའི་རེ་བ་མེད་པ་དང་སློབ་གྲྭ་ན་ཡོད་དུས་ཁྱིམ་བདག་གི་འདྲི་རྟོག་མེད་པས་བར་མ་བར་དུ་ལང་ཤོར་ཞིག་ཏུ་གྱུར་འགྲོ་བ་རེད།” འདི་ལ་ཡ་ཧུ་དཱ་པ་དག་གིས”བུ་ཕྲུག་རྣམས་ཆུང་དུས་ནས་ཕུགས་འདུན་གསལ་ལ། མི་གཞི་ལེགས་པའི་མི་ཞིག་ཏུ་བསྐྱེད་ཅིང་བསྲིང་བར་བྱ་རྒྱུ་ནི་སྐྱབས་གནས་གང་གི་བཀའ་འགོངས་ཡིན་པར་སེམས།” ཡིན་ནའང་ཁྱིམ་བདག་མང་ཤོས་ཤིག་གིས”སློབ་སྦྱོང་ནི་བྱིས་པ་རང་ལ་རག་ལས་པ་དང་། སློབ་གསོ་ནི་སློབ་གྲྭ་དང་དགེ་རྒན་གྱིས་འཇོན་མིན་ལ་ཐུག་འདུག་པར་སྙམ་གྱི་ཡོད་པ་རེད།” དེ་བས་ང་ཚོས་ཁྱིམ་བདག་ཚོགས་འདུ་དང་གསོ་སྦྱོང་འཛིན་གྲྭ་སོགས་མང་བོ་བསྡུས་ཏེ། “ཁྱིམ་ཚང་ནི་བྱིས་པར་སྟོབས་ཤུགས་སྩོལ་བའི་སྣུམ་སྣོན་ས་ཚིགས་ལྟ་བུ་དང་། སྲ་ཞིང་བརྟན་པའི་རྡོ་རྗེའི་རྒྱབ་རི”ཡིན་པ་བཅས་བྱིས་པར་མཚོན་ན་ཁྱིམ་བདག་གི་སློབ་གསོ་ནི་མེད་དུ་མི་རུང་བ་དང་མཁོ་གལ་ཆེ་ཚུལ་སོགས་བཤད་དགོས་པ་དང་ཁྲོམ་བསྒྲགས་བྱེད་དགོས།
གོང་གི་གནད་དོན་བཞི་བོ་འདི་ནི་སློབ་མར་མཚོན་ན་ཕན་ཐོགས་ཧ་ཅང་ཆེ་ལ། ང་ཚོར་མཚོན་ན་མི་འདང་སའི་གནད་གཙོ་བོ་ཞིག་ཡིན་པས་རྗེས་ཕྱོགས་འདིའི་ཕྱོགས་ལ་ལེགས་བཅོས་དང་འབད་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་དུ་འདོད།

 

དཔྱད་གཞིའི་ཡིག་ཆ།
《སློབ་གསོའི་ཐབས་ལམ་རྣམ་བཤད》
《སློབ་གསོའི་ལག་ལེན་རྣམ་བཤད》
《དོན་སྙིང་དང་བདེན་ལུགས།ལག་ལེན།》 (意义、真理与行动)
《ནུབ་ཕྱོགས་ཤེར་རྟོག་རིག་པའི་འཆད་ཁྲིད》 (西方哲学经典演讲录)
《སྐྱ་བོའི་སློབ་གསོ》
《ལམ་རིམ་ཆེན་མོ》
《སྤྲོ་སྣང་སློབ་གསོའི་མན་ངག》