ཨ།  བསླབས་པའི་ཡན་ལག 

དུས་ནི་རབ་བྱུང་དང་པོའི་མགོ་དང་། ཡུལ་ནི་ཆོས་འཁོར་གྲོམ་པ་རྒྱང་ནས། སྐྱེ་བོ་ནི་རྒྱ་ཤཱཀྱ་གཞོན་ནུ་དང་སེ་ཡེ་ཤེས་བརྩོན་འགྲུས་གཉིས། བྱ་བ་ནི་རབ་བྱུང་སྒྲུབ་པ་ཀུན་ལས་སྡུག་བསྲན་ཆེ་བའི་མཁན་བུ་གཉིས་ལ་གསེར་གྱི་མཐུན་རྐྱེན་སྦྱར་ནས་རྒྱ་གར་འཕགས་ཡུལ་དུ་སློབ་གཉེར་ལ་མངགས། 

སློབ་གཉེར་བ་དེ་གཉིས་རྒྱ་གར་དུ་འབྱོར་རྗེས་གཅིག་ནི་རྡོ་རྗེ་གདན་དུ་སྐོར་བ་བྱེད་ཅིང་སློབ་གཉེར་མ་བྱས་ལ། གཞན་པོས་ནི་བལ་ཡུལ་ནས་འབའ་རོ་ཧཾ་ཐུང་དང་། རྒྱ་གར་གྱི་སློབ་དཔོན་རད་ན་ཨ་ཀ་ར་ཤཱནྟི་པ་དང་། དགེ་སློང་དཔའ་བོ་རྡོ་རྗེ་སོགས་རིམ་བཞིན་བསྟེན་ཏེ། བླ་མ་སེ་ཡི་རེ་བ་ལྟར་འདུལ་བ་དང་ཤེར་ཕྱིན། ཧེ་བཛྲ་རྒྱུད་གསུམ་ཡན་ལག་དང་བཅས་པའི་གསང་སྔགས་མང་པོ་ལ་ཐོས་བསམ་མི་དམན་པ་བྱས་པའི་མཐར་ལོཙྪ་བ་ཆེན་པོར་གྱུར། དེ་ནི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་(993-1074)ཡིན་པ་དང་། ཁོང་གི་ཟླ་བོའི་མཚན་ལ་སྟག་ལོ་གཞོན་ནུ་བརྩོན་འགྲུས་ཞེས་ཞུ།    

 

             ཨི། བཏབ་པའི་ཡན་ལག

འབྲོག་མི་ལོ་ཙཱ་བ་རྒྱ་བལ་དུ་མི་ལོ་བཅུ་གཉིས་ཙམ་ལ་སློབ་གཉེར་གནང་ནས་ཕྱིར་བོད་དུ་ལོག་རྗེས་རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པ་སོགས་སྔགས་ཀྱི་བསྟན་པ་ཉིད་གཙོ་བོར་སྤེལ་ཞིང་ཆོས་མང་དུ་གསུངས་ནས་མྱུ་གུ་ལུང་དང་ལྷ་རྩེའི་བྲག་ལ་བཞུགས། དེ་ལས་དང་པོ་ནི་ཁོང་གི་འཁྲུངས་ཡུལ་དང་ཉེ་སར་མཆིས་ཤིང་། སྤྱི་ལོ་1043ལོར་འབྲོག་ལོས་མང་མཁར་མྱུ་གུ་ལུང་བཏབ་ཅེས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བསྟན་རྩིས་སུ་གསལ།

དེང་གི་གཙང་ལྷ་རྩེ་རྫོང་གི་ལྷོ་ངོས་སུ་མཆིས་པའི་མུ་གུ་ལུང་ལ་མྱུ་གུ་ལུང་དང་མུཀ་གུ་ལུང་ཞེས་འབྲི་སྟངས་མི་འདྲ་གསུམ་འདུག་ལ། ཁོ་བོས་ནི་གནས་དེའི་མི་རྣམས་ཀྱི་འབོད་སྟངས་ལྟར་བྲིས་པ་ཡིན།  དེ་སྐད་ཐོགས་དོན་ལ་ལྟ་ཚུལ་བཞི་ལྷག་མཐོང་སྟེ། རྒན་ཆོས་འཕེལ་ལགས་ཀྱི་ལམ་ཡིག་ཏུ་བཤད་ཚུལ་གཉིས་ཡོད་པ་ནི་མར་པ་ལོ་ཙཱ་བ་དང་གྲུབ་ཆེན་ག་ཡ་དྷ་རའི་རྣམ་ཐར་ལ་འབྲེལ་ནས་ཐོགས་པར་གྲགས་ལ་ཞིབ་ཏུ་ལམ་ཡིག་གསར་མ་དེ་ལས་ཤེས་པར་ཞུ། 

གཙང་བྱམས་པ་རྒྱལ་མཚན་རྡོ་རྗེས་མཛད་པའི་གནས་ཡིག་ཏུ།“དེ་ཡང་མུཀ་གུ་ལུང་དངོས་ཀྱི་ལུང་པ་ནི། ཕུ་ཤར་དང་མདའ་ནུབ་ཏུ་ཡོད་པའི་ཕུ་གཉིས་སུ་གྱེས་པའི་དབུས་ན་རི་ནག་པོ་གཅིག་ཡོད་པ་ལ། མུཀ་ཆུང་ཞེས་འབོད་ཀྱི་ཡོད་པ་ལ་བརྟེན་ནས་མུཀ་གུ་ལུང་ཞེས་གྲགས།” ས་སྐྱ་ཨ་མེས་ཀྱི་གསུང་འབུམ་དུ་“རྗེ་ག་ཡ་དྷ་ར་ལྷ་རྩེའི་བྲག་ཕུག་ཏུ་བཞུགས་པའི་ཚེ། གཙང་ཆབ་ཀྱི་སྒྲ་ལ་མུག་ཏི་ཞེས་པ་ཡང་ཡང་བྱུང་བས། སྒྲ་དེ་གང་ནས་བྱུང་བརྟག་པ་མཛད་པས་མུ་གུ་ལུང་གི་ཆུ་ལས་བྱུང་བ་དགོངས་པས་ངོ་མཚར་གསུངས་ཤིང་འབྲོག་མི་དང་མཇལ་བའི་རྟེན་འབྲེལ་འགྲིགས། མུག་ཏི་ཞེས་པ་རྣམ་པར་གྲོལ་ཅེས་འབྱུང་བའི་གསང་སྔགས་ཀྱི་ཁྱད་པར་ཆེ་བ་དེ་ལ། སྒྲ་དེས་ག་ཡ་དྷ་ར་ལ་ལུང་བསྟན་པས་མུ་གུ་ལུང་ཟེར་བ་ཡིན་ཚོད་གདའ།”

སྔོན་དེར་སྒྲུབ་ཕུག་108ཡོད་ཅིང་གཙོ་ཆེ་བ་13སྟེ། 

1.གཟིམས་ཁང་དཀར་མ་ཕུག 

2.བཙུན་མོ་རྒྱུ་བ་ཕུག

3.ཆང་ར་བདུད་རྩི་ཕུག

4.གཡོས་ར་ནག་ཚང་ཕུག

5.བང་མཛོད་རྣམ་སྲས་ཕུག

6.སྒྲ་སྒྱུར་ལོ་ཙཱ་ཕུག

7.དབང་བསྐུར་བྱིན་བརླབས་ཕུག

8. ཆོས་སྒྲ་སྒྲོག་པ་ཕུག

9.མི་གཡོ་ཏིང་འཛིན་ཕུག

10.མཁའ་སྤྱོད་བདེ་ལྡན་ཕུག

11.ཕྱག་ཆེན་བཀྲ་ཤིས་ཕུག

12.དཔའ་བོ་རྡོ་རྗེ་ཕུག

13. ཕྱག་ན་རྡོ་རྗེའི་ཕུག

ས་སྐྱ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་<མུ་གུ་ལུང་གི་ཕུག་པ་བཅུ་གསུམ་གྱི་ངོས་འཛིན་བཞུགས་>ཞེས་པ་ལས། ཕྱག་ན་རྡོ་རྗེའི་ཕུག་ནི་གསང་བདག་ཕྱག་ན་རྡོ་རྗེས་འབྲོག་མི་ལ་ཞལ་དངོས་སུ་བསྟན་ནས་གསང་སྔགས་ཀྱི་བདག་པོར་བྱིན་གྱིས་བརླབས་པའི་གནས་དང་། དཔའ་བོ་རྡོ་རྗེའི་ཕུག་ནི་སློབ་དཔོན་དཔའ་བོ་རྡོ་རྗེས་རྒྱ་གར་ནས་ཉི་ཟེར་ལ་ཆིབས་ནས་བྱོན་ཏེ་ལོ་གསུམ་བཞུགས་ནས་རིན་ཆེན་འབར་བ་བརྩམས་པའི་གནས། ཕུག་པ་བཅུ་གསུམ་ལས་མཆོག་ཏུ་འཛིན་པའི་དབང་བསྐུར་བྱིན་བརླབས་ཕུག་ནི་པཎ་ཆེན་ག་ཡ་དྷ་ར་དང་། འབྲོག་མི་ལོ་ཙཱ་བ་གཉིས་ཀྱིས་གསང་སྔགས་ཀྱི་ཁྱད་ཆོས་སྨིན་བྱེད་ཀྱི་དབང་ལམ་ཐམས་ཅད་ཀྱི་གཙོ་བོར་མཛད་ནས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བའི་གནས། ཆོས་སྒྲ་སྒྲོགས་(སྒྲོག)པ་ཕུག་ནི་རྒྱུད་མན་ངག་རྣམས་ཀྱིས་སྐལ་ལྡན་གྱི་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་འཆད་ཉན་མཛད་པའི་གནས་ཡིན་པར་བརྗོད་པ་དང་། ཕྱག་ཆེན་བཀྲ་ཤིས་ཕུག་ལ་དབུས་པ་གྲོད་པ་ཕུག་ཀྱང་ཟེར་བར་གྲགས། <འབྲུག་པའི་ཆོས་འབྱུང་>དུ་“འབྲོག་མིས་མྱུ་གུ་ལུང་དང་ལྷ་རྩེའི་བྲག་ལ་བཞུགས། ལྷ་ལྕམ་གཅིག་ལ་སྲས་ཨིནྡྲ་དང་རྡོ་རྗེ་གཉིས་བྱུང་།”ཞེས་འབྱུང་བ་ལ་བསམ་ན་ལོ་ཙཱ་བ་ཁོང་ནི་བྱིས་པ་གཉིས་ཀྱི་ཡབ་ཆེན་ཡང་ཡིན་པས་དུས་ཕྱིས་ཁོང་ཡང་གནུབས་ལོ་ཙཱ་བ་བྱམས་པའི་དཔལ་(1172/3-1236)བཞིན་རིགས་བསྐྱེད་པའི་ཆོ་ག་སྒྲུབ་འདུག་ཅིང་། བྲག་ཕུག་བཅུ་གསུམ་ལས་མཚན་ལ་བཙུན་མོ་རྒྱུ་བ་ཕུག་ཟེར་བ་ཞིག་ཡོད་པ་དེས་ཀྱང་ལོ་རྒྱུས་འདི་ཡི་ཟུར་ཞིག་བསྟན་ཡོད་ཤོས་ཆེ།

 

             ཨུ། བསྟེན་པའི་ཡན་ལག

གནས་འདི་རུ་འཁོན་དཀོན་མཆོག་རྒྱལ་པོ་(1034-1102)དང་། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་སོགས་ཀྱང་ཕེབས་ཏེ་འབྲོག་ལོའི་མདུན་ནས་སྒྲ་དང་ཆོས་བསླབས་མྱོང་།

<གསང་འདུས་ཆོས་འབྱུང་>དུ་“མར་པས་རིམ་གྱིས་དབུས་ཀྱི་ལྷོ་བྲག་ནས་གདན་བཏེག་སྟེ། དེ་དུས་ཁ་བ་ཅན་ན་འབྲོག་མི་ལོ་ཙཱ་བ་མཁས་པ་དང་མན་ངག་གི་སྙན་པ་ཆེ་བས། ཐོག་མར་མུ་གུ་ལུང་ན་འབྲོག་མི་བཞུགས་པའི་དྲུང་དུ་བྱོན་ནས་ལོ་ཙཱ་ལེགས་པར་བསླབས། ཆོས་གཞན་འགའ་རེ་ཡང་ཞུས། ལོ་གཅིག་གི་བར་དུ་མུ་གུ་ལུང་(དུ)བཞུགས་ནས་གདམས་པ་ཞུས་ཀྱང་རྒྱུད་དང་གདམས་པ་ཟབ་མོ་ཡེ་མ་གནང་ནས། ལྷོ་བལ་དུ་འགྲོ་དགོས་དགོངས”ཞེས་དང་།  <དེབ་ཐེར་སྔོན་པོ་>རུ་“མར་པས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། ། སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་ལ། ། སྒྲ་ཐད་ཀློག་སྐད་ཀྱི་ཚིག་ཚད་བསླབས། ། ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། ། ཞེས་གསུངས། འོན་ཀྱང་གདམས་པ་ཆུང་ངུ་རེ་ལའང་ཡོན་ཆེན་པོ་དགོས་པར་མཐོང་། དེས་རང་ཉིད་རྒྱ་གར་དུ་འགྲོ་བའི་ཐུགས་སྐྱེས་ཤིང་བྱོན་ནོ། །”ཞེས་དང་། དེ་ཉིད་དུ་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་“བླ་ཆེན་འབྲོག་མིའི་ཐད་དུ་བྱོན། ཆོས་ཀྱི་འབྲེལ་བ་ཙམ་གནང་ཡང་། རྒྱུད་ཉན་པར་འདོད་པ་ལ་གསེར་ཁྱེར་ཤོག་གསུང་ནས་མ་གནང་བས་རང་གི་སྤོབས་པ་སྐྱེས་ཏེ། བདག་ཉིད་རྒྱ་གར་དུ་ཕྱིན་ལ་ཁོང་འདྲ་བ་ཞིག་བྱ་སྙམ་ནས་རྒྱ་གར་དུ་བྱོན། པཎྚི་ཏ་རྣམས་ཀྱི་ཐད་དུ་ཆོས་གསན་པ་ན་ཡང་། བརྩོན་འགྲུས་མ་བསྐྱེད་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བར་ཡོད་གསུང་ནས་སྙིང་རུས་བསྐྱེད་དེ་སློབ་གཉེར་ལ་འབད་པ་ཆེན་པོ་མཛད།”(འདིར་འགོས་ལོ་མུ་གུ་ལུང་དུ་ཕེབས་ཞེས་གསུངས་མེད་པས་ལོ་ཙཱ་བ་ཁོང་འདིར་ཕེབས་ཡོད་མིན་ད་དུང་དཔྱད་འཕྲོར་ལུས་ཡོད།)ཅེས་གསལ་བས་བླ་ཆེན་འབྲོག་མིའི་ཆོས་ནི་ཡོན་གྱིས་བླུ་དགོས་པ་དེ་འདྲ་རེད་བསམ་བྱུང་།

དེ་ལྟ་ནའང་མར་པ་ལོ་ཙཱ་བ་དང་འགོས་ལོ་ཙཱ་བ་གཉིས་ལ་མཚོན་ན་དེ་ནི་རྐྱེན་ངན་གྲོགས་སུ་གྱུར་འདུག་སྟེ། བླ་ཆེན་འབྲོག་མིའི་རྐྱེན་མིན་ན་ཁོང་གཉིས་དཀའ་བ་ཆེན་པོས་རྒྱ་གར་ཚ་བའི་ཡུལ་དུ་ཕེབས། འབད་པ་ཆེན་པོས་ལེགས་སྦྱར་ལྷ་ཡི་སྐད་སྦྱངས། གུས་པ་ཆེན་པོས་རྒྱ་བལ་གྱི་པཎ་གྲུབ་རྣམས་ལ་བསྟེན་ནས།  རི་བོ་ཧི་མ་ལ་ཡའི་ཕ་རོལ་ནས་བཀའ་བསྟན་གྱི་མཛེས་མ་དྲངས་པའི་ཕོ་ཉ་སྟེ་འཇིག་རྟེན་མིག་ཏུ་འགྱུར་སྲིད་པའི་ངེས་པའང་མེད་ཅིང་། དེ་ལྟར་ན་བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་ཁྲོད་འོད་དུ་འཚེར་བའི་ཐོ་རེངས་སྐར་ཆེན་གཉིས་ཀྱང་འབྱུང་མི་སྲིད་སྙམ། མར་པ་ལོ་ཙཱ་བའི་“ལས་འཕྲོ་མང་མཁར་མུ་གུ་ལུང་དུ་སད་དེ། ཐུགས་རྒྱ་གར་འཕགས་ཡུལ་དུ་སྦྱངས། འབྲས་བུ་བོད་ཁ་བ་ཅན་དུ་སྨིན་”ཞེས་<གསང་འདུས་ཆོས་འབྱུང་>དུ་གསུངས་པ་ལས་ཀྱང་ཁོང་སྐུ་ན་གཞོན་དུས་གནས་འདིར་ཕེབས་པའི་རྐྱེན་གྱིས་ཁོང་གི་མི་ཚེ་ལ་ཤན་ཤུགས་ཆེན་པོ་ཐེབས་པ་ཡང་དཔགས་ནུས། སྒོས་སུ་རང་གི་བླ་མ་ལ་འབྲོག་ལྡོམ་ཞེས་སྡིག་དམོད་གཏོང་ཞོར་བརྩོན་པ་ཆེར་བསྐྱེད་ཀྱིས་ཐོས་བསམ་གནང་བའི་འགོས་ལོའི་གཏམ་རྒྱུད་ལས་ཀྱང་གནད་དོན་ཆེན་པོ་ཞིག་མི་མཐོང་ངམ། 

<ཐུའུ་བཀྭན་གྲུབ་མཐའ་>རུ་“དེ་ནས་འཁོན་དཀོན་མཆོག་རྒྱལ་པོ་བྱ་བ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པ་ཞིག་གིས། ཁྲོམ་དཀྱིལ་དུ་སྔགས་པ་མང་པོས་དབང་མོ་ཉེར་བརྒྱད་ཀྱི་འབག་གྱོན་ནས་འཆམ་བྱེད་པ་མཐོང་ནས་བླ་མ་གཅེན་ལ་ཞུས་པས་གཅེན་གྱི་ཞལ་ནས། ད་ནི་གསང་སྔགས་འཆོལ་བ་ཞེས་པའི་དུས་བྱུང་བ་ཡིན། ད་ཕྱིན་ཆད་བོད་སྔགས་རྙིང་མ་ལ་བརྟེན་ནས་གྲུབ་ཐོབ་ཚད་ལྡན་མི་འོང་། རང་རེ་ལ་ཡོད་པ་རྣམས་གཏེར་དུ་སྦེད། ད་(ང)ནི་ན་རྒས་ཁྱོད་གཞོན་པས་མུ་གུ་ལུང་ན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་བྱ་བ་ཤིན་ཏུ་མཁས་པ་ཞིག་ཡོད་འདུག་པས། དེར་སོང་ལ་གསང་སྔགས་གསར་འགྱུར་སློབས་ཤིག་གསུངས།”ཞེས་དང་། <ས་སྐྱའི་གདུང་རབས་བང་མཛོད་>དུ་འཁོན་དཀོན་མཆོག་རྒྱལ་པོས་“འཁྱིན་ལོ་ཙཱ་བ་ལ་ཀྱེ་རྡོ་རྗེའི་དབང་ཞུས། རྒྱུད་གསན། རྒྱུད་ཅུང་རྫོགས་པ་ལ་འཁྱིན་ལོ་གྲོངས། ཆོས་འཕྲོ་འབྲོག་མིའི་དྲུང་དུ་ཞུས་གསུངས་པ་ལྟར་ཞུར་བྱོན་པས། ཁྱོད་ཀྱི་ཕ་ཤི་ནས་མེས་པོ་སྙེགས་པ་ལེགས་སམ་གསུངས་ནས་དགྱེས། ཕྱིས་ཡུལ་ཞིང་འགའ་བཙོངས་ནས་རྟ་བཅུ་བདུན་དང་། རྩྭ་རིན་ནོར་བུའི་ཕྲེང་བ་དང་བཅས་པ་ཕུལ། གསུང་ངག་རིན་པོ་ཆེ་ཞུས་པས་ལམ་སྐོར་ཆ་ལག་འགའ་རེ་གནང་། ཁྱད་པར་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གནང་ནས། བཤད་དཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར།”ཞེས་པ་ལས་འཁོན་ལ་རྒྱུ་སྟོབས་ཆེ་བས་འབྲོག་མིའི་གདམས་པ་ཐོབ་པ་ཨེ་ཡིན་སྙམ་པའི་འཁྲུལ་སྣང་ཞིག་ཀྱང་རྟག་པར་སྐྱེས་མྱོང་།

 

            ཨེ།  མཇལ་བའི་ཡན་ལག 

སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་18ཉིན་བོད་གངས་ཅན་གྱི་ཐ་སྙད་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུ་དཔལ་ལྡན་ས་སྐྱ་དགོན་གྱི་ཕྱི་ནང་ལ་མཇལ་རྗེས། ལྷ་རྩེ་རྫོང་གི་ཕྱོགས་སུ་བཏེགས། རྫོང་མཁར་གྱི་རླངས་འཁོར་ཞིག་གླས་ནས་ལམ་བར་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཕྱག་བཏབ་པའི་དགོན་པ་ཤར་བརྒྱུད། ཕྱི་དྲོའི་དུས་ཚོད་4ཙམ་ལ་འབྲོག་ལོའི་གདན་ས་མུ་གུ་ལུང་དུ་འབྱོར། དགོན་པ་དེ་ནི་བྲག་ངོས་སུ་ཆགས་འདུག་ལ། ཕྱིའི་རྣམ་པའི་ཐད་ནས་མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་དམར་གཙང་དགོན་དང་འདྲ་བོ་འདུག འདུ་ཁང་གི་ཀུན་དགའ་ར་བར་གཡས་ནས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། རྒྱལ་བ་བྱམས་པ། ཐུབ་དབང་། འཇམ་དབྱངས། འབྲོག་མི་ལོ་ཙཱ་བ། གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུ་འདྲ་མི་ཚད་མ་གསར་དུ་བཞེངས་འདུག་ཅིང་། སྐུ་གཉེར་གྱིས་ང་དང་ཁ་ལོ་བ་གཉིས་ལ་རྟེན་བཤད་གནང་ཞོར་འདུ་ཁང་གི་གཡོན་ཏེ་བླ་ཆེན་འབྲོག་མིའི་རྒྱབ་ཏུ་བྲག་ཕུག་གཅིག་ཡོད་པ་ནི་ལམ་འབྲས་གསུངས་ཡུལ་ཡིན་པར་བརྗོད།  འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གནས་ཡིག་ཏུ་འདི་ལ་གསུང་ངག་ལམ་འབྲས་ཕུག་ཅེས་འབོད། ཕྲན་གྱིས་སྐུ་གཉེར་ལ་སྔོན་འདིར་བྲག་ཕུག་བཅུ་གསུམ་ཡོད་པ་ད་ལྟ་ཡོད་དམ་ཞེས་དྲིས་པ་ལ། ཕལ་ཆེ་བ་གྲྭ་ཤག་ཏུ་བཅོས་ཟིན་པར་བཤད། འདུ་ཁང་གི་གཡས་སུ་ཕུག་པ་གཉིས་འདུག་ལ་དེ་ནི་ཀརྨ་ཕུག་དང་གཡོས་ར་ནག་ཚང་ཕུག་གཉིས་ཡིན་སྐད། 

གཞན་ཡང་སྐུ་གཉེར་ཁོང་འདུག་སའི་གྲྭ་ཤག་ཏུ་བྲག་ཕུག་ཆུང་ཆུང་མི་གཅིག་གི་ཤོང་ཚད་ཙམ་ལས་མེད་པ་གཅིག་འདུག་པ་ནི་བླ་ཆེན་འབྲོག་མིའི་བཞུགས་གནས་དང་། སྟེང་ཁང་ནི་པཎ་ཆེན་གྷ་ཡ་དྷ་རའི་གཟིམས་ཕུག་ཡིན་པར་བཤད་པས། ལམ་སེང་གཙང་བྱམས་པ་རྒྱལ་མཚན་རྡོ་རྗེའི་<གནས་ཆེན་མུཀ་ལུང་གི་ཁྱད་པར་བཤད་པ་>རུ་“གཟིམས་ཁང་དཀར་མ་ཕུག་སྟེང་འོག་གཉིས་ཡོད་པ་ལ། སྟེང་མ་བླ་[མ]ག་ཡ་དྷ་རའི་གཟིམས་ཁང་ཡིན་ལ། འོག་མ་བླ་ཆེན་འབྲོག་གི་གཟིམས་ཁང་ཡིན་ནོ། །”ཞེས་པ་དེ་ཡིན་པ་ངོས་ཟིན། ས་སྐྱ་ཨ་མེས་ཀྱིས་གོང་མ་ལ་ག་ཡ་དྷ་རའི་གཟིམ་ཁང་ཀརྨ་ཕུག་དང་འོག་མ་ལ་འབྲོག་མིའི་གཟིམ་ཕུག་བདེ་གསལ་མི་རྟོག་ཕུག་ཡིན་པར་གསུངས།  བླ་ཆེན་འབྲོག་ལོའི་གཟིམས་ཕུག་ཏུ་ད་ལྟ་གད་སྙིགས་སྤུངས་ཡོད་པ་རེད་ཅེས་སྐུ་གཉེར་གྱིས་ངོ་ཚ་དང་བཅས་གླེང་ཞིང་། སྔོན་འདིར་བླ་ཆེན་འབྲོག་གི་སྐུ་འདྲ་གསུང་འབྱོན་མ་བཞུགས་ཞེས་གཙང་བྱམས་པ་རྒྱལ་མཚན་རྡོ་རྗེའི་གནས་ཡིག་ཏུ་གསལ།

ཉིན་དེར་མུ་གུ་ལུང་ནས་བྲག་ཕུག་གསུམ་ལ་མཇལ་སྐལ་བྱུང་བ་ཤིན་ཏུ་ཐབས་ཆག་ཅན་ཡིན་པས་ཁོ་བོ་ཅུང་ཙམ་ཧ་ལས་བྱུང་། མཁས་དབང་དགེ་ཆོས་ཀྱིས་ཞ་ལུའི་རི་ཕུག་ནས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གཟིམས་ཤག་མཐོང་བ་ཡང་འདི་ཙམ་ལས་མ་འདས་སྙམ་པར་མ་ཟད། བླ་ཆེན་གྱིས་ཆོས་ཀྱིས་བླངས་པའི་གསེར་རྣམས་ཀྱིས་ཁྲོ་ཕུ་ལོ་ཙཱ་བ་བཞིན་ལྷ་ཁང་གསེར་སྐུ་མ་བཞེངས་ཀྱང་། རང་ཉིད་ལ་གཟིམས་ཤག་མཐོང་བ་ཀུན་སྨོན་ཞིག་ཀྱང་མ་བརྩིགས་པ་འདིས་ཁོ་བོས་ཡང་བསྐྱར་<དེབ་སྔོན་>དུ་གསུངས་པ་རྣམས་རང་བཞིན་བརྗོད་པའི་བདེན་དོན་ཡིན་པ་ག་ལེར་རྟོགས་བྱུང་། 

ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་(1002-1062)ལ་“བླ་ཆེན་འབྲོག་མིས་ང་པཎྚི་ཏ་རྫོང་པའི་གསེར་གྱིས་མ་ལྡངས་པས། ཁྱོད་ཀྱིས་གསེར་མང་པོ་ཁྱེར་ལ་ཤོག ངས་གདམས་པ་ཟབ་མོ་སྦྱིན་ནོ་ཟེར་བའི་བཀའ་འཕྲིན་བྱུང་བ་ལ། ་་་་་་་་་་་་་ མྱུ་གུ་ལུང་དུ་བྱོན་ནས་ལོ་ཙཱ་བ་ལ་གསེར་སྲང་བརྒྱའི་འཐུད་བྱས།་་་་་་”ཞེས་དང་། ཡང་དེ་ཉིད་དང་<འབྲོག་ལོའི་རྣམ་ཐར་>དུ་འབྲོག་མི་ལོ་ཙཱ་བ་ལ་“ག་ཡ་དྷ་རས་པཎྚི་ཏ་འབྱོན་གྱི་ཡོད་པས་བསུ་བ་ལ་ཤོག་བྱ་བའི་ཕྲིན་བྱུང་བ། གུང་ཐང་དུ་བྱོན་ཏེ་བསུས་ནས་པཎྚི་ཏ་དང་འགྲོགས་ཏེ། ལམ་དུའང་ཆོས་མང་དུ་བཤད། མྱུ་གུ་ལུང་དུ་སྤྱན་དྲངས། དེར་ལོ་ལྔ་ལ་བཞུགས་པ། གསུང་ངག་རིན་པོ་ཆེ་ཚང་བར་གནང་། གསེར་སྲང་ལྔ་བརྒྱ་འབུལ་བ་རྣམས་ཀྱི་ཆད་བྱས། ལོ་གསུམ་ན་གདམས་ངག་རྫོགས། ང་འགྲོ་གསུང་བ་ལ་ཆད་བཞིན་བཞུགས་པར་ཞུས་པས། ལོའང་ལྔ་བཞུགས། གསེར་སྲང་ལྔ་བརྒྱའང་ཚང་བར་ཕུལ་ཤིན་དུ་(ཏུ)དགྱེས་ནས་གསུང་ངག་བོད་གཞན་ལ་མི་གསུང་བར་ཞལ་གྱིས་བཞེས་ནས། སླར་རྒྱ་གར་དུ་གཤེགས།”ཞེས་གསུངས་པ་ལ་དཔགས་ན་བླ་ཆེན་འབྲོག་མིས་དངོས་སློབ་རྣམས་ལས་གསེར་སློང་བ་ཐམས་ཅད་པཎྜི་ཏ་རྫོངས་ཆེད་དུ་ཡིན་པ་གོར་མ་ཆག་ལ། རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་(1575-1635)མཆོག་གིས་“བོད་ཀྱི་ལོ་ཙཱ་བ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས། ལུས་ཐེད་ལ་བོར། བོད་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་རྒྱ་གར་ལ་གྲིལ་བའི་དགོས་པ་ནི། ཆོས་འདི་རྣམས་བོད་ཡུལ་དུ་དར་བའི་ཕྱིར་ཡིན་པར་འདུག”ཅེས་གསུངས་པ་ཡང་ལོ་པཎ་རྣམ་ཐར་འདི་འདྲ་ལ་བསྔགས་པའི་ངེས་ཤེས་རྙེད། 

             ཨོ།  བསྒྱུར་བའི་ཡན་ལག 

གནས་འདིའི་ཁོ་ར་ཁོར་ཡུག་ཀྱང་དེ་འདྲའི་ཉམས་དགའ་བ་ཞིག་མིན་ནའང་། འབྲོག་མི་ལོ་ཙཱ་བས་རང་གི་ཕ་ཡུལ་དང་ཐག་ཉེ་སར་གནས་གཞི་བཟུང་ནས་རྒྱ་གར་གྱི་པཎ་ཆེན་གདན་དྲངས། ཆོས་འཆད་ཉན་སྤེལ། ནང་བསྟན་རིག་གནས་བསྒྱུར། སྒྲུབ་པ་ཉམས་ལེན་བྱས་པ་དེ་ལས་ཀྱང་རང་གི་འཁྲུངས་ས་འཁྲུངས་ཡུལ་ལ་དུང་བའི་སེམས་པ་ངང་ངམ་ཤུགས་ཀྱིས་མཐོང་ལ། <བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་>ཏུ་འབྲོག་མི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཚན་ལ་བསྡོམས་པས་58འདུག་སྟེ། བཀའ་འགྱུར་དུ་ཆོས་ཚན་35དང་བསྟན་འགྱུར་དུ་ཆོས་ཚན་23བཞུགས། དེ་ལས་ཕལ་ཆེ་བ་ནི་ལོ་པཎ་ཁོང་གཉིས་ཀྱིས་བསྒྱུར་བ་རང་རེད། མུ་གུ་ལུང་གི་བྲག་ཕུག་བཅུ་གསུམ་ལས་སྒྲ་སྒྱུར་ལོ་ཙཱ་ཕུག་ནི་གུར་རྟག་ས་གསུམ་སོགས་རྒྱུད་ཀྱི་རྒྱལ་པོ་དུ་མ་དང་བསྟན་ཆོས་(བཅོས)རྣམ་པར་དག་པ་དུ་མའི་འགྱུར་མཛད་པའི་གནས་ཡིན་ཞེས་གཙང་བྱམས་པ་རྒྱལ་མཚན་རྡོ་རྗེ་དང་ས་སྐྱ་ཨ་མེས་ཞབས་ཀྱིས་གསུངས་པས་ལུང་པ་འདིར་ཡང་ལོ་ཙཱ་རིག་གནས་ལ་དུང་བ་ཆེ་བའི་སྔོན་བྱོན་ལོ་པཎ་འདི་གཉིས་ཀྱིས་གཙུག་ལག་བསྒྱུར་བའི་ལས་ལ་བརྩོན་མྱོང་བར་གདོན་མི་ཟ།

གཤམ་ནས་ལོ་པཎ་ཁོང་གཉིས་ཀྱིས་དུས་མཉམ་དུ་བསྒྱུར་བའི་འགྱུར་ཆོས་རྣམས་ཀྱི་ཐོ་<བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་ཆེན་མོ་>ལས་ཚེགས་ཆེན་པོས་བཙལ་ཞིང་བཏུས་ནས་བསྒྲིགས་པའི་མཚན་བྱང་རྣམས་འགོད་པར་བྱ་སྟེ། དེ་ལས་འབྲོག་མི་ལོ་ཙཱ་བ་དང་སྒྱུར་གྲོགས་པཎ་ཆེན་ག་ཡ་དྷ་ར་གཉིས་ཀྱིས་བོད་ཀྱི་རིག་གནས་འཛུགས་སྐྲུན་ལ་བཞག་པའི་མཛད་རྗེས་མཐོང་ཐུབ་པའི་གདེང་དང་བཅས་སྒོ་བུ་ཤ་བོ་ཚེ་རིང་ཟེར་བའི་ལྗོངས་རྒྱུ་ལ་མོས་པའི་སློབ་གཉེར་བ་དེས་བོད་ཀྱི་ཆོས་འབྱུང་རྣམ་ཐར་དང་གནས་ཡིག་ཚད་ལྡན་རྣམས་ལ་ཁུངས་བཅོལ། སྔོན་བྱོན་ལོ་པཎ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ལ་མཇལ་བའི་མྱོང་བ་ལྷན་ཐབས་སུ་བྱས་ནས་བྲིས་པའི་གནས་སྐོར་ལྷུག་རྩོམ་འདིས་ཀྱང་སྒྲ་སྒྱུར་ལོ་རྒྱུས་ཀྱི་བདེན་མཐའ་གསལ་བའི་རྒྱུ་རུ་གྱུར་ཅིག 

དང་པོ། བཀའ་འགྱུར་གྱི་འགྱུར་ཆོས།

1.ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།

2.དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ།

3.དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ།

4.དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

5.དཔལ་ནམ་མཁའ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ།

6.དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ།

7.དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། 

8.དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

9.དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

10.དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ།

11.དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

12.དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ།

13.དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ།

14.དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ།

15.དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ།

16.དཔལ་དུར་ཁྲོད་རྒྱུན་གྱི་རྒྱལ་པོ།

17.དཔལ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ།

18.དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

19.དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ།

20.དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ། 

21.དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ།

22.དཔལ་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ།

23.དཔལ་རྡོ་རྗེ་གྲུབ་པ་དྲ་བའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ།

24.དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ཞེས་བྱ་བ།

25.རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་ཞེས་བྱ་བ།

26.ཀྱེའི་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།

27.འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ།

28.རྡོ་རྗེ་ཨཱ་ར་ལི་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།

29.རི་གི་ཨཱ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

 

གཉིས་པ། བསྟན་འགྱུར་གྱི་འགྱུར་ཆོས། 

1.སྒྲོལ་མ་ཅན་གྱི་སྡེས་མཛད་པའི་གླུ་དེ་ཁོ་ན་ཉིད་ཅེས་བྱ་བ།

2.མཚོ་སྐྱེས་རྡོ་རྗེས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་པ་ཞེས་བྱ་བ།

3.མཚོ་སྐྱེས་རྡོ་རྗེས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་བྷ་ཌ་རཱ་གའི་བསྟོད་པ་ཞེས་བྱ་བ།

4.རྡོ་རྗེ་དྲིལ་བུས་མཛད་པའི་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། 

5.མི་ཐུབ་ཟླ་བས་མཛད་པའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ།

6.མཚོ་སྐྱེས་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག

7.བདག་མེད་རྣལ་འབྱོར་མའི་སྒྲུབ་ཐབས།

8.བདག་མེད་མ་ཞེས་བྱ་བའི་སྒྲུབ་པའི་ཐབས།

9.ཀཱ་ཡསྠ་པ་ག་ཡ་དྷ་རས་མཛད་པའི་ཡེ་ཤེས་འབྱུང་བའི་མན་ངག་ཅེས་བྱ་བ།

10.སྐལ་བ་བཟང་པོའི་རྡོ་རྗེས་མཛད་པའི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ།

11.ནོར་བཟངས་ཀྱིས་མཛད་པའི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པའི་བཤད་སྦྱར་ཞེས་བྱ་བ།

12.འབིར་བ་པས་མཛད་པའི་གསང་བའི་དབང་གི་རབ་ཏུ་བྱེད་པ་ཞེས་བྱ་བ།

13.དཔལ་ནག་པོ་པས་མཛད་པའི་བགེགས་བདག་གི་སྦྱིན་སྲེག་གི་ཆོ་ག་རབ་ཏུ་བཤད་པ། 

སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་19ཉིན་གཞིས་རྩེ་གྲོང་དུ་རྩོམ་གདན་བཏིང་ཞིང་ཚེས་22ཉིན་ཡུལ་དབུས་ལྷ་སར་རྫོགས་པར་བྲིས། སྤྱི་ཟླ་12ལོའི་ཚེས་1ནས་2ཉིན་ཕ་ཡུལ་རེབ་གོང་དུ་སྣོན་འཕྲི་མང་ཙམ་བགྱིས་པ་དགེའོ། །