རྒན་པདྨ་དགོས་འབྱོར་ལགས།  ཁམས་བཟང་།དོལ་པོ་ལ་དོལ་ཕྱོགས་གྲུ་བཞི་དང་དོལ་པོ་ས་གནས་བདུན་ཞེས་འབོད་སྟངས་གཉིས་ཙམ་ཡོད་པ་སྔར་གོ་བ་མ་གཏོགས།དེང་འདིར་རྒྱལ་ཁོངས་དང་མངའ་སྡེ། རྫོང་། ས་གནས།  ཡུལ་ཚོ།  མི་འབོར་བཅས་ཀྱི་སྐོར་གསུང་རོགས་མཁྱེན།
ཁྱེད་ཀྱིས་ཧི་མ་ལ་ཡའི་མི་རིགས་ཀྱི་སྐོར་ལ་དོ་སྣང་གནང་བར་དགའ་ཚོར་ཆེན་པོ་བྱུང་། རང་ཉིད་ཀྱང་སོ་སོའི་མི་རིགས་གཅིག་པ་ཚོ་མཐོང་དུས་དམིགས་བསལ་ཚོར་སྣང་འདྲ་ཡོང་གི་འདུག་ལ་དོ་སྣང་ཡང་ཡོད། སྔོན་མ་ཐེངས་གཅིག་གློ་བོར་སོང་ནས་ཟིན་བྲིས་ཤིག་སྤེལ་བ་ཡིན། འདི་ལོར་དུས་ཚོད་ཁོམ་ན་གཉི་ཤང་ལ་འགྲོ་དགོས་ཡོད། སྐབས་དེར་གཉི་ཤང་གི་སྐོར་ལ་རྒྱུས་ལོན་བྱས་ཏེ་ཟིན་བྲིས་ཤིག་སྤེལ་འཆར་ཡོད་ལ། མ་འོངས་པར་ཧི་མ་ལ་ཡའི་ས་ཁུལ་ཁག་ལ་བསྐྱོད་ནས་གང་ཐུབ་ཀྱིས་ཟིན་བྲིས་སྤེལ་རྩིས་ཀྱང་ཡིན། དོལ་པོ་ནི་ལོ་རྒྱུས་ཐོག་བོད་ཀྱི་ཆ་ཤས་ཡིན་པར་སྙོན་དུ་མེད་ལ་དེང་སྐབས་ཀྱང་ཆོས་དང་རིག་གཞུང་སོགས་མ་ཉམས་པར་གསོན་པོར་གནས་ཡོད་པ་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀྱི་ཉམས་ཞིབ་པ་དང་མཁས་དབང་མང་དག་ཅིག་གིས་དམིགས་བསལ་དོ་སྣང་བྱེད་ཀྱིན་འདུག  ས་བབ་ཀྱི་ཆ་ནས་ཞུས་ན་བལ་ཡུལ་གྱི་ནུབ་བྱང་མཚམས་སྟེ་(གཙང་གཞིས་ཀ་རྩེ)འབྲོང་པ་རྫོང་ཁོངས་ནག་ཆུ་དང་ཕེན་ཆིར་འདབས་སྦྲེལ་གྱིས་ཆགས་ཡོད། དུས་འགྱུར་མ་བྱུང་གོང་དུ་ཁུལ་གཉིས་ཀྱི་མང་ཚོགས་རྣམས་འཚོ་ཐབས་སླད་གཅིག་ཕན་གཅིག་གྲོགས་ལྟ་བུར་བྱེད་མྱོང་བ་དང་། ཡང་མཛའ་བརྩེ་དང་ལྡན་པའི་སྒོ་ནས་ཚོང་འབྲེལ་གྱི་ལམ་ཡངས་པོ་ཞིག་ཀྱང་ད་ལྟ་བར་དུ་ཕྱེས་ཡོད།
དོལ་པོ་ལ་དོལ་ཕྱོགས་གྲུ་བཞི་དང་། དོལ་པོ་ས་གནས་བདུན་ཟེར་བ་དེ་ཆབ་སྲིད་ཀྱི་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེའི་ནང་ནས་དོལ་ཕྱོགས་གྲུ་བཞི་འབོད་པ་ནི་དོལ་པོ་རང་གིས་བཏགས་པའི་མིང་ཞིག་ཡིན་པར་སྣང་། དེ་སྔ་སྤྱི་ལོ་ ༢༠༡༧ བར་ས་གནས་ཁག་བདུན་དུ་ཕྱེས་ཡོད་པ་དེ་ད་ཆ་ས་གནས་ཁག་གསུམ་དུ་བསྒྱུར་ཡོད། ( གོང་གི་ས་གནས་བདུན་ཞེས་པ་ནི་དེ་སྔ་ VDC སྟེ་ Village Development Committee ལ་གོ་དགོས། དེང་སང་རྩ་ཁྲིམས་གསར་བའི་སྒྲོམ་གཞིའི་འོག་ཡོངས་སུ་འགྱུར་ཚར་མོད། ) དེ་དག་ནི་1ཤེལ་ཕུ་སུམ་མདོ་ཡུལ་སྡེ་ལྷན་ཁང་དང་། 2དོལ་པོ་བྷུདྡྷ་ཡུལ་སྡེ་ལྷན་ཁང་། 3ཚྭ་དགའ་སྟེང་གཤོངས་ཡུལ་སྡེ་ལྷན་ཁང་བཅས་རེད། སྔོན་གྱི་ས་གནས་ཁག་བདུན་གྱི་ནང་གསེས་1བྱི་གཅེར་ས་གནས་དང་། 2ས་འདང་ས་གནས། 3ཕུ་སུམ་མདོ་བཅས་ས་གནས་ཁག་གསུམ་ཤེལ་ཕུ་སུམ་མདོ་ཡུལ་སྡེ་ལྷན་ཁང་གི་ཁོངས་སུ་བསྡུས། 1ཏིང་ཀྱུ་ས་གནས་དང་། 2མདོ་ས་གནས་གཉིས་དོལ་པོ་བྷུདྡྷ་ཡུལ་སྡེ་ལྷན་ཁང་གི་ཁོངས་སུ་གཏོགས་པར་གྱུར། 1ཚྭ་དགའ་ས་གནས་དང་2སྨུ་ས་གནས་གཉིས་ཚྭ་དགའ་སྟེང་གཤོངས་ཡུལ་སྡེ་ལྷན་ཁང་གི་ཁོངས་སུ་བསྡུ་བར་བྱས་ཡོད། དེ་དག་ལས་ཡུལ་ཚོའི་མིང་རྣམ་ཞིབ་པར་སྨྲས་ཏེ་བཤད་ན་ཤེལ་ཕུ་སུམ་མདོའི་ཁོངས་སུ་ཡོད་པའི་ཡུལ་ཚོ་ནི་ས་འདང་། ནམ་སྟོད། ཀ་རང་། སྟི་གླིང་། སྐྱིད། ལྷོ་རི། ཉི་གསལ། སྨོས། ཀོ་མང་། སྐུ། བྱི་གཅེར། ཕོད། མཚོ། པུང་མོ། རི་སྐྱེད། རེང་སྲི། བཅུ་དཀར་བཅས་ཡུལ་ཚོ་བཅུ་དྲུག་ཡོད། རང་བྱུང་གི་མཛེས་པ་ནི་སེམས་པའི་ལོངས་སྤྱོད་མཆོག་ཏུ་གྱུར་བ་ཞིག་ཡིན་སྟབས་དེ་དག་གི་རིན་ཐང་རྟོགས་རྒྱུ་དང་། བདག་གཅེས་ཀྱང་དེ་བས་ལོས་གལ་ཆེ། བལ་ཡུལ་རྒྱལ་ཡོངས་ནང་མཚོ་གྲགས་ཆེན་བདུན་ཡོད་པ་ལས་ཕུ་སུམ་མདོ་མཚོ་  She-Phoksundo Lake  ནི་རིང་མོའམ་མཚོ་ཡུལ་ན་ཡོད། མཚོ་དེའི་ཁ་དོག་སྔོ་ནག་ཡིན་ལ་ནམ་ཡང་འཁྱག་རོམ་ཆགས་མ་མྱོང་བའི་མཚོ་ཡ་མཚན་ཅན་ཞིག་ཀྱང་ཡིན། དེང་སྐབས་རྒྱལ་ཕྱི་ནང་གང་ས་ནས་མཚོ་དེར་སྤྲོ་འཁྱམ་འོང་མཁན་ཧ་ཅང་མང་ལ་ས་གནས་སྲིད་གཞུང་གིས་ཀྱང་སྔར་ལས་ལྷག་པ་དོ་སྣང་བྱེད་མུས་སུ་མཆིས། ས་གནས་དེར་ཌོལ་པ་རྫོང་ནས་དལ་བོར་སོང་ན་ཉིན་གཅིག་དང་ཕྱེད་ལ་འབྱོར་ཐུབ། ཡུལ་སྐོར་འགྲིམ་འགྲུལ་ཁང་གིས་ས་ཆ་ངོས་འཛིན་སྟངས་ལྟར་ན་ཌོལ་པ་སྨད་  Lower Dolpa ཀྱི་ཁོངས་སུ་གཏོགས་པས་དོལ་པོའི་ས་གནས་བྱིངས་དང་བསྡུར་ན་ཕྱོགས་བསྐྱོད་དང་འགྲོ་གྲོན་སོགས་གང་ཅིར་ཤིན་ཏུ་བདེ་མོད།
 དོལ་པོ་བྷུདྡྷ་ཡུལ་སྡེ་ལྷན་ཁང་གི་ཁོངས་སུ། རྟ་རབ། ༼ནང་གསེས། མདོ། སྟག་ཀྱུ། གླང་བཅས་གསུམ་ཡོད།༽ ཏིང་ཀྱུ། པོལ་ལྡད། ཕལ། ཤིང་སྨིན་བཅས་ཡུལ་ཚོ་ལྔ་ཡོད། ས་གནས་དེ་དག་ཏུ་གནའ་བོའི་གཉེན་སྒྲིག་གི་ལམ་ལུགས་དང་གླུ་གཞས་ཐད་དམིགས་བསལ་གསོན་ཉམས་ཧ་ཅང་དོད། དོལ་བུ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ་ཡང་ཁུལ་དེའི་ས་གནས་ཀྱི་ནང་ཚན་ཤིང་སྨིན་ཕྱོགས་སུ་ཡོད། ཡུལ་སྡེ་ཕན་ཚུན་བར་ལ་དམིགས་བསལ་ནང་ཁུལ་དུ་འབོད་པའི་མིང་བྱང་ཞིག་ཡོད་པ་ནི་བན་ཚང་དང་། ནང་ཁོངས། རེང་ཟེར་བ་དེ་ཡིན། བན་ཚང་ནི་ཤིང་སྨིན། ཕལ། ཏིང་ཀྱུ། པོལ་ལྡད་བཅས་རི་རྒྱུད་གཅིག་ཏུ་ཆགས་པའི་ཡུལ་ཚོ་བཞིའི་སྤྱི་མིང་ཡིན། དེ་བཞིན་ནང་ཁོངས་ནི་ཡུལ་ཚོ་གཞན་ཚོས་ས་འདང་། ནམ་སྟོད། ཀ་རང་། སྟི་ལིང་སོགས་དེ་གའི་ཡུལ་ཚོ་བརྒྱད་ལ་ངོས་འཛིན་བྱེད་མོད་དེ། ནང་ཁུལ་དུ་ནང་ཁོངས་ནི་ས་འདང་ནམ་སྟོད་གཉིས་ཁོ་ན་ལ་ངོས་འཛིན་བྱེད། ཀར་སྟིང་གཉིས་ཞེས་ཟུར་བ་ཞིག་དང་། ཡང་ཡུལ་སྨད་ཅེས་ཡུལ་དགོན་ལྔ་བོ་ཟེར་བ་རྩྭ་རི་སྐྱིད་སྡུག་གཅིག་བྱེད་པའི་ས་གནས་ཉི་གསལ་སོགས་ལ་ངོས་འཛིན། རེང་ནི་མཚོའམ་རིང་མོ། པུང་མོ་སོགས་ཀྱི་ཡུལ་ཚོར་འབོད།
དེ་བཞིན་ཚྭ་དགའ་སྟེང་གཤོངས་ཡུལ་སྡེ་ལྷན་ཁང་གི་མངའ་ཁོངས་སུ་ཚྭ་དགའ། དབྱར་ལྷས། དཔུང་འགག དྷུ། ཁྲིམས་གཉེར། སྨུ། ཤེས་རི། སྟི་རང་། ཞང་། པིང་འབྲིང་། བཀག་བཅས་ཡུལ་ཚོ་བཅུ་གཅིག་ཡོད། ཚྭ་དགའ་དང་སྨུ་ཡུལ་ནི་གློ་བོ་དང་ས་ཆ་འདབ་སྦྲེལ་དུ་གནས་ཡོད་ལ་ཡུལ་སྐོར་སྤྲོ་འཁྱམ་པ་གློ་བོ་བརྒྱུད་དོལ་པོར་འོང་སྐབས་གཞུང་ལམ་ལའང་ཁེལ་བ་ཡིན། བར་རོང་ཞེས་ས་གནས་མང་ཚོགས་ཚོས་དཔུང་འགག ཁྲིམས་གཉེར། དབྱར་ལྷས་དྷུ་བཅས་ཀྱི་སྤྱི་མིང་དུ་འབོད་པ་ཡིན། རྒྱུས་མེད་ཚོར་བར་རོང་ནི་ཡུལ་གཅིག་ཁོ་ན་ཡིན་སྣང་ཡང་འཆར་སྲིད་མོད་དེ་འོན་ཀྱང་དེ་ལྟར་མིན། དོལ་པོ་ཡུལ་སོ་སོའི་ཡུལ་སྐད་མི་འདྲ་ལ་བཀག་ཡུལ་ལ་མཚོན་ན་ཏི་རྗེ་རོང་དང་ས་ཐག་ཉེ་བས་ཁོང་ཚོའི་ཡུལ་སྐད་ནི་ཅུང་ཟད་གོ་དཀའ་བ་ཞིག་ཀྱང་ཡིན་ལ་བུ་མོའི་ཆས་གོས་ཀྱང་དོལ་པོ་བྱིངས་དང་མི་འདྲ། སྤྱིར་ན་ཧི་མ་ལ་ཡའི་མི་རིགས་ཚོའི་ཡུལ་སྐད་ནི་བོད་སྐད་ཀྱི་མིང་ཚིག་ཐ་སྙད་རྣམས་རྨང་གཞིར་གྱུར་པའི་སྐད་ཞིག་ཡིན་མོད་དེ་ཡུལ་ལུང་སོ་སོའི་དབང་གི་ཅུང་ཟད་མི་འདྲ་བ་ཡོད། དེ་དག་ལས་རང་གི་ཚོར་སྣང་ལྟར་ན་བོད་སྐད་དང་ཐག་ཉེ་རིང་གི་ཡུལ་སྐད་གཉིས་སུ་ཡོད་པ་ལས་དོལ་པོ་དང་། གླེ་མི། ནུབ་རི། གློ་བོ། ཙུམ་བཅས་ཀྱི་ཡུལ་སྐད་བོད་སྐད་ཐག་ཉེ་ཤོས་གྲས་ཡིན། དེ་མཚམས་འུམ་ལ། མུ་གུམ་གཉིས་ཡིན་པར་སྣང་། གཞན་ཚོ་ཅུང་ཟད་ཁ་ཐག་རིང་ཙམ་ཡིན་པར་འདོད་དེ་ཕན་ཚུན་དོལ་པོ་ནུབ་རི་གློ་བོ་སོགས་དང་སྐད་བརྡ་འཕྲོད་དཀའ་བས་སོ།། གོང་གསལ་རིམ་པ་དང་པོིའི་ཡུལ་མི་ཚོ་ཕན་ཚུན་བར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་གང་ཡང་མེད་ལ་ཐ་སྙད་དང་སྒྲ་དངས་ལ་ཉན་དུས་དམིགས་བསལ་མི་རིགས་ཀྱི་མཛའ་བརྩེའི་ཚོར་སྣང་ཞིག་ཀྱང་ངམ་ངམ་དུ་བསྐྲུན་ཐུབ། དོལ་པོ་ནི་གྷོར་ཁའི་རྒྱལ་པོ་པིར་ཏི་བྷི་ནའ་རན་སྲ་ཧ་ Prithvi Narayan Shah ( 1723- 1775)  མཆོག་གིས་དུས་རབས་བཅོ་བརྒྱད་ཀྱི་ནང་ཕྱོགས་བཞིིའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་སྐབས་ནས་བཟུང་བལ་ཡུལ་གྱི་ཁོངས་སུ་ཚུད་པར་ཡོངས་སུ་གྲགས། འོན་ཀྱང་དུས་ཡུན་རིང་པོར་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་སོགས་ཀྱང་མེད་ལ་དམིགས་བསལ་རྒྱལ་ཁབ་གཅིག་གི་འགྲོ་ལུགས་ལྟར་ཚད་དང་མཚན་ཉིད་གང་ཡང་མེད་ནས་ལུས་པར་སྣང་། སྐབས་དེར་དོལ་པོའི་དབུ་ཁྲིད་རིམ་པ་མཐོ་ཤོས་ལ་སྤྱི་ཁྱབ་ཏུ་འབོད་ཅིང་། དེ་བཞིན་ཡུལ་གྱི་དབུ་ཁྲིད་ཟུར་བ་དང་སྐབས་ཐོག་ལས་བྱེད་ལ་བགྲེས་པོ་དང་མགོ་བ་ཞེས་འབོད་སྲོལ་ཡང་དར་འདུག ལམ་ལུགས་དེ་དག་བརླགས་ནས་ལོ་ངོ་བཅུ་ཕྲག་བཞི་ལྔ་ལས་སོང་མེད་ཚོད། དོལ་པོ་ནི་བལ་ཡུལ་ལ་དེ་སྔ་མངའ་སྡེ་བཅུ་བཞི་ཡོད་པ་དེ་ཉེ་དུས་མངའ་སྡེ་བདུན་དུ་བསྡུས་པ་ལས་མངའ་སྡེ་དྲུག་པ་ཀར་ན་ལིའི་ Karnali  Province དང་ཌོལ་པ་རྫོང་གི་ཁོངས་སུ་གཏོགས་ཀྱི་ཡོད། (དེ་སྔ་རྫོང་དོན་ལྔ་ཡོད་དེ་ཉིད་ལས་ད་ལྟ་གཉིས་སྤར་ཏེ་རྫོང་དོན་བདུན་ཡོད།)ཡུལ་ཚོ་སོ་གཉིས་དང་མི་གྲངས་བརྒྱད་སྟོང་ལ་ཉེ་བ་ཞིག་ཡོད་པར་སྣང་ཡང་མི་གྲངས་ཁ་གསལ་ཞིག་འདི་ནས་ཞུ་ཚོད་མི་ཐིག
 ལོ་རྒྱུས་ཐོག་དུས་རབས་བཅུ་བའི་ནང་དོལ་ཕྱོགས་གྲུ་བཞི་༼ཡུལ་མི་ཚོས་དོལ་ཕྱོགས་གྲུ་བཞི་ཞེས་འབོད་སྲོལ་ཡོད། དེང་སང་རྩོམ་ཡིག་རེ་འགའི་ནང་ལ་དོལ་པོ་གྲུ་བཞི་ཞེས་བྲིས་པའང་འདུག༽པུ་རང་རྒྱལ་པོ་བཀྲ་ཤིས་མགོན་ལ་དབང་བར་གྱུར་སྐད། དེ་རྗེས་དུས་རབས་བཅུ་གཅིག་གི་ནང་ལ་ཡ་རྩེ་འཛུམ་གླང་རྒྱལ་པོས་དབང་སྒྱུར་བྱས། དུས་རབས་བཅོ་ལྔ་པའི་ནང་ལ་དོལ་པོ་རང་ལ་ར་ནག་རྒྱལ་པོ་ཞུ་བ་ཞིག་བྱོན་ནས་རང་དབང་གི་ཉི་མ་ཞིག་ཤར་བར་གྲགས། གློ་བོ་རྒྱལ་པོའི་སྲིད་ཇུས་འོག་རང་གི་བུ་མོ་ར་ནག་རྒྱལ་པོའི་ཆུང་མར་བྱིན། དེ་རྗེས་ངན་ཁ་ཟླུམས་ནས་གཟིམ་དཔོན་དཔལ་སྐྱིད་ཞུ་བ་དེས་ཆང་འདུར་ལ་དུག་བསྲེས་ཏེ་བཀྲོངས་སྟབས་རྒྱལ་རྒྱུད་གནས་མ་ཐུབ། ༼དོལ་པོའི་ལོ་རྒྱུས་སྐོར་ཚད་ལྡན་མཁྱེན་འདོད་ཚེ་ཞིབ་ཕྲ་ཆོས་འཁོར་ཚང་འབུམ་རམས་པ་དགེ་བཤེས་ཉི་མ་འོད་ཟེར་མཆོག་གིས་བརྩམས་པའི་དོལ་པོ་མོལ་བའི་གཏམ་ཞུ་བ་ཞིག་<རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།>ཞེས་པའི་དཔེ་དེབ་དེའི་གླེང་བརྗོད་དུ་བྲིས་པར་གསལ་བས་གཟིགས་འཚལ།༽ སྤྱིར་ན་དོལ་པོ་ཕྱོགས་ལ་དེ་སྔ་སྲིད་དོན་གྱི་ཐད་ནས་ལོ་རྒྱུས་ཐོག་མི་སྣ་ཉུང་ཤས་ལས་མེད། འོན་ཀྱང་། ཆོས་ས་ཧ་ཅང་དར་བའི་གནས་ཤིག་ཏུ་གྱུར་ཏེ་དགོན་པ་དང་། དགོན་ཤུལ་ཧ་ཅང་མང་པོ་མཇལ་རྒྱུ་ཡོད། ཁྱིམ་ཚང་གཅིག་ལ་བུ་གསུམ་ཡོད་ཚེ་བུ་གསུམ་བར་བ་ཞེས་ཆོས་ལ་འཇུག་པ་དང་། ཚྭ་དགའ་སོགས་སུ་ལོ་གསུམ་བསྙེན་སྒྲུབ་ཚད་ལྡན་མ་འཁྱོལ་སྔོན་གྲོང་ཆོག་ཕེབས་སྲོལ་མེད་པའི་ལུགས་ཀྱང་ད་བར་ཡོད། གཞན་ཡང་སྔོན་གྱི་དུས་སུ་དགོན་སྡེ་ཆེ་ཁག་མང་ཆེ་བའི་བསྟན་བདག་ཀྱང་རབ་ཏུ་བྱུང་བ་དགེ་སློང་མང་དུ་བྱུང་བར་གསལ་སྟེ། ལྕགས་རི་བླ་མ་བློ་གྲོས་དབང་ཕྱུག་མཆོག་གིས་མགུར་འབུམ་ལས་མཐའ་བཀག་དགོན་དང་། རིན་ཆེན་གླིང་སོགས་ན་དགེ་སློང་མང་དུ་ཡོད་རབས་གསལ་ལ། དོལ་པོའི་གྲུ་དགོན་དུ་གྲགས་པའི་གཡས་འཚེར་དགོན་གྱི་ཁྲི་འཛིན་ལྔ་ཡི་སྔོན་དུ་རབ་ཏུ་བྱུང་བ་ཁོ་ནས་དགོན་པ་འཛིན་སྐྱོང་གནང་པའི་ལོ་རྒྱུས་སྐྱབས་རྗེ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་མཆོག་གིས་ཀྱང་ཡང་ཡང་གསུངས་མྱོང་།
 འཚོ་ཐབས་ཐད་ནས་གླེང་ན་འཚོ་རྟེན་གཙོ་བོ་ས་ཞིང་དང་སྒོ་ཟོག་ཡིན་ལ། དེང་དུས་ཀྱི་འཁྲུལ་ཆས་ཁྲ་ཁྲ་ཟིང་ཟིང་ཡར་རྒྱས་དང་ཡར་རྒྱས་ཟེར་བའི་གནས་སྟངས་དེ་དང་ཁ་ཐག་རིང་མོད་དེ་རྒྱལ་ས་ལྟེ་བ་དང་ཉེ་བའི་གྲོང་གསེབ་ས་ཁུལ་ཉིན་རེའི་ལྟོ་གཡོས་ཀྱང་འདང་མིན་གྱིས་སྡུག་སྐད་ལུང་པ་གང་བ་བྱེད་པར་བཞིགས་ན་སྤྱི་དམངས་ཀྱི་འཚོ་བ་ནི་སྐྱོ་བོ་ཞིག་གཏན་ནས་མ་རེད། སློབ་གྲྭ་དང་སྨན་ཁང་སོགས་འཛུགས་བསྐྲུན་ཐད་ནས་ལོ་རབས་ཉི་ཤུ་ཙམ་ཞིག་གི་ནང་སློབ་གྲྭ་ཁག་བཅོ་ལྔ་དང་། སྨན་ཁང་བརྒྱད་ཙམ་ཡོད་པ་རེད། ཕྱི་དངོས་པོ་དང་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་མུས་སུ་ཡོད་པ་རེད། ཞུ་རྒྱུ་དེ་ཙམ་ཡིན། བཀའ་དྲིན་ཆེ།