ད་ལོའི་དབྱར་ཁར་བློ་ཐག་ཉེ་བའི་དགེ་ལུགས་པའི་གདན་ས་སྲད་རྒྱུད་དགོན་པའི་ཕྱག་མཛོད་ཟུར་པ་བླ་མ་རིག་འཛིན་ལ་བརྩུམ་ལུང་པར་ཡུལ་ཚོ་ག་ཚོད་ཡོད་མེད་བཅར་འདྲི་བྱེད་པའི་སྐལ་བ་རེག་པ་ལྟར། བླ་མས་བརྩུམ་ལུང་པའི་འབྲེལ་ཡོད་མི་སྣ་བརྒྱུད་ནས་བརྩུམ་ལུང་པར་ཡུལ་ཚོ་བཅུ་དགུ་ཙམ་གྱི་ཡུལ་ཚོའི་མིང་རེ་རེ་ཡིག་ཐོག་ལ་ཕབ་ནས་བསྐུར་པ་དང་། བརྩུམ་ལུང་པའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་མི་སྣ་རེ་ཟུང་ངོ་སྤྲོད་བྱས་ན། ཁོང་ཚོ་ལས་བྲེལ་གྱིས་འབྲེལ་འདྲིས་བྱེད་མ་ཐུབ་པར་ལུས་ན།ཡང་སྟེས་དབང་ཞིག་གིས་དགེ་ལུགས་པའི་གདན་ས་ཆེན་པོ་རྒྱུད་སྟོད་དགོན་པ་ན་བཞུགས་པའི་བརྩུམ་ལུང་པའི་དགེ་བཤེས་དོན་གྲུབ་ཚེ་རིང་ལ་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ།བརྩུམ་ལུང་པ་ནི་གནས་དབེན་ཞིང་མཐའ་བཞི་གངས་རིས་བསྐོར་པ་མ་ཟད། གནས་གཤིས་བསིལ་པའི་རང་བཞིན་ལྡན་པས།ཤིང་རིགས་དང་འདབ་ཆགས་རིགས།  རི་དྭགས་རིགས།(དུས་རབས་19ནང་བོད་ནས་འབྲུག་སྤྲུལ་ངག་དབང་མཁྱེན་རབ་མཆོག་གི་སྐུ་ཐོག་གོང་མ་རྫོང་དགའ་དང་བརྩུམ་ལུང་པ་རུ་ཕེབས་ནས་བཀའ་ཆོས་ཐེངས་མང་པོར་གནངས་པ་ལ་བརྟེན་ནས་ཡུལ་མི་ཁྱི་ར་མི་རྒྱག་པའི་མནའ་ཚིག་ཕུལ)སྨན་རིགས་མང་པོ་ཡོད།
བརྩུམ་གྱི་ཤར་ན་རྫོང་དགའ་དང་ལྷོ་རུ་སྐྱིད་གྲོང་།
ནུབ་ན་ནུབ་རི་དང་བྱང་ནི་གཙང་སོགས་ལ་འབྲེལ།
བརྩུམ་ལུང་པ་ལ་གནས་རྩ་ཆེན་མང་པོ་ཡོད་དེ།
གུ་རུའི་སྒྲུབ་ཕུག་དང་མི་ལའི་སྒྲུབ་ཕུག།
ཞབས་རྗེས་སོགས་ལས།  དེ་མིན་(བརྩུམ་ལུང་པའི་ལྷོ་རུ) གུ་རུའི་གཏེར་ཆེན་བརྒྱད་ཀྱི་ཡ་གྱལ་མཆོད་རྟེན་མཇལ་རྒྱུ་ཡོད་ལ། མཆོད་རྟེན་དེ་ཁ་དོག་དཀར་ལ་དབྱིབས་ནི་རྡོ་རྗེ་གདན་གྱི་མཆོད་རྟེན་དང་གཅིག་མཚུངས་ཡིན་པས།  བོད་པས་(སྐྱིད་གྲོང་ཕྱོགས)ཇོ་བོ་བློན་པོ་ཞེས་འབོད་སྲོལ་མཆིས།
བརྩུམ་ལུང་པ་ལ་ར་ཆེན་དགོན་དང་དམུ་དགོན་པ།(རིས་མེད་ཡིན)ལོང་འཕྲང་དགོན་བཅས་ཡོད།དགོན་པ་འདི་གསུམ་ལ་གྲ་བཙུན་240ལྷག་ཡོད་པ་མ་ཟད།  དགོན་པ་གསུམ་གྱི་མངའ་ཁོངས་སུ་ལྷ་ཁང་23ཡོད།  ལྷ་ཁང་དེ་དག་ལ་འཛིན་སྐྱོང་བྱེད་མཁན་ནི་བླ་བྲང་ཁག་ནི།1ཉི་ལོད་བླ་བྲང་། 2སྔགས་བླ་བྲང་།
3ཁང་གསར་བླ་བྲང་།
4དགོན་པ་ཐོད་ཞིང་བླ་བྲང་།
5བྲེ་འབོག་བླ་བྲང་བཅས་ཡིན་ཞིང་།  ཆོས་བརྒྱུད་སྔ་འགྱུར་རྙིང་མ་དར་སྲོལ་ཆེ།
ཕལ་ཆེར་1975ལོར་ཡས་མས་མིན་ནམ།  བལ་ཡུལ་གཞུང་གིས་ས་ཐིག་རྒྱབ་སྟེ་ས་ཐོ་ལག་འཛིན་བྱས་ཤིང་།  བལ་ཡུལ་གཞུང་ལ་ཁྲལ་རིགས་འཇལ་དགོས་པའི་ཁྲིམས་ལག་ལེན་བསྟར།
ད་ལྟ་བརྩུམ་ལུང་པ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་(gandaki)གྷན་སྒྲ་ཁེ་མངའ་སྡེ་དང(gorkha)
གོར་ཁ་རྫོང་།  སྔར་རྡོ་ཐང་ཟེར་ཞིང་ད་ལྟ་གྲོང་སྡེ་ཕེ་ལིན(philim)ན་ཆགས།
བརྩུམ་ལུང་པའི་ཆས་གོས་དང་སྐད་རིགས།ཆོས་ལུགས་དད་མོས་སོགས་བོད་དང་གཅིག་པ་གཅིག་རྐྱང་ཡིན།
བརྩུམ་ལུང་པའི་སྟོད་ཕྱོགས་ལ་ཡར་པ་དང སྨད་ཕྱོགས་ལ་དབུས་ཤོད་པ་ཟེར་ཞིང་།མི་འབོར4800ཡས་མས་ཙམ་ཡོད།
ཡར་པ་ལ་ཡུལ་ཚོ་ལྔ་ཡོད་དེ།1(1)ཆོ་སྒང་།(2)པག་རོ།(3)རྫོང་བཅས་ཡུལ་ཚོ་གཅིག།2(1)སྔགས།(2) སྔགས་རྒྱུ། (3)སླས་རུ་བཅས་ཡུལ་ཚོ་གཅིག3བུར་ལྕེ་ཡུལ་ཚོ་གཅིག།4(1)ལར།(2)ཕུར་པད།(3)སྤང་མདུནབཅས་ཡུལ་ཚོ་གཅིག།5(1)ཕྱུག་ལེ།   (2)ཉི་ལོད་བཅས་ཡུལ་ཚོ་གཅིག་བཅས་བསྡོམ ས་ན་ཡུལ་ཚོ་ལྔ་ཡོད།
དབུས་ཤོད་པ་ལ་ཡུལ་ཚོ་དགུ་ཡོད་དེ།  1ལོག་པ།
2སྲིབ་བཅད།3བརྩུམ་གླིང་།4ལྟག་འཇུག
5དགོན་པ།  6ཡར་ཕྱོགས། 7ཁང་རིང་།
8བྲང་ཁར། 9ཞིང་མ་ཆེ་བཅས་སོ།
བརྩུམ་ལུང་པའི་མི་རྒྱུད་ནི་མདོ་ཁམས་མི་ཉག་ཐང་ལུ་འམ་ཐང་གུའི་རིགས་གཅིག་དང་ཁྱུང་པོ་དཀར་པོའི་རིགས་གཅིག་བཅས་དབུས་ཤོད་གཡུ་བྲག་གམ་གཡུ་ཕྲེང་། ཡང་ན་ཞང་སྣ་བོ་ཆེན་པའི་མི་རྒྱུད་ཡིན་རབས་དང་བློན་ཆེན། བླ་ཆེན་གྱི་མི་རབས་ཡིན་རབས་གྲགས་ཆེ་པས།
གཙང་དང་སྐྱིད་རོང་།  རྫོང་དགའ་སོགས་ན་ཡོད་པའི་མི་ཚང་ཆེན་པོའི་བར་ལ་གཉེན་སྲོལ་འཛིན་པའི་གོམས་སྲོལ་འདུག
དེ་མིན་སྐལ་བ་སྔ་མོར་བརྩུམ་ལུང་པ་ནི་སྟོད་རྫོང་དགའ་ལ་འབྲེལ་བ་ཆེ་ཞིང་།  འབྲུ་རིགས་དང་མར་ཕྱུར་སོགས་བརྩུམ་གླིང་རྫོང(གྱང་གོག་ཁ་ཤས་མཐོང་རྒྱུ་ཡོད)་ལ་ཁྲལ་བསྡུས་ནས་རྫོང་དགའ་ལ་ཁྲལ་འཇལ་སྲོལ་ཡོད་པ་བགྲེས་པོ་ཚོ་བཤད་སྲོལ་མང་ན།
ཁོ་བོས་གང་ཙམ་དྲན་པ་ཞུ་བ་མ་གཏོགས། ཞིབ་ཕྲ་ཞུ་ཤེས་མ་སོང་། ཐུགས་རྗེ་ཆེ།