བླ་མ་འཕྲིན་ལས་རྒྱ་མཚོ་ལགས་ཁམས་བཟང་། ཉིད་ཀྱིས་གཙོ་སྒྲིག་བྱས་པའི་((མུ་གུམ་ཚོང་འདུས་ཀྱི་ལོ་རྒྱུས་སྔོན་མེད་རབ་གསལ་སྒྲོན་མེ))ཞེས་པ་མུ་གུམ་ལུང་པའི་སློབ་དཔོན་ཤེལ་སྣང་རྒྱ་མཚོས་(སྤྱི་ལོ2012)ཆེད་དུ་གསོལ་རས་བསྩལ་ཞིང་།གུས་པས་ལས་ཀའི་བར་གསེང་ནས་མཇལ་བའི་གོ་སྐབས་དམ་འཛིན་བྱས་པའི་མཐར།མུ་གུམ་པ་དང་ཀརྨ་རོང་པ(ཡུལ་ཚོ་བཅུ་གསུམ)་ཞེས་ལུང་པ་གཉིས་ཙམ་ངོ་ཤེས་པ་མ་ཟད།སྔར་ཡ་རྩེ་རྒྱལ་རྒྱུད་དང་འཛུམ་ལ་རྒྱལ་རྒྱུད་ཀྱིས་དབང་རྒྱུར་བྱས་པའི་ལོ་རྒྱུས་ཀྱི་མངའ་ཁོངས་ཤིག་གསར་དུ་རྙེད་པ་སྔར་མེད་ཀྱི་ལོ་རྒྱུས་ལ་དང་དོད་བསྐྱེད་བཞིན། མུ་གུམ་དང་ཀརྨ་རོང་པ་གཉིས་དེང་རྒྱལ་ཁོངས་གང་ངམ་མངའ་སྡེའི་གང་།རྫོང་གང་ལ་གཏོགས་པ།ཡུལ་ཚོ་ཅི་ཙམ་ཡོད་མེད་སྐོར་བཀའ་འདྲི་ཞུ་སྙིང་འདོད་སོང་།
 
མུ་གུམ་ལུང་པ་ནི་བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་ནུབ་བྱང་ཀར་ཎ་ལི་མངའ་སྡེར་རྫོང་ཁག་ལྔ་ཡོད་པའི་ནང་ཚན་མུ་གུ་རྫོང་གི་ལྟེ་གནས་གུམ་ག་ཌྷི་༼GUMGADHI ༽ནས་བྱང་ཕྱོགས་ལ་ཉིན་གཉིས་ཙམ་གྱི་རྐང་འགྲོས་ཀྱིས་ཕྱིན་ན། རྒྱབ་རི་སྔོ་ལང་ནི་མཐོ་ལ་བརྗིད་ཆགས་པ་དང་། རི་གཤམ་ནགས་རི་ཁེངས། ཡུལ་སྐད་དུ་༼འཕྱར་སྐྱུ༽ཞེས་འབོད་པའི་དྭངས་གཙང་ལྷ་ཆབ་དཀར་མོ་དར་དཀར་དཔྱངས་པ་ལྟར་འབབ་པའི་མདུན་ཕྱོགས་ནས་མུ་གུམ་གཙང་པོའམ་གཞུང་འབྲེལ་གྱི་མིང་དུ་༼མུ་གུ་ཀར་ཎ་ལི་ཁོ་ལ༽ཞེས་པའི་ཆུ་བོའི་འགྲམ་ན་ཆགས། (ཕལ་ཆེར་རྒྱ་མཚོའི་ངོས་ཀྱི་མཐོ་ཚད3350)དེ་ནས་སྤྱི་ལེ༣༠ཙམ་གྱི་བྱང་ཕྱོགས་ན་བོད་ལྗོངས་མངའ་རིས་འབྲོང་པ་རྫོང་།(དེང་གཞིིས་ཀ་རྩེ་ཁུལ)ཤར་ཕྱོགས་ལ་དོལ་པོ་དང་གློོ་སྨོན་ཐང་།ནུབ་ཕྱོགས་ན་འོམ་ལ་དང་གླེ་མི།ལྷོ་ཕྱོགས་ལ་ཀརྨ་རོང་དང་མོན(ནེ་པ་ལའི་ཧིན་རྡུ་མི་རིགས)བཅས་ས་འབྲེལ་ཡིན། དུས་འགྱུར་མ་བྱུང་བའི་བར་དུ་མུ་གུམ་གཙང་པོ་ལྷོ་རྒྱུད་ཁུལ་དུ་གནས་པའི་བོད་རིགས་དང་། ལྷོ་རོང་གི་མོན།སྟོད་མངའ་རིས་ཀྱི་འབྲོང་པ་རྫོང་གི་འབྲོག་པ་རུན་ཐོན་དང་། ཧོར་པ། བར་ཡངས། སྐྱེས་ལག་བཅས་ཀྱིས་ཚོང་ལས་བྱ་ཡུལ་གྱིི་ས་ཚིག་གལ་ཆེན་ལྟེ་གནས་ཞིག་ཏུ་གྱུར་བ་བསྟུན་ནས། གྲོང་ཚོ་ཆུང་ངུ་འདིའི་མིང་ལ་མུ་གུམ་ཚོང་འདུས་ཞེས་ཡོངས་སུ་གྲགས། ཐོག་མར་ཆགས་རབས་ནི་མུམ་མམ་མུ་གུམ་ཚོང་འདུས་འདི་ནི་དུས་རབས་བཅུ་གཉིས་པའི་ནང་ཡ་རྩེ་རྒྱལ་པོ་མངའ་བདག་གྲགས་པ་ལྡེའི་ སྐབས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་ཆོས་རྗེ་དཀོན་མཆོག་མགོན་པོའམ་བྱམས་པ་མགོན་པོས་ཕྱག་བཏབ་པར་གྲགས།
མུ་གུམ་པའི་མི་རྒྱུད་ལ་ཁམས་ཁྱུང་པོ། ཁམས་ཏྲེ་ཧོར།  སོག་པོ།  མངའ་རིས་འབྲོག་སྡེ། དོལ་པོ་གཙོ་བྱས་པ་དང་མོན་ཡུལ་གྱི་རོག་ག་སོགས་ནས་མཆེད་པའི་བཤད་རྒྱུན་མང་ན།  རེ་རེ་ཞིབ་ཕྲ་ཞུ་ཡ་དཀའ་ལས་འདུག མུ་གུམ་གྱི་ས་ཁུངས་ནི་ཐོག་མར་དུས་རབས་བཅུ་པའི་ནང་ནས་བཅུ་དྲུག་བར་མཇུག་བར་དུ་སྤུ་ཧྲེང་གི་རྒྱལ་རྒྱུད་སྐྱིད་ལྡེ་ཉི་མ་མགོན་ནས་མཆེད་པའི་ཡ་རྩེ་རྒྱལ་པོ་དང་འཛུམ་ལང་རྒྱལ་པོ(ཡ་རྩེ་རྒྱལ་རྒྱུད་ཆད་ནས་མོན་གྱི་བློན་པོ་བ་ལི་རཱ་ཛའི་རྒྱལ་རྒྱུད)གཉིས་ཀྱིས་དབང་བསྒྱུར་བྱས་མྱོང་པ་དང་། ཕྱི་ལོ༡༧༦༨ལོར་གོར་ཥ་རྒྱལ་པོས་བོད་དང་རྒྱ་གར་བར་གྱི་རྒྱལ་ཕྲན་མང་པོར་མངའ་དབང་བསྒྱུར་ཏེ་ཡོངས་རྫོགས་གཅིག་བསྒྲིལ་གྱིས་ནེ་པཱལ་རྒྱལ་ཁབ་གསར་དུ་བཙུགས་པའི་རྗེས།ཕལ་ཆེར་ཕྱི་ལོ༡༧༨༠ཙམ་ནས་བཟུང་ནེ་པཱལ་གྱི་མངའ་འོག་དུ་ཚུད་པར་བསམ། མུ་གུམ་ལུང་པ་ལ་ཆོས་བརྒྱུད་དར་སྟངས་ནི་ཆོས་རྗེ་དཀོན་མཆོག་མགོན་པོ་(འབྲི་གུང)དང་མངའ་རིས་པཎ་ཆེན(གློ་བོ་རུ་འཁྲུངས) དངོས་སློབ་དོལ་པོ་བླ་མ་བློ་གྲོས་དབང་ཕྱུག།(རྙིང་མ)ངོར་ཆེན་བསོད་ནམས་བློ་གྲོས་(ས་སྐྱ)སོགས་ཀྱིས་ས་རྙིང་བཀའ་བརྒྱུད་རྒྱ་ཆེར་སྤེལ་ལ། གཞན་གཏེར་ཆུ་རོང་རྟ་གྲུ་ཨོ་རྒྱན་བསྟན་འཛིན་ཡབ་སྲས་རྒྱུད་པའི་སྐུ་དྲིན་ལས་སྔ་འགྱུར་རྙིང་མའི་ཆོས་རྒྱུད་དར་ཏེ་ད་བར་མ་ཉམས་པར་གནས་ཤིང་།རི་བོ་དགེ་ལྡན་པ་བསྟན་པ་ཡུལ་འདི་ལ་དར་པ་གསལ་ཁ་མི་འདུག
 
དུས་རབས་བཅུ་དགུ་པའི་མགོ་ཙམ་ལ་ནེ་པཱ་ལའི་རྒྱལ་པོ་མ་ཧིན་ངྷར་༼MAHINDHAR༽གྱི་དུས་སུ་མངའ་སྡེའི་ལས་ཁུངས་ཀྱི་ལྟེ་གནས་༼RARALAKE༽མཚོ་ར་རའི་ཉེ་འདབས་སུ་གསར་བཙུགས་སྐབས།སྔ་མོར་བོད་དང་ནེ་པཱལ་་་བར་གྱི་ཚོང་ལས་བྱ་ཡུལ་གྱི་ལྟེ་གནས་༼MUGU༽མུ་གུམ་གྱི་ཡུལ་མིང་དེ་ཉིད་རྫོང་གི་མིང་དུ་བསྒྱུར་ཏེ་མུ་གུ་རྫོང་ཞེས་བཏགས།
དེ་མིན་ཡ་རྩེའི་རྒྱལ་རྒྱུད་དང་འཛུམ་ལ་རྒྱལ་རྒྱུད་གཉིས་ཀྱིས་ ཕྱི་ལོའི་དུས་རབས་བཅུ་གཅིག་ནས་བཟུང་ཕལ་ཆེར་དུས་རབས་བཅུ་བདུན་པའི་མཇུག་བར་དུ་འཛུམ་ལང་༼JUMLA༽དང་། ཡ་རྩེ་༼SHIZA༽། མུ་གུམ་༼MUGU༽སོགས་ཀར་ཎ་ལི་མངའ་སྡེའི་དོལ་པོ། གླེ་མེ། མུ་གུམ། འཛུམ་ལང་། ཀ་ལི་ཀོཊ།འོམ་ལ་བཅས་ལ་དབང་བསྒྱུར་ཞིང་།སྐབས་དེའི་རིང་ལ་ནང་པའི་རྗེས་འཇུག་པ་གཙང་མ་ཡིན་ཏེ། ཡ་རྩེ་རྒྱལ་པོ་བཅོ་བརྒྱད་དང་འཛུམ་ལའི་རྒྱལ་པོ་ལྔའི་རྒྱལ་ཁབ་ཡིན། ཡ་རྩེ་དང་འཛུམ་ལང་ རྒྱལ་རྒྱུད་རིམ་བྱོན་རྣམས་ཀྱིས་ཕྱག་བཏབ་པའི་སུར་ཁྱེད་༼SURKHET༽ཀ་ཀི་བི་ཧར་ངོ་མཚར་ཅན་གྱི་གནའ་ཤུལ། ཡ་རྩེ་རྒྱལ་པོའི་དགུན་ས་ངྷེ་ཧི་ལེག་༼DEHILEKH DULHU༽གི་རྒྱལ་ཁང་དང་རྡོ་རིང་། ཡ་རྩེ་ཧར་ཤི་ཛར་༼HARSHIZA༽དབྱར་སའི་རྒྱལ་ཁང་། ལྷ་ཁང་དང་མཆོད་རྟེན་རྙིང་པ། འཛུམ་ལང་དུ་མཆོད་རྟེན་རྙིང་པ་དང་ནང་པའི་ཟངས་སྐུ་བྱིན་རླབས་ཅན་འདྲ་མིན་མང་པོ་ཡོད་པ་མངོན་སུམ་དུ་མཇལ་རྒྱུ་ཡོད་ན། བརྟག་དཔྱད་དེ་ཙམ་བྱེད་མ་ཐུབ། མུ་གུམ་ལུང་པ་ན་ཡ་རྩེ་རྒྱལ་རབས་བཅུ་གཅིག་པ་རི་བུ་རྨལ་གྱི་རྡོ་རིང་སོགས་ད་ལྟ་མངོན་སུམ་མིག་ལ་མཇལ་རྒྱུའི་དཔུང་རྟགས་ཡོད། དེ་ཙམ་མ་ཡིན་པར་རྒྱ་གར་པན་ཆེན་པདྨ་སམ་བྷའི་བཀའ་ཐང་དུ་ཡ་རྩེ་ཞེས་པའི་མིང་གི་ཐ་སྙད་གསལ་ཞིང་། དུས་རབས་བཅུ་པ་ཙམ་ནས་བོད་ཀྱི་མངའ་རིས་ ི་སྤུ་རང་རྒྱལ་པོ་སྐྱིད་ལྡེ་ཉི་མ་མགོན་གྱི་རྒྱལ་རྒྱུད་ལས་མཆེད་པའི་ནང་པའི་རྒྱལ་པོ་ཁས་སམ་ཤི་ཛ་ར་ཛཱ་༼ཡ་རྩེ༽ཐོག་མ་ནཱ་ག་དེ་བ་སོགས་ཡ་རྩེའི་རྒྱལ་པོ་རྒྱལ་རབས་བཅོ་བརྒྱད་དང་འཛུམ་ལའི་རྒྱལ་པོ་ལྔ་(མོན་གྱི་བློན་པོ་བ་ལི་རཱ་ཛའི་རྒྱུད་བཅས་རིམ་པར་བྱུང་ཡོད་པ་ནི་ལོ་རྒྱུས་དེབ་ཐེར་ཁྲོད་ན་གསལ་པོ་བཀོད་འདུག་ན།ལྷག་པར་ཡ་རྩེའི་རྒྱལ་རབས་ལྔ་པ་གྲགས་པ་ལྡེས༼ཀྲ་ཀལ་ཀ༽འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་སྤྱན་མངའ་ཤེས་རབ་འབྱུང་གནས་གསེར་གྱི་མདོ་ལི་ལ་བཏེགས་ནས་འཛུམ་ལའི་རྒྱལ་ས་རུ་སྤྱན་དྲངས་ཏེ་དབུ་བླར་བསྟེན་ཞིང་འབྲི་གུང་པའི་བསྟན་པ་སྤེལ་པ་དང་། མུ་གུམ་ཡུལ་འདི་ཁོང་ཉིད་ལ་སྐུ་ཡོན་གྱི་ཚུལ་དུ་ཕུལ།
རྒྱལ་རབས་དྲུག་པ་ཨ་སོ་ལྡེའི་སྐབས། བལ་ཡུལ་ཀ་ཋ་མན་གྲུ།ལུམ་བི་ནི་བཅས་རེ་ཞིག་དབང་བསྒྱུར་བྱས་ཤིང་། རྒྱ་གར་རྡོ་རྗེ་གདན་ཕྱི་པའི་དམག་གིས་དབང་དུ་སྡུས་ཏེ་དབང་བསྒྱུར་བྱེད་བཞིན་པ་ ཨ་སོ་ལྡེ་ཁོང་གིས་ཐབས་མཁས་ཀྱིས་ཚུར་ལངས་ནས་ནང་པའི་རྒྱལ་པོར་ཕུལ་བའིི་ལོ་རྒྱུས་ཁག་གྲུབ་ཐོབ་ཨོ་རྒྱན་དཔལ་གྱི་རྣམ་ཐར་ནང་གསལ། དུས་རབས་བཅུ་གསུམ་པར་རྒྱལ་རབས་བཅུ་གཅིག་པ་རི་བུ་རྨལ་ནས་བཟུང་ས་སྐྱའི་བླ་མ་རྣམས་དབུ་བླར་བསྟེན་ནས་ནང་པའི་བསྟན་པ་མི་ཉམས་གོང་འཕེལ་དུ་བཏང་འདུག རྒྱལ་པོ་འདི་ནི་འཇོན་ཐང་དང་སྟོབས་ཤུགས་ཆེ་བའི་དབང་གིས་ཀཋ་མན་གྲུ། ལུམ་བི་ནི། རྒྱ་གར་རྡོ་རྗེ་གདན་བཅས་སོགས་སུ་གནས་བསྐོར་བསྐྱོད་སྐབས་རང་གི་མིང་༼རི་བུ་རྨལ༽ཞེས་པ་ས་གནས་དེ་དག་གི་རྡོ་རིང་སྟེང་དུ་བཀོད་པ་དེང་སང་ཡང་གསལ་བར་མཇལ་རྒྱུ་ཡོད། ས་སྐྱའི་བླ་མ་ངོར་ཆེན་ཀུན་དབང་བཟང་པོས་ཡ་རྩེའི་རྒྱལ་རབས་བཅུ་གསུམ་པ་པྲ་ཏི་རྨལ་དང་ཁོང་གི་བློན་པོ་བཅས་བར་ཕན་ཚུན་ལེགས་སྐྱེས་དང་འཕྲིན་ཡིག་བསྐུར་ཚུལ་སོགས་ཁོང་གི་རྣམ་ཐར་ནང་གསལ། ཕྱི་ལོ་དུས་རབས་བཅུ་དྲུག་པའི་ནང་འཛུམ་ལའི་རྒྱལ་པོ་ལྔའི་རིང་ལ་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་ཤིན་ཏུ་ཐུགས་མཐུན་ཞིང་ཕན་ཚུན་ལེགས་སྐྱེས་ཕུལ་རེ་བྱས་པ་སོགས་ཁོང་གི་རྣམ་ཐར་ན་གསལ་པ་མ་ཟད། འཛུམ་ལའི་རྒྱལ་པོས་ཕྱི་ལོ་༡༦༦༠ཙམ་ལ་ནུབ་ཕྱོགས་དོལ་པོར་དགོན་པ་བརྒྱ་དང་བརྒྱད་བཞེངས་ཤིང་།ས་འདུལ་དགོན་པ་ཉམས་གསོ་གནང་བའི་ལོ་རྒྱུས་ཁུངས་ལྡན་ཡང་འདུག གཞན་ཡང་རྙིང་མའི་གཏེར་སྟོན་སངས་རྒྱས་བླ་མའི་སྐུ་སྐྱེ་གཏེར་སྟོན་རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ་ཡང་འཛུམ་ལར་སྐུ་འཁྲུངས་ཤིང་གུ་རུའི་གཏེར་ཁ་བཞེས་པའི་ལོ་རྒྱུས་གཙང་མ་ཡོད།
མུ་གུ་རྫོང་ལ་མུ་གུམ་ཡུལ་ཚོ་(གྲོང་ཚོ་ཆེན་པོ)གཅིག་(མི་འབོར2000ཙམ)དང་དགོན་པ་བརྒྱད་ཙམ་ཡོད་དེ།1ལྕམ་ཅན་བྲག་ཆ་ལྷ་མོ་དགོན་པའམ་འབུམ་པ་ཐར་པ་དགོན་པ།2དགོན་པ་ལ་ཁའི་དགོན་པ། 3བྲག་སྔོན་གསང་སྔགས་ཆོས་གླིང་།  4སྡོམ་གདོང་དབྱར་གྱི་དགོན་པ།   5མདོ་སྔགས་ཆོས་གླིང་དགོན་པ།   6གཟིམ་ཁང་བར་མ།  7ཁ་བ་ལུང་དགོན་པ།
8ཨ་ར་རུ་དགོན་པ་བཅས་ཡོད།
ཀརྨ་རོང་ལ་ཡུལ་ཚོ་(གྲོང་གསེབ་ཆུང་ཆུང)བཅུ་གསུམ་(མི་འབོར3000)་ཡོད་པ་ནི།1བཅུ་རེ། 2དོལ་པ། 3མཐའ་རང་།4 ཀར་ཏི།5 དྷ་ར། 6ཁ་བ། 7དག་པ། 8སྤུ་བ།9 ཨུ་རེ། 10དམངས་པ།11 རྨེར་ཕ། 12ཤོ་རོག་པ།    13ཀྱུག་པ་སོགས།དེ་མིན་དགོན་པ་དྲུག་ཙམ་གྱི་དགོན་ཐོ་རེག་པ་ནི།1ཤོ་རོག་ཟབ་ཏིག་ཆོས་གླིང་དགོན།2ཀྱུག་པ་ཡིད་དགའ་ཆོས་གླིང་དགོན།3མེར་བཏང་བསམ་ཡས་ཆོས་གླིང་དགོན།  4ཟངས་དོལ་པོ་ཨོ་རྒྱན་བསྟན་གཉིས་གླིང་།   5ཨུ་རེ་བདུད་འདུལ་ཆོས་གླིང་དགོན།  6ཀར་ཏི་པདྨ་ཆོས་གླིང་དགོན། ཀརྨ་རོང་གི་ལོ་རྒྱུས་ནི་གུས་པས་ཤེས་ཚོད་ལ་དུས་རབས་བཅུ་བཞི་པའི་སྐབས་ཀྱི་ལོ་རྒྱུས་དེབ་ཐེར་འགའ་དང་མུ་གུམ་པའི་བླ་མ་རྣམས་ཀྱི་རྣམ་ཐར་རོབ་ཙམ་ཡོད་པ་མ་གཏོགས།  རྒྱས་པར་ནི་བཤད་རྒྱུ་མེད། གང་ལྟར་མུ་གུམ་དང་ཀརྨ་རོང་གཉིས་ནི་ཆོས་དང་འཇིག་རྟེན་གང་འཐད་ནས་ནང་པ་གཙང་མ་ཡིན་ལ་ཧི་མ་ཡ་ལའི་རི་རྒྱུད་ཀྱི་བོད་རིགས་ཡིན་པ་བསྙོན་དུ་མེད།
སྔོན་དུས་མུ་གུམ་ཡུལ་ཚོ་གཅིག་དང་།ཀརྨ་རོང་ཡུལ་ཚོ་བཅུ་གསུམ་བཅས་པ་(VDC ༼Village Development Committee)བལ་ཡུལ་གཞུང་གིས་ཁག་བཞིར་བསྒྱུར་ནས་བཞག་ཡོད། དུས་ཀྱིི་འཕོ་འགྱུར་གྱི་དབང་གིས་བལ་ཡུལ་གཞུང་གིས་སྔ་ལོ་ཕྱི་ལོ༢༠༡༧ནས་བཟུང་སྟེ་མུ་གུམ་ཀརྨ་རོང་ནི་ཡུལ་ཚོ་ཆེན་པོ་གཅིག་ཏུ་བསྒྲིལ་ནས(MUGUM KARMA RONG GAUPALIKA)ཞེས་རྩ་ཁྲིམས་ཀྱི་གསར་པའི་སྒྲོམ་གཞིའི་འོག་ཁོད་ཡོད། མུ་གུམ་དང་ཀརྨ་རོང་གི་ནམ་རྒྱུན་གྱི་འཚོ་བ་སྐྱེལ་སྐྱེལ་སྟངས།སྐད་རིགས། ལུགས་སྲོལ། ཆོས་ལུགས། ཆས་གོས། སོགས་ཕལ་ཆེར་འདྲ་བོ་ཡོད་ལ། ཕན་ཚུན་བར་གྱི་འབྲེལ་འདྲིས་ནི་སྤུན་དང་གྲོགས་པོ་ལྟ་བུའིི་བྱམས་བརྩེ་ཡོད། རྒྱས་པར་གཟིགས་འདོད་ཚེ། ཁོ་བོས་རྩོམ་སྒྲིག་བྱས་པའི་མུ་གུམ་གྱི་ལོ་རྒྱུས་སྔོན་མེད་རབ་གསལ་སྒྲོན་མེ་ལ་གཟིགས་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།