སྙིང་དོན།

འདིར་སྤྲིན་གྱི་ཕོ་ཉ་དང་བྱ་ལེན་མ་ལས་མངོན་པའི་བུད་མེད་ཀྱི་མཛེས་པ་གཙོར་འདོན་གྱིས།  གྲགས་པ་ཆེ་བའི་བརྩམས་ཆོས་ཟུང་ལ་བུད་མེད་ཀྱི་མཛེས་པའི་ཟུར་ངོས་ནས་རྒྱུས་ལོན་བགྱི་བ་དམིགས་པ་དང་པོ་ཡིན། དེ་འདྲ་བ་ཞིག་བྱུང་བར་བརྩམས་ཆོས་གཉིས་ཀྱི་སློབ་ཁྲིད་ཀྱི་མྱོང་བ་གཙོ་བོར་བརྟེན་དགོས་བྱུང་།  རྒྱུ་མཚན་ད་བར་དེའི་སྐོར་ནས་རང་རེའི་སྐད་དུ་ཆེད་དུ་དཔྱད་བརྗོད་མེད་པ་གྲང་།  

ངོ་སྤྲོད།

བརྩམས་ཆོས་འདི་གཉིས་ནི་གནའ་བོརྒྱ་གར་ལ་གྲགས་པ་ཤིན་ཏུ་ཆེ་བ་དང་འདིའི་རྩོམ་པོ་ཡང་རྒྱ་གར་གྱི་རྩོམ་སྲོལ་གཉིས་ལས་རྒྱ་གར་ཤར་པའི་ལུགས་ཀྱི་ཚབ་མཚོན་ནམ་རྐང་འཛིན་རྩོམ་པ་པོ་ཡིན་ནོ།།  བརྩམས་ཆོས་འདི་གཉིས་ལས་རྒྱ་གར་ལ་གྲགས་ཆེ་བ་ནི་བྱ་ལེན་མ་ཡིན་ཡང་།   བོད་འགྱུར་ལ་སྤྲིན་གྱི་ཕོ་ཉ་ཡིན་པ་དང་དེ་ནི་འཛམ་གླིང་གི་འགྱུར་སྔ་ཤོས་ཡིན་འདུག  རེད་ཀྱང་།  སྤྲིན་གྱི་ཕོ་ཉ་བོད་འགྱུར་མཛད་ནས་དུས་རབས་ཉི་ཤུ་བར་དུ་འགྲེལ་བ་དང་དཔྱད་བརྗོད་སོགས་ཅི་ཡང་བྱུང་མི་འདུག   བྱ་ལེན་མ་ནི་རྒྱ་གར་ཙམ་མིན་པར་འཛམ་གླིང་ལ་ཤིན་ཏུ་གྲགས་ཆེ་ལ།  ལར་ནག་མོ་ཁོལ་གྱི་བརྩམས་ཆོས་ཡོངས་ལས་གྲགས་ཆེ་བ་འདི་ཡིན་འདུག  དེ་དང་འབྲེལ་བའི་རྒྱ་གར་ལ་བཤད་སྲོལ་ཞིག་ལ།  ཟློས་གར་སྙན་ངག་ཀུན་ཀྱང་མཛེས།  དེ་ལས་ཤཀུནྟལཱ་མཛེས།  ཤཀུནྟ་ལཱ་ཀུན་ཀྱང་མཛེས།  དེ་ལས་ཡན་ལག་བཞི་པ་མཛེས། ཞེས་ཟེར།  བརྩམས་ཆོས་འདི་ཕྱི་ལོ་༡༧༨༩་ལོར་ཕྱི་གླིང་བ་བེ་ལེམ་ཇོན་སིས(William Jones)་ལེགས་སྦྱར་ནས་དབྱིན་སྐད་དུ་བསྒྱུར་ཅིང་།  ཕྱི་ལོ་༡༧༩༡་ལོར་རྗོར་རྗི་ཧྥོར་སི་ཏྲིར་(George Forster)་ལགས་ཀྱིས་དབྱིན་ཇི་ནས་འཇར་མན་སྐད་དུ་བསྒྱུར་རྗེས།  འཇར་མན་དང་ཡོ་རོབ་ཏུ་སྐད་གྲགས་ཕྱིན་ཅིང་འཇར་མན་གྱི་རྩོ་པ་པོ་སྐོར་ཞིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་འདུག  བོད་སྐད་དུ་དུས་རབས་ཉི་ཤུ་བའི་ནང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བསྒྱུར་ཅིང་ད་ལྟ་དེ་ལས་རབ་བསྟོད་ཀྱི་ཡན་ལག་དང་ཡན་ལག་དང་པོ་ལས་མི་འདུག  ཕྱི་ལོ༢༠༠༩་ཨོ་རྒྱན་ལགས་ཀྱིས་ཡན་ལག་གཞན་ཆ་ཚང་བོད་སྐད་དུ་ཡོངས་སུ་བསྒྱུར་ཏེ་ད་ལྟ་ཡན་ལག་བདུན་ཆ་ཚང་བོད་སྐད་དུ་མཆིས།།  འོན་ཏེ།  ད་སྔར་སྤྲིན་གྱི་ཕོ་ཉའི་སྐོར་ནས་སྤྱི་བབ་ཙམ་གྱི་དཔྱད་བརྗོད་འཕེར་བོ་ཁག་ཅིག་ཡོད་ཀྱང་། དེ་དག་གིས་ཟུར་ངོས་རེ་རེ་ལ་བབས་ཏེ་དཔྱད་བརྗོད་རྩོམ་ཡིག་གཅིག་ལས་མ་མཐོང་།    གཞན་བྱ་ལེན་མའི་སྐོར་དཔྱད་བརྗོད་གཅིག་ལས་ལག་སོན་མ་བྱུང་།   དེ་བས་ད་ཐེངས་རང་ངོས་ནས་སྤྲིན་གྱི་ཕོ་ཉ་དང་བྱ་ལེན་མ་གཉིས་ལས་མངོན་པའི་བུད་མེད་ཀྱི་མཛེས་པ་ཁོ་ནར་ཟུར་དཔྱད་བགྱི་ཁུལ་ཡིན་ནོ།།

བསྐྱར་ཞིབ།

མིག་སྔར་ལག་སོན་བྱུང་བའི་སྤྲིན་གྱི་ཕོ་ཉའི་སྐོར་ནས་འགྲེལ་བ་ལྔ་དང་གཞན་ཡིག་ཆའམ་དཔྱད་བརྗོད་ཀྱི་གྲངས་འབོར་བཅུ་དྲུག་ཙམ་ལས་མ་བྱུང་གྲང་།  དེ་བཞིན་བྱ་ལེན་མའི་སྐོར་ནས་ཀྱང་འགྱུར་མ་དང་དཔྱད་བརྗོད་ཅིག་ལས་ལག་སོན་མ་བྱུང་།  དེ་དག་ལས་ཆེད་དུ་བུད་མེད་ཀྱི་སྐོར་ནས་དཔྱད་བརྗོད་སྤེལ་བ་དང་བཤད་པ་བཏང་བ་གང་ཡང་མ་མཆིས།  རེད་ཀྱང་།  བརྩམས་ཆོས་གཉིས་ཆའི་གཞི་ནི་བུད་མེད་དམ་མཛེས་མ་དང་ཧ་ཅང་འབྲེལ་ཆགས་པ་ཞིག་རེད་འདུག་སྟེ།  སྤྲིན་གྱི་ཕོ་ཉའི་ནང་དོན་གཙོ་བོ་སྙན་ངག་པས་རང་གི་དགའ་མ་དྲན་དྲགས་ཏེ།  སྤྲིན་པ་གཙོ་བོར་བྱས་པའི་རང་གི་ཕོ་ཉར་བཀུག་ཅིང་རང་གི་སེམས་ཁམས་དགའ་མ་ལ་ཤེས་སུ་འཇུག་ཆེད་ཡིན་འདུག  དེ་བཞིན་བྱ་ལེན་མའི་ཟློས་གར་གྱི་བརྩམས་ཆོས་རང་གི་ཁ་བྱང་ལ་ཡང་བྱ་ལེན་མ་ཞེས་དེའི་ནང་གི་མི་སྣ་གཙོ་བོ་བུད་མེད་དེའི་མིང་བཏགས་ཡོད་ཅིང་།  ནང་དོན་གྱི་ཐད་ནས་རྒྱལ་པོ་འདུལ་དཀའ་དང་བྱ་ལེན་མ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་འདུག  དེ་བས་བརྩམས་ཆོས་གཉིས་ཀའི་ནང་དུ་བུད་མེད་ཀྱི་མཛེས་པ་སྣ་ཚོགས་ཟུར་ངོས་རེ་ནས་ཐོན་ཡོད་ལ།  དེ་ཡང་རྩོམ་པ་པོ་གཅིག་གིས་འབྲི་བཞེངས་བྱས་ཡོད་པས་ཞིབ་བསྡུར་གྱི་ཆ་ཞིག་ཀྱང་ཡོད་གྲང་།  ཡིན་ཙ་ན་ངོས་ཀྱིས་དེའི་སྐོར་ལ་དཔྱད་བརྗོད་བགྱི་བ་འདི་ལགས།

སྤྲིན་གྱི་ཕོ་ཉ་དང་བྱ་ལེན་མ་ལས་མངོན་པའི་བུད་མེད་ཀྱི་མཛེས་པ་སྤྱི་གླེང་།

དེ་ཡང་སྤྲིན་གྱི་ཕོ་ཉའི་ནང་དུ་བུད་མེད་ཀྱི་མཛེས་པ་འདི་དང་དེ་ཞེས་ཐད་ཀར་བུད་མེད་ཀྱི་ཆ་བྱད་འབྲི་བཞེངས་བྱས་པ་ཞིག་ཉུང་།  ཡིན་ཡང་།  རི་བོ་དང་ཆུ་བོ་སོགས་ཕྱི་ནང་གི་སྣོད་བཅུད་བརྒྱུད་དེ་ནང་སེམས་ཁམས་ཀྱི་ཟུར་ངོས་རེ་རེ་བཞིན་མཚོན་པར་བྱས་ཡོད།  སེམས་ཁམས་དེ་ནི་དྲན་གདུང་གིས་ཡོངས་སུ་མནར་ཡོད་པ་ཞིག་ཡིན།  དེ་འདྲ་བའི་སེམས་ཁམས་དེ་སྤྲིན་པ་གཙོ་བོར་གྱུར་བའི་སྣོད་བཅུད་ཀྱི་རང་བྱུང་གི་མཛེས་པ་ལ་སྦྱར་ནས་འཆར་འགོད་དང་།  དེ་དག་ཀྱང་རྩོམ་གྱི་རིག་པ་རབ་བཏོགས་སོགས་ཀྱིས་ལམ་ནས་བློས་བསླངས་བྱས་ཡོད།  དེ་བས་སྤྲིན་གྱི་ཕོ་ཉ་ནི་མེ་ལོང་མའི་ལུགས་ལྟར་བྱས་ན་ཚད་མཐོ་བའི་རབ་བཏོགས་ཀྱི་སྙན་ངག་ཡིན་སྲིད་དོ།།  དེ་ཡང་བརྩམས་ཆོས་ཧྲིལ་བོའི་བློས་བསླངས་ལས་ཀྱང་བརྩམས་ཆོས་ཀྱི་ངོས་རེ་རེ་གྲུབ་བྱེད་ཀྱི་ཤོ་ལོ་ཀ་རེ་རེ་ལ་ཡང་དེ་འདྲའི་ཁྱད་ཆོས་ལྡན་ཡོད།  ལར་སྔར་སྤྲིན་གྱི་ཕོ་ཉའི་མ་ཡིག་ལ་ཤོ་ལོ་ཀ་རེ་རེར་དགར་སྲོལ་ཡོད་མིན་བཤད་བཀའ་སྟེ།  གང་ལེགས་ཞེ་ན་བོད་འགྱུར་བསྟན་བཅོས་སུ་ཐོག་མར་སྤྲིན་སྔ་ཕྱི་སོགས་ཤོ་ལོ་རེ་རེར་བཀར་མི་འདུག  

སྤྲིན་གྱི་ཕོ་ཉའི་ནང་གི་གཙང་བོ་དང་རྨ་བྱ་སོགས་ཀྱི་མཛེས་པ་ནི་བུད་མེད་ཀྱི་མཛེས་པ་རས་ལ་སྣུམ་བཞིན་ཟིན་ཡོད།  དེ་ནི་མ་གཞི་ནས་སྙན་ངག་པའི་བུད་མེད་མཛེས་མ་ཞིག་དྲན་དྲགས་པས་མཚོན་ཕྱིར་དུ་ལོས་ཡིན།  དེ་བཞིན་བརྩམས་ཆོས་ཧྲིལ་བོའི་ནང་དུ་བུད་མེད་ཀྱི་ཆ་སྤྱན་མིག་དང་ལན་བུ་སོགས་ཡང་ཡང་བྲིས་ཡོད་པ་དེས་ཀྱང་དྲན་གདུང་མཚོན་ཐུབ་པ་ཡིན་ནོ།།  མ་ཟད་ཞིབ་ཀྱིས་བལྟས་འོང་ན་སྤྱན་མིག་གི་གཡོ་འགུལ་ཁོ་ནའི་སྟེང་དུ་སྒུལ་ཤུགས་ཅན་གྱི་རྣམ་འགྱུར་སྣ་ཚོགས་ལྡན།

དེ་ཡང་བྱ་ལེན་མའི་ནང་དུ་གོང་དང་ལྡོག་སྟེ་བུད་མེད་ཀྱི་བྱད་གཟུགས་ཐད་ཀར་འབྲི་བཞེངས་བྱས་ཡོད་པ་མང་།  དཔེར་ན།  སྒོ་ཁའི་བྱེ་མར་དགའ་མ་ཡི།།  རྐང་རྗེས་གསར་བའི་ཕྱི་རྟིང་ནི།།   མཚང་ར་རྒྱས་པའི་ལྗིད་ཀྱིས་མནན།།  སྔ་རྟིང་ཧ་ཅང་ཟབ་མིན་ཉིད།།ཅེས་པ་ལྟར་བྱ་ལེན་མའི་ལུས་ཀྱི་བྱད་གཟུགས་ནི་བྱེ་ཐང་དུ་ཁོ་མོའི་རྗེས་ཤུལ་ཡོད་པ་ལ་བརྟེན་ནས།  རྩོམ་པ་པོའི་རྟོག་ཡུལ་དུ་ཁོ་མོའི་སྣང་བརྙན་གསལ་གྱི་ལེར་འཆར་ཡོད་པ་ལྟ་བུ་རེད།  དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལས་འགོངས་ཏེ་ཁོ་མོའི་དཔྱི་དང་མཚང་ར་སོགས་ཀྱི་ཕྲ་སྦོམ་དང་དྲང་ཚུགས་ཀྱང་རྟོགས་ཡོད། 

སྤྲིན་གྱི་ཕོ་ཉ་ལས་མངོན་པའི་བུད་མེད་ཀྱི་མཛེས་པའི་ཚབ་མཚོན་སྐོར་ཞིག

དེ་ཡང་ཤོ་ལོ་ཀ་སུམ་ཅུ་པ་སྟེ་”རླབས་ཕྲེང་གཡོ་ལྡན་སྙན་པར་སྒྲོགས་ཤིང་འདབ་ཆགས་ཕྲེང་བའི་སྐེད་རྒྱན་སྐ་རགས་སིལ་སིལ་ཅན།།  དལ་གྱིས་དལ་གྱིས་འགྲོ་ཞིང་ལང་ལིང་མཛེས་པའི་སྐལ་བཟང་འཁོར་ལོའི་ལྟེ་བ་དང་ལྡན་པ།། རོ་མཆོག་དང་ལྡན་ཆུ་བོའི་ན་ཆུང་བིར་བིན་ངྷ་ནི་ཁྱོད་ཀྱི་ལམ་ན་མངོན་ཞུགས་ནས།། དགའ་མ་རྣམས་ཀྱིས་མཛའ་བོ་རྣམས་ལ་རོལ་སྒེག་ཐོག་མར་སྟོན་ཅིང་སྐེད་རྒྱན་འགྲོལ་འདྲ་མཐོང་།།”ཞེས་པ་འདི་ནི་སྤྲིན་པ་བསྐྱོད་ལམ་གྱི་ཆུ་བོ་ཞིག་གི་མཛེས་སྡུག་བརྒྱུད་དེ་བུད་ཅེད་ཅིག་གི་ཆགས་སྲེད་ཀྱིས་ཡོངས་སུ་གཟིར་བའི་རྣམ་པ་ཞིབ་ཀྱིས་དང་ཡང་སྦེད་ཀྱིས་བྲིས་པ་རེད།  དེ་འདྲའི་རྣམ་འགྱུར་རམ་སྣང་བརྙན་ཐོན་པར་སྐེད་རྒྱན་དཀྲོལ་བའི་རྣམ་པ།  གོས་ཕུད་པའི་རྣམ་པ་སོགས་མིག་ལམ་ལ་འཆར་འོངས་པ་ཞིག་བཞེངས་ཡོད་པ་རེད་ལ་དེའི་ཉམས་སམ་མཛེས་པ་ནི་ཆགས་སྲེད་དང་ཤན་ཏེ་འབྲི་བཞེངས་བྱས་ཡོད་དོ།།  མཛེས་པ་འདོན་སྟངས་འདི་ནི་བརྩམས་ཆོས་ཧྲིལ་བོའམ་ཤོ་ལོ་ཀ་གཞན་དག་ལས་ཅུང་ཟད་རྩེ་གྲའི་གྲས་ཡིན། གང་ལྟར་མཛེས་པ་ཞེས་པ་ཡང་འདི་ལྟར་གཞི་ཞིག་ལ་སྦྱར་ནས་མངོན་དགོས་པ་ཞིག་རེད། དཔེར་ན་ས་པཎ་གྱིས་”འགའ་ཞིག་འགའ་ལ་མི་མཛེས་ཤིང་།། ལ་ལ་གཞན་ལ་མཛེས་མ་ཡིན།། མཁས་རྨོངས་སྐྱེས་པ་བུད་མེད་སོགས།། ཀུན་ལ་མཛེས་པ་རོལ་མོ་ཡིན།།”ཞེས་པར་མཛེས་པ་བྱ་བ་ནི་གཅིག་འགྱུར་ཞིག་འོངས་དཀའ་ཚོད། འོན་ཏེ། གོང་གི་ཆགས་སྲེད་ཉམས་འགྱུར་ལྟ་བུའི་མཛེས་པ་དེ་ནི་ཕལ་ཆེར་གཅིག་འགྱུར་མིན་ནམ་སྙམ།

ཤོ་ལོ་ཀ་གོ་བཞི་བ་སྟེ་”མཛེས་མ་དེ་ནི་རྒྱན་རྣམས་ཡང་དག་བཞག་ཅིང་ལུས་ནི་ཤིན་ཏུ་ཕྲ་ལ་འཛིན་བྱེད་ཅིང་།།

གདུང་བའི་སྡུག་བསྔལ་དག་གིས་མལ་སྟན་སྟེང་ན་ཡང་དང་ཡང་དུ་འགྲེ་ལྡོག་བྱེད་པ་ན།།

ཁྱོད་ཀྱང་འཕྲལ་ལ་ཆུ་ཡི་རང་བཞིན་མཆི་མ་འཛག་པ་ཉིད་དུ་འགྱུར་བ་གདོན་མི་ཟ།།”

ཕལ་ཆེར་ཐམས་ཅད་ནང་གི་བདག་ཉིད་བརླན་པས་སྙིང་རྗེ་ཅི་ཡང་འཇུག་པར་འགྱུར་བ་ཉིད།།ཅེས་སྙན་ངག་འདིའི་ནང་གི་མི་སྣ་གཙོ་བོ་བུད་མེད་ཀྱི་སྐབས་ཐོག་ཅིག་གི་ལུས་སེམས་ཀྱི་གནས་བབ་རྩོམ་པ་པོས་རྟོག་བཏགས་ཀྱིས་བཞེངས་ཡོད།  དྲན་གདུང་གི་ཡང་ཡང་མནར་དྲགས་པས་ཁོ་མོའི་ལུས་ནི་རིད།  མཚན་མོ་གཉིད་ཀྱང་མེད་པའི་གནས་བབ་སྐྱོ་བོ་དེ་སྤྲིན་པ་ཁྱོད་ཀྱིས་མཐོང་འཕྲལ་ཁྱོད་ཀྱང་རང་དབང་མེད་པར་ངུ་ངེས་ཞེས་དྲན་གདུང་གི་རྣམ་པ་མནར་གཅོད་ཀྱི་འོག་ནས་ཀློག་པ་པོའི་སྣང་ངོར་འགྲེམས་འཇོག་བྱེད་ཅིང་འཕྲལ་ལ་ཀློག་པ་པོའི་ཡིད་འགུག་པར་བྱེད་དོ།། དེ་ནི་བུད་མེད་ཀྱི་མཛེས་པ་དང་དྲན་གདུང་གི་མཛེས་པ་གཞི་གཅིག་ཏུ་གྲུབ་པར་བྱས་ཡོད།  མ་ཟད།  སྤྲིན་གྱི་ཕོ་ཉའི་ཐོག་མའི་ཤོ་ལོ་ཀ་གཉིས་པ་སྟེ་རྩོམ་པ་པོ་རང་ཉིད་དྲན་གདུང་གིས་མནར་བའི་གསེར་གྱི་གདུ་བུ་དཔུང་བའི་བར་དུ་རྒྱུ་བར་བྱེད་ཅེས་པའི་ཉམས་དང་ཆ་འདྲ། གལ་ཏེ་སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་རྣམས་ནང་ཁུལ་དུ་ཞིབ་བསྡུར་བྱས་ཚེ་དེ་འདྲ་མང་དུ་མཆིས་ཀྱང་འདིར་མང་དུ་མ་སྤྲོས་སོ།།

བྱ་ལེན་མ་ལས་མངོན་པའི་བུད་མེད་ཀྱི་མཛེས་པའི་ཚབ་མཚོན་སྐོར་ཞིག

དེ་ཡང་བྱ་ལེན་མའི་ནང་གི་སྙན་ངག་མང་ཤོས་ནི་རྒྱལ་པོ་འདུལ་དཀའི་སྐད་ཆའམ་བསམ་སྤྱོད་ཡིན་ལ།  དེ་དག་ནི་བྱ་ལེན་མ་ལ་བརྟེན་ནས་བྱུང་བ་ཉག་ཅིག་ཡིན།  དེ་དག་ཀྱང་བྱ་ལེན་མའི་མཛེས་པ་ལས་བྱུང་བ་འབའ་ཞིག་ཡིན། དཔེར་ན།  “མི་མོ་མི་ལས་སྐྱེས་པ་ལ།།  ལང་ཚོ་འདི་ལྟ་ག་ལ་འོངས།།  རབ་གསལ་ཟླ་བའི་འོད་དག་ནི།། ས་ཡི་མཐིལ་ལས་འབྱུང་བ་མིན།།”ཞེས་པ་ནི་ཤིན་ཏུ་མཛེས་པའི་བྱ་ལེན་མའི་གཟུགས་བྱད་ཀྱི་མཛེས་པ་ལ་སོམ་ཉི་སྐྱེས་པའི་བློ་ནི་རྒྱལ་པོས་སམ་རྩོམ་པ་པོས་ཐད་ཀར་བསྙད་པ་ཞིག་རེད།  སྤྱིར་དེ་ནི་སོམ་ཉི་སྐྱེས་དགོས་པ་མིན་མོད།  འདིར་འདྲ་བའི་མཛེས་པ་འདོན་པར་སོམ་ཉིའི་བློ་སྐྱེས་པ་ལ་བརྟེན་ཡོད དེ་འདྲ་བའི་མཛེས་པ་དེ་རྟོག་འཆར་གྱིས་བློས་བསླངས་བྱས་པ་ནི་འདི་ལྟར་ཏེ། “མཛེས་མས་མཛེས་པའི་མེ་ཏོག་ནི།།  བཏོག་ཅིང་བཏོག་པའི་པའི་རྗེས་གསལ་ཞིང་།།  ཤིང་ཕྲན་ཤིང་གི་ཁུ་བ་ནི།། ད་ལྟ་ད་དུང་འབབ་ལ་ལྟོས།།”ཞེས་པ་འདི་ནི་བུད་མེད་དེའི་གཟུགས་བྱད་ཧྲིལ་བོའི་མཛེས་པ་བྲིས་པ་མིན་པར།  ཟུར་རེ་རེ་ནས་བུད་དེའི་ལག་པའི་ཏོག་ཤུལ་གྱི་རྨ་སྟེ།  བུད་མེད་དེས་བྱ་སྤྱོད་ཧ་ཅང་ཕྲ་མོ་ཞིག་ལ་བརྟེན་ནས་ཚད་མཐོ་བའི་མཛེས་པ་ཞིག་འབྲི་བཞེངས་བྱས་ཡོད།  འདི་ནི་གནའ་དེང་ཤར་ནུབ་ཀྱི་ཚད་མཐོ་བའི་རྩོམ་རྩལ་ཞིག་ཏུ་བརྩིའོ།།  དཔེར་ན་མེ་ལོང་མའི་ལུགས་སུ་རྒྱན་ཡོངས་ལས་མཆོག་ནི་”རྒྱུ་དང་ཕྲ་མོ་ཆ་དག་ནི།།  ཚིག་རྣམས་དག་གི་རྒྱན་གྱི་མཆོག།།”་ཅེས་པ་ལྟར་གོང་གི་འབྲི་ཐབས་དེ་མེ་ལུགས་སུ་བྱས་ན་ཕྲ་མོའི་རྒྱན་དུ་གཏོགས་སོ།། དེ་ལ་སྡེ་སྲིད་སངས་རྒྱས་མཚོས་”སྒྲས་མ་གསལ་བར་དངོས་པོ་དེ་ལུས་ཀྱི་རྣམ་པར་རིག་བྱེད་ཙམ་གྱིས་མཚོན་པར་བྱས་ནས་འདོད་དོན་རྟོགས་དགོས་པས་ན་ཕྲ་བའི་ཕྱིར། ཕྲ་མོའི་རྒྱན་ཞེས་པར་བརྗོད།”ཞེས་པ་ལྟ་བུའོ།།  

དེ་བཞིན་རགས་རིམ་གྱིས་བལྟས་ན་མཛེས་པ་ལ་ཡང་རང་བྱུང་གི་མཛེས་པ་དང་བཅོས་མའི་མཛེས་པ་གཉིས་ནི་ཡོད་མོད།  བརྩམས་ཆོས་ཀྱི་ཁྲོད་དུ་རང་བྱུང་གི་མཛེས་པའི་འབྲི་བཞེང་གི་ཚད་ནི་བརྩམས་ཆོས་ཀྱི་སྤུས་ཀ་ཡང་དེ་ལྟར་ཐག་གཅོད་པ་མིན་ནམ།  དེ་ལྟར་རྒྱ་གར་གྱི་”མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ།”ཞེས་ཡོངས་གྲགས་ཡིན་ཡང་།  བརྩམས་ཆོས་འདི་གཉིས་ཀྱི་སྒང་ནས་ནག་མོ་ཁོལ་ནི་མཛེས་པའི་ནང་ནས་རང་བྱུང་གི་མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་ཡིན་ངེས། དེ་ཡང་རང་བྱུང་ཞེས་པ་ཕྱིའི་སྣོད་ཀྱི་བཀོད་པའི་རང་བྱུང་ཁམས་ཀྱི་མཛེས་པ་ཙམ་མིན་པར་སྐྱེས་དངོས་སྲོག་ཆགས་ཀུན་གྱི་ལྷན་སྐྱེས་མཛེས་པ་ལ་གོ་དགོས་པ་མིན་ནམ།  དཔེར་ན།  “ལྷན་སྐྱེས་ཉིད་ཀྱི་མཛེས་སྡུག་གིས།།  ཁྱེད་ལུས་བརྒྱན་པར་འོས་པ་སྟེ།། དཀའ་ཐུབ་ནགས་ལས་བླངས་པའི་རྒྱན།།  རང་གི་མཛེས་པ་འགོག་བྱེད་ཉིད།།”ཅེས་པ་ལྟ་བུ་ནི་བྱ་ལེན་མའི་རང་བྱུང་ངམ་ལྷན་སྐྱེས་ཀྱི་མཛེས་པ་ནི་རྒྱན་ཆ་སོགས་ཀྱིས་སྤྲས་ན་ལད་འགྲོ་བ་ཞིག་ཡིན་པས།  དེ་ནི་ཚད་མཐོ་བའི་མཛེས་པ་ཞིག་དང་མཛེས་པ་ལ་ལྟ་སྟངས་ཀྱང་ཤིན་ཏུ་ཚད་མཐོ་བ་ཡིན།  སྤྱིར་བརྩམས་ཆོས་འདི་གཉིས་ཀའི་ནང་དུ་བུད་མེད་ཀྱི་མཛེས་པ་འདོན་པར་གཙོ་བོ་ལྷན་སྐྱེས་ཀྱི་མཛེས་པ་གཙོ་འདོན་བྱས་པ་ལས་རྒྱན་ཆ་སོགས་ཀྱིས་སྤྲས་པ་ནི་ཞིབ་ཀྱིས་བལྟས་ན་ཉུང་ངོ་།། 

སྤྲིན་གྱི་ཕོ་ཉ་དང་བྱ་ལེན་མ་གཉིས་ཀའི་བུད་མེད་ཀྱི་མཛེས་པ་ཞིབ་བསྡུར།

སྤྱིར་བརྩམས་ཆོས་འདི་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་མང་པོ་ཞིག་ཡོད་དེ།  འདྲ་བའི་ཆ་ནི་བརྩམས་ཆོས་གཉིས་ཆའི་རྩོམ་པ་པོ་གཅིག་ཡིན་པ་དང་དུས་རབས་ཀྱང་གཅིག་ཡིན།  དེ་བཞིན་བརྗོད་དོན་གྱི་ཆ་ནས་ཀྱང་བུད་མེད་དང་བུད་མེད་ཀྱི་མཛེས་པ་སོགས་བྲིས་པ་འདྲ།  མི་འདྲ་བའི་ཆ་ནི་བརྩམས་གཉིས་ཆ་རྩོམ་ལུས་སོ་སོ་བ་ཡིན།  གཅིག་ནི་སྙན་ངག་དང་གཅིག་ནི་ཟློས་གར་ཡིན།  དེ་བས་འབྲི་ཐབས་སམ་རྩོམ་ལུས་དང་རྩོམ་གཤིས་སོགས་ཀྱི་སྟེང་ན་ཁྱད་པར་ཡོད།  རྒྱ་གར་ལ་བརྩམས་ཆོས་གཉིས་ལས་བྱ་ལེན་མ་སྐད་གྲགས་ཆོད་པ་དང་བོད་ལ་སྤྲིན་གྱི་ཕོ་ཉ་དར་ཁྱབ་ཤིན་ཏུ་ཆེ།  

སྤྲིན་གྱི་ཕོ་ཉའི་རྩོམ་སྟངས་ནི་མེ་ལོང་མའི་ལུགས་སུ་ཕུལ་བྱུང་གི་རྒྱན་དང་ཏིང་ངེ་འཛིན་གྱི་ཡོན་ཏན་སོགས་ཀྱི་གཙོ་བོར་གྲུབ་པ་ཞིག་ཡིན་ལ།  ནུབ་ཕྱོགས་ཀྱི་སྙན་ངག་གི་གྲུབ་མཐའི་དབང་དུ་བྱས་ན་འཆར་ཡན་རིང་ལུགས་དང་མཚོན་བྱེད་རིང་ལུགས་སོགས་ཀྱི་ཤས་འདྲེས་པའམ་ཁྱད་ཆོས་ལྡན་པ་ཞིག་ཡིན་ནོ།། བྱ་ལེན་མ་ནི་རྩོམ་གཤིས་འཇམ་ཞིང་ལྷོད་པ་ཞིག་ཀྱང་ཡིན་ལ་རྩོམ་གཤིས་སྤྱི་ལ་མེ་ལོང་མ་ལས་རབ་དྭངས་ཀྱི་ཡོན་ཏན་གྱིས་ཁྱབ་ཡོད་པ་ཡིན།  བརྩམས་ཆོས་གཉིས་ཀར་མཛེས་ཉམས་ཀྱི་ཆ་ནས་”སྙན་ངག་གི་མཛེས་ཉམས་དེ་སྙན་ངག་པའི་འཚོ་བའི་ཉམས་རྟོགས་དང་སྒྱུ་རྩལ་གྱི་སྦྱངས་སྟོབས་ལས་ཐོན་པའི་མཛེས་རིག་གི་འདུ་ཤེས་ལྟ་བ་དང་མཛེས་དཔྱོད་ཀྱི་ཕུགས་འདུན་སོགས་སྙན་རྩོམ་གྱི་སྣང་བརྙན་དུ་བསྐྲུན་པ་དང་མཛེས་རྩལ་གྱི་རོ་དང་བྲོ་བ་ཉམས་བརྒྱས་རྣམ་པར་སྤྲས་ནས་མངོན་པས་ན།  དེ་ལ་ཟུར་ཚད་མི་འདྲ་བའི་མཛེས་ཉམས་སྣ་ཚོགས་སྣང་”ཞེས་པ་ལྟ་བུའི་ཁྱད་ཆོས་ཀྱིས་ཡོངས་སུ་བརྟས་ཡོད།  དེ་འདྲ་བའི་རྩོམ་གཤིས་མི་འདྲ་བ་སྤྱད་དོན་ནི་སྙན་ངག་པའི་སྐབས་ཐོག་གི་སེམས་ཁམས་དང་འབྲེལ་ཆགས་སྲིད་ལ་ཆེད་དུ་དགོས་མཁོའི་དབང་གིས་ཡིན་ཆོག  

གང་ལྟར།  སྤྲིན་གྱི་ཕོ་ཉའི་ནང་གི་བུད་མེད་ཀྱི་མཛེས་པ་ནི་གཙོ་བོ་བུད་མེད་ཀྱི་སེམས་ཁམས་རིགས་ཤིག་བརྒྱུད་ནས་བྲིས་ཡོད་དེ།  སེམས་ཁམས་དེ་དྲན་གདུང་གཞི་བཞག་གིས་སྐབས་རེར་སྐྱོ་ཤས་དང་མཚམས་རེར་སྲེད་བརྐམ་ལྟ་བུའི་བྱ་བྱེད་རེ་ལ་བརྟེན་ཡོད།  བྱ་བྱེད་དེ་དག་གི་རྣམ་འགྱུར་ནི་བུད་མེད་ཀྱི་མཛེས་ཉམས་ལ་གཞོལ་ནས་བྲིས་ཡོད་པས། སྐབས་རེར་བུད་མེད་ཅིག་སྐྱོ་ཚུལ་གྱི་རྣམ་པ་དང་མཚམས་རེར་བུད་མེད་ཅིག་ཆགས་སྲེད་ཀྱི་རྣམ་པ་དེ་ནི་ཀློག་པ་པོའི་ཡིད་ནས་གཡོ་འགུལ་བྱེད་པའི་སྣང་བ་སྟེར་ཡོང་།  དེ་ལྟ་བུའི་ཡུལ་ན་ཡོད་པའི་རྣམ་འགྱུར་དང་ཡུན་ཅན་ལ་བྱུང་བའི་གཡོ་འགུལ་རེ་རེའི་བར་དུ་བུད་མེད་ཀྱི་ལྷན་སྐྱེས་ཀྱི་མཛེས་པ་ཞུགས་ཡོད།  མདོར་ན་སྤྲིན་གྱི་ཕོ་ཉའི་ནང་གི་བུད་མེད་ཀྱི་མཛེས་པ་ནི་སྐྱེ་བོ་ཞིག་གིས་བུད་མེད་ཅིག་དྲན་པའི་དྲན་གདུང་གི་ཀློང་གི་མཛེས་པ་ཞིག་ཡིན་ལ།  དེ་ལས་ཀྱང་བུད་མེད་ཅིག་བློར་འཆར་བའི་རྣམ་པ་ནི་སྣ་ཚོགས་པ་ཡོད་པ་ཞིག་ཡིན།

བྱ་ལེན་མའི་ནང་གི་བུད་མེད་ཀྱི་འབྲི་བཞེངས་ནི་ཚད་མཐོ་བ་ཞིག་ཡིན་ཡང་དེ་ནི་ཐད་ཀར་བུད་མེད་ཅིག་ལ་བལྟས་ནས་འབྲི་བཞེངས་བྱས་པ་དང་།  ཆེད་དུ་བུད་མེད་ཀྱི་མཛེས་པ་གཙོ་འདོན་གྱིས་འབྲི་བཞེངས་བྱས་པ་ལྟ་བུ་ཞིག་ཡིན།  དེ་བས་སྤྲིན་གྱི་ཕོའི་ནང་གི་བུད་མེད་ཀྱི་མཛེས་པ་ནི་ཧྲིལ་བོ་ཞིག་མིན་པར་ཆ་ཤས་ཤིག་ཡིན་ཆོག་ལ་དེ་ནི་སྲོག་དབུགས་ལྡན་ཞིང་གཡོ་འགུལ་ཡང་བྱ་སྙམ་པ་ཞིག་ཡིན།  བྱ་ལེན་མའི་ནང་གི་བུད་མེད་ཀྱི་མཛེས་པ་ནི་ཧྲིལ་བོ་ཞིག་ཡིན་ལ་ཐད་ཀར་ཐང་ཀའམ་པར་རིས་ཤིག་བཤམས་སྟོན་བྱས་ཡོད་པ་དེ་ལ་བལྟས་ཡོད་འདྲའི་སྣང་བ་སྟེར།  ཕྱོགས་ཡོངས་ཀྱི་དེ་གཉིས་ཀྱི་ཁྱད་པར་ནི་བུད་མེད་ཀྱི་མཛེས་པ་འབྲི་ཚད་ལ་མཐོ་དམའ་ཡོད་པ་མིན་པར་འབྲི་ཐབས་ལ་ཁྱད་པར་ཡོད་པ་ནི་སྐབས་ཐོག་གི་བརྩམས་ཆོས་ཀྱི་ཁ་ཕྱོགས་ལ་ཁྱད་པར་ཡོད་པས་ཡིན་ནོ།།

གྲུབ་དོན།

འདི་ལྟར་བརྩམས་ཆོས་ཀྱི་དཀྱིལ་བབ་ནས་བལྟས་རྗེས་བརྩམས་ཆོས་འདི་གཉིས་ཀྱི་གྲུབ་ཆ་མང་ཤོས་ནི་བུད་མེད་ཡིན་པ་སྨྲོས་མ་དགོས་པ་དང་།  བུད་མེད་ཀྱི་མཛེས་པས་མཛེས་པ་གཞན་མང་པོར་དབང་སྡུད་ཀྱིས་བརྩམས་ཀྱི་བརྗོད་སྙིང་ལ་མཚར་སྡུག་སྟེར་ཡོད་པ་དེའོ།། 

དོན་གནད་འགྲེལ་བརྗོད།

བརྩམས་ཆོས་གཉིས་ཀ་བཀླགས་ཤིང་དེའི་ནང་བུད་མེད་ཀྱི་མཛེས་པ་མཚོན་པའི་ཆ་རྣམས་ཞིབ་བཀླགས་ཀྱིས་འདི་གྲུབ་མཚམས།  ཡིད་ཁ་མི་ཚིམ་པ་ཞིག་ལུས་ཡོད་པ་དེ་ནི་ད་ལྟ་བུའི་གནད་དོན་ཞིག་ཞིབ་ཀྱིས་འབྲི་བར་བརྩམས་ཆོས་གཉིས་ལ་རྨང་ནས་རྒྱུས་ཡོད་དུ་ཆགས་དགོས་པ་དེ་ཡིན་པས།  དེའི་ཐད་ནས་ད་དུང་སྟོང་ཆ་ཆེན་པོ་ཡོད་དོ།། 

 

དཔེ་ཐོ།

༡ སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག   ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམ་སྤེལ་བྱས།

༢ ཨ་འཁོར་བཟོད་པ།  སྒྱུ་རྩལ་གྱི་མཛེས་པའི་ཁམས་སུ་བཞུད་པ།  བོད་ཀྱི་དཔེ་མཛོད་ཁང་། 

༣ ཨོ་རྒྱན།  བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་།

༥ སྙན་ངག་མེ་ལོང་མ་རྩ་འགྲེལ་པྱོགས་བསྒྲིགས།  པོད་དྲུག་པ།  སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 

༦ གངས་རྒྱན་མེ་ཏོག  ༢༠༠༩ལོའི་དེབ་གསུམ་པ།

༧ ༧རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།  སྙན་ངག་མེ་ལོང་མའི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས།  འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།

༨ སྙན་ངག་མེ་ལོང་མ་རྩ་འགྲེལ་པྱོགས་བསྒྲིགས།  པོད་དང་པོ།  སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 

༩ སུམ་པ་དོན་འགྲུབ་ཚེ་རིང་།  བོད་ཀྱི་སྙན་ངག་གི་མཛེས་ཉམས།  མཚོ་སྔོན་མི་རིགས་དཔེ་སྤྲུན་ཁང་།  

 

1 “ཤར་ཕྱོགས་གོ་ཌ་བའི་(སྙན་ངག་མཁན་པོ་ནག་མོ་ཁོལ་དཀར་མོ་སོགས”ཞེས་བྱུང་།   སྡེ་སྲིད་སངས་རྒྱས་རྒྱ་མཚོ།    (སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ།)    སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།  པོད་དྲུག་པ།   སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས།  ཤོག་ངོས།  ༢༣༠
2 སྔར་བོ་དོང་པཎ་ཆེན་གྱིས་མཆན་བུ་ཞིག་བཏབ་ཡོད་སྐད་ཀྱང་ད་ལྟ་ལག་སོན་མེད་པ་འདྲ།
3 བོ་དོང་པཎ་ཆེན་གྱིས་འདི་ལ་མཆན་འགྲེལ་ཞིག་ཡོད་སྐད།  རེད་ཀྱང་།  ཁོང་གི་གསུང་འབུམ་སོགས་མི་འདུག་ཅེས་རྒྱ་ཡེ་བཀྲ་བྷོས་(སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག)ཅེས་པར་བསྙད་འདུག    རྒྱ་ཡེ་བཀྲ་བྷོ།   སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་ཡིག   སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག   ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམས་སྤེལ་བྱས།  ཤོག་ངོས།   
4 ནག་མོ་ཁོལ་གྱི་བརྩམས་ཆོས་ལས་འཛམ་གླིང་ཡོངས་ལ་གྲགས་བ་ནི་(བྱ་ལེན་མའི་ཟློས་གར་)(ཤཀུནྟལཱ་ཏེ)་ཞེས་(སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག་ཅེས་པར་གསལ།  རྒྱ་ཡེ་བཀྲ་བྷོ།   སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག  སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག     ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམས་སྤེལ་བྱས།  ཤོག་ངོས།  ༢༡༣
5 “ཕྱིས་ཀྱི་ལོ་ཙཱ་བ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་ཤཀུནྟལཱའི་ཟློས་གར་ཆ་ཚང་བསྒྱུར་པ་མཇལ་ཡང་།”ཞེས་གླེང་འདུག  རཀ་ར་ཐུབ་བསྟན་ཆོས་དར།  སྙན་དངགས་མཁན་ཀཱལི་དཱས་ནག་མོ་ཁོལ་གྱི་ལོ་རྒྱུས།   སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག   ས་ར་བོད་ཀྱི་མོ་རིམ་སློབ་གཉེར་ཁང་།   ཤོག་ངོས། ༣༩-༤༠
6 ཨོ་རྒྱན་གྱིས་བསྒྱུར།  སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས།  བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་།
7 འདུག་ཁོ   སྤྲིན་གྱི་ཕོ་ཉ་ལས་མངོན་པའི་རྒྱ་གར་གྱི་རིག་གནས་སྐོར་གླེང་བ།   (གློག་རྡུལ་ཡིག་ཆ་ལས་དཔར་དུ་བཏབ་པ་ད་དུང་མ་མཐོང་།)  
8 སྐལ་བཟང་བློ་གྲོས།   བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་དཔྱད་པ།  (གློག་རྡུལ་ཡིག་ཆ་ལས་དཔར་དུ་བཏབ་པ་ད་དུང་མ་མཐོང་། 
9 ༡ དོར་ཞི་གདོང་དྲུག་སྙེམས་བློ།   སྙན་ངག་སྤྲིན་གྱི་ཕ་ཉའི་འགྲེལ་བ་ཀུན་དའི་ཟླ་ཟེར།
༢ སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན།    ནོར་བྲང་ཨོ་རྒྱན།
༣ བཤད་སྒྲུབ་ཀྱི་འགྲེལ་བ་ཞིག་ཡོད་སྐད།  ལག་སོན་མ་བྱུང་སྟབས་ཞིབ་ཕྲ་འཁོད་ཐབས་བྲལ།
༤སྤྲིན་གྱི་ཕ་ཉའི་འགྲེལ་བ་གློག་པྲེང་མ།   ནོར་བྲང་ཨོ་རྒྱན།   
༥གྱི་ལིང་འཇིགས་མེད། 
10 ༡ ལྷ་རྒྱ་ཚེ་རིང་།  སྙན་ངག་སྤྲིན་གྱི་ཕ་ཉ་མ་མདོ་ཙམ་དཔྱད་པ་ངག་རིག་བ་ཀུ་ལའི་སྦུབས་བརྒྱ་འབྱེད་པའི་མཛེས་མའི་འགྲམ་ཆང་།
༢ བུ་བཞི་བསམ་པའི་དོན་གྲུབ།   ནག་མོ་ཁོལ་དང་ཁོའི་བརྩམས་ཆོས་ཀྱི་བཤད་པ།  
  རྒྱ་ཡེ་བཀྲ་བྷོ།  ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག  
༤ བདུད་ལྷ་རྒྱལ།  སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར།
༥ རཀ་ར་ཐུབ་བསྟན་ཆོས་དར།  སྙན་ངག་མཁན་ཀཱལི་དཱས་ནག་མོ་ཁོལ་གྱི་ལོ་རྒྱུས།  
༦ ཨོ་རྒྱན། ནག་མོ་ཁོལ་དང་ཁོང་གི་གསུང་རྩོམ། 
༧དོར་ཞི་གདོང་དྲུག་སྙེམས་བློ།  སྙན་ངག་སྤྲིན་གྱི་སྒྱུ་རྩལ་ཁྱད་ཆོས།  
༨ དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་།  བོད་ཀྱི་རྩོམ་རིག་བྱུང་འཕེལ་དང་ཁྱད་ཆོས་ལས་སྤྲིན་གྱི་ཕ་ཉའི་སྐོར།
༩ བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་ལས་བྱུང་བའི་སྤྲིན་གྱི་ཕོ་ཉའི་སྐོར།
༡༠ ལྷག་པ་ཆོས་འཔེལ་གྱིས་བསྒྲིགས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལས་བྱུང་བའི་སྤྲིན་གྱི་ཕ་ཉའི་སྐོར།
༡༡ འཛམ་གླིང་རྩོམ་རིག་ལོ་རྒྱུས་ལས་ཤར་པྱོགས་རྩོམ་རིག་སྐབས་ཀྱི་ནག་མོ་ཁོལ།
༡༢ ཆབ་མདོ་དབང་འདུས།  སྙན་ངག་སྤྲིན་གྱི་ཕ་ཉའི་སྒྱུ་རྩལ་ཁྱད་ཆོས།
༡༣ འདུག་ཁོ།  སྤྲིན་གྱི་ཕ་ཉ་ལས་མངོན་པའི་རྒྱ་གར་རིག་གནས།
༡༤ ཟླ་བ་གཞོན་ནུ།  སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག 
༡༥ ཟླ་བ་གཞོན་ནུ།  སྙན་ངག་སྤྲིན་གྱི་ཕ་ཉའི་ས་བཅད་དང་ཤོ་ལོ་ཀའི་གྲངས་ལ་དཔྱད་པ།
༡༦ ཨ་འཁོར་བཟོད་པ།  རྒྱ་གར་གྱི་སྙན་ངག་ཆེན་པོ་སྤྲིན་གྱི་པ་ཉའི་སྒྱུ་རྩལ་གྱི་མཛེས་པ།
11 དེ་ལས་མང་བ་ཡོད་སྲིད་ཀྱང་དེ་ལས་ལག་སོན་མ་བྱུང་། 
12 “སྐབས་འགར་མཛེས་ལྗོངས་སོགས་ཞིབ་བྲི་མཛད་པའི་དོན་ཚན་འགའ་རེ་མཆིས་པའང་གཞན་དངོས་སྤྱད་ནས་བརྗོད་དོན་མཚོན་སླད་དང་།  ཡུལ་ལྗོངས་བཀོལ་ནས་ཡིད་འགྱུར་སྟོན་པའི་ཆེད་དུ་ཡིན་ནོ།།  འདི་ལའང་བསྟོད་གླུ་དང་སྐྱོ་གླུ།  མཛའ་བཅུགས་དང་བརྩེ་དུང་ལ་བསྔགས་པའི་སྙན་ངག  ཞིང་གྲོང་ཁོར་ཡུག་ལ་བསྟོད་པའི་སྙན་ངག  མཛེས་སྡུག་རུ་ཆུ་ལ་བསྔགས་པའི་སྙན་ངག ངན་རུལ་མཚང་འབྱིན་བྱེད་པའི་སྙན་ངག ལོ་རྒྱུས་ཀྱི་བྱུང་བ་ལ་བསྟོད་པའི་སྙན་ངག་སོགས་རིགས་དུ་མ་མཆིས་སོ།། ”
13” དགའ་མར་འཕྲད་འདོད་དང་དགའ་མ་དང་བྲལ་བའི་གདུང་བ།  དགའ་མ་དྲན་པའི་སེམས་འཚུབ་སོགས་” བདུད་ལྷ་རྒྱལ།  སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་འགྲུབ་གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར།  སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག  ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་་ནས་འགྲེམ་སྤེལ་བྱས།  ཤོག་ངོས ༢༧༣
14 སྙན་ངག་འདི་ནི་ཉན་ན་རོལ་དབྱངས་ཀྱི་འགྱུར་ཁུགས་ལྡན་ཞིང་བལྟས་ན་སྣང་བརྙན་གྱི་མཛེས་པ་མཐོང་ཐུབ་པའི་སྙན་ངག་ཅིག་ཡིན།  ལྷག་པར་བསྡུས་གཟུགས་ཀྱི་ངོས་ནས་བལྟས་ཏེ་ལྷུག་པར་བཀྲལ་ན་ཤོ་ལོ་ཀ་རེ་རེའི་ནང་དུ་འཚོ་བའི་འགྲེམས་སྟོན་ཆེན་མོ་རེ་བསྐུངས་ཡོད་པས་བསྡུས་ཤུགས་ཧ་ཅང་ཆེ་བའང་སྙན་ངག་འདིའི་ཡོན་ཏན་ཞིག་ཡིན་ནོ།།  ཨ་འཁོར་བཟོད་པ།  སྒྱུ་རྩལ་གྱི་མཛེས་པའི་ཁམས་སུ་བཞུད་པ།  བོད་ཀྱི་དཔེ་མཛོད་ཁང་།   ཤོག་ངོས༡༡
15 སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས།  ཨོ་རྒྱན་གྱིས་བསྒྱུར།  བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་།   ཤོག་ངོས༤༩
16 “ཆུ་བོ་དེས་ཁྱོད་ལ།  འདོད་ལྡན་དགའ་མ་རྣམས་ཀྱིས་རང་གི་སྙིང་སྡུག་མཛའ་བོ་རྣམས་དང་འདོད་པའི་དགའ་སྟོན་ལ་རོལ་བའི་སླད་དུ།  ལུས་ཀྱི་སྐེད་རྒྱན་དཀྲོལ་ནས་གོས་རྣམས་བཤུས་ཏེ་མཛའ་བོ་ལ་འོད་པའི་མིག་བརྡ་སྟོན་པ་ཇི་བཞིན་དུ།  དགའ་ཞིང་ཆགས་པའི་མཛེས་ཉམས་སྟོན་པར་འགྱུར་རོ་ཞེས་རབ་བཏགས་ཀྱི་སྒོ་ནས་ཆུ་འཛིན་སྐྱོད་ལམ་དུ་ལེགས་པར་འབབ་པའི་ཆུ་བོ་བིར་བིན་ངྷ་ཡི་མཛེས་སྡུག་གསོན་ཉམས་ལྡན་པའི་ངང་ཞིབ་བྲི་མཛད་པ་རེད།” ལྷ་རྒྱལ་ཚེ་རིང་།  སྙན་ངག་སྤྲིན་གྱི་ཕོ་ཉ་ལ་མདོ་ཙམ་དཔྱད་པ་ངག་རིག་བ་ཀུ་ལའི་སྦུབས་བརྒྱ་འབྱེད་པའི་མཛེས་མའི་འགྲམ་ཆང་ཞེས་བྱ་བ།   སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག   ས་ར་བོད་ཀྱི་མཐོ་རིམ་སློ་གཉེར་ཁང་ནས་འགྲེམ་སྤེལ་བྱས།  ཤོག་ངོས ༢༦༥
17 ས་སྐྱ་ཨ་མྱེས་ཞབས།   གནས་ལྔ་ལས་བཟོ་རིག་པའི་བྱེ་བྲག་རོལ་མོའི་བསྟན་བཅོས་ཀྱི་རྣམ་པར་བསད་པ་འཇམ་དབྱངས་བླ་མ་དགེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་འཕྲིན་ལས་ཡོངས་ཁྱབ་ཅེས་བྱ་བ་བཞུགས་སོ།  ཤོག་ངོས༢༢
18 “ཅེས་གསུངས་པ་ནི།  བདག་དང་ཁ་བྲལ་བའི་མཛེས་མ་དེས་རིན་པོ་ཆེའི་རྒྱན་རྣམས་ཀྱང་ལུས་ལ་བརྒྱན་མི་འདོད་པར་མཐའ་དག་བཞག་ཅིང་།  ཕྲ་ལ་མཛེས་པའི་ལུས་ཀྱང་མྱ་ངན་གྱིས་ཤ་རྣམས་དེ་བས་སྲབ་པར་གྱུར་ཏེ་ད་ལྟ་སྲོག་འཛིན་ཐུབ་ཙམ་གྱི་ལུས་ཤིན་ཏུ་རིད་པར་གྱུར་པ་དང་།  ཇོ་བོ་བདག་དང་བྲལ་བའི་གདུང་བའི་སྡུག་བསྔལ་མི་བཟད་པ་དག་གིས་མནར་བས་མཚན་མོ་སྟན་མེད་པར་ས་གཞིའི་སྟེང་ན་གཉིད་མ་ཁུག་པར་ཡང་དང་ཡང་དུ་ལུས་འགྲེ་ལྡོག་བྱེད་དགོས་པ།  ཤིན་ཏུ་སྐྱོ་བའི་གནས་ཚུལ་དེ་མཐོང་དུས་གྲོགས་པོ་ཁྱོད་ཀྱི་མིག་ནས་ཀྱང་ཆུ་ཡི་རང་བཞིན་མཆི་མ་རང་དབང་མེད་པར་འཛག་པ་ནི་གདོན་མི་ཟ།  དེ་ཡང་སྐྱེ་བོ་ཕལ་ཆེར་ནང་གི་བདག་ཉིད་སྙིང་རྗེས་བརླན་པས་ཉམས་ཐག་པའི་སྐྱེ་བོ་གཞན་དག་མཐོང་ན་དེ་ལ་སྙིང་རྗེ་ཅི་ཡང་འཇུག་པར་འགྱུར་བ་ནི་ཆོས་ཉིད་དོ།། ཞེས་སོ།།”  ནོར་བྲང་ཨོ་རྒྱན།  སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན།   སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག   ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་འགྲེམས་སྤེལ་བྱས།  ཤོག་ངོས  ༡༢༡
19 “རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་སློབ་ཁྲིད་སྐབས་སུ་དེ་འདྲའི་གྲོས་འགོ་ཞིག་ཀྱང་བསྟན། ”
20 སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས།  ཨོ་རྒྱན་གྱིས་བསྒྱུར།  བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་།  ཡན་ལག་དང་པོ།  ཤོག་ངོས ༢༠
21 སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས།  ཨོ་རྒྱན་གྱིས་བསྒྱུར།  བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་།  ཡན་ལག་གསུམ་པ།  ཤོག་ངོས ༤༨
22 སྡེ་སྲིད་སངས་རྒྱས་རྒྱ་མཚོ།  སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ།  སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།  པོད་དྲུག་པ། སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས ༣༩༢
23 སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས།  ཨོ་རྒྱན་གྱིས་བསྒྱུར།    བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།  མི་རིགས་དཔེ་སྐྲུན་ཁང་། ཡན་ལག་བཞི་བ།  ཤོག་འོས ༨༢
24 “ཁྱད་པར་གྱི་ནི་སྟེ་མཆོག་ཏུ་གྱུར་པར་བརྗོད་པར་འདོད་པ་གང་ཡིན་པའི་ཡོན་ཏན་རྣམས་འཇིག་རྟནེ་གྱི་མཚམས་ལས་བརྒལ་བར་གྱུར་བའི་འུད་ཆེན་པོའི་སྒོ་ནས་ཕུལ་དུ་བྱུང་བར་བརྗོད་པ” ༧རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།  སྙན་ངག་མེ་ལོང་མའི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས།  འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།  ཤོག་ངོས ༡༡༤
25 “ཚིག་གི་སྦྱོར་བ་གང་དུ་དངོས་པོ་གཞན་གྱི་སྟེ་དངོས་སུ་གྱུར་པ་མིག་དང་སྦྲུམ་མ་ལྟ་བུའི་ཆོས་འབྱེད་འཛུམ་དང་འཁུན་པ་ལ་སོགས་པ་ལྟ་བུ་ཆོས་ཅན་དེའི་ཡོན་ཏན་དུ་གྲགས་པ་གཅིག་དངོས་དེ་ལས་གཞན་བཏགས་པ་བ་མེ་ཏོག་དང་སྤྲིན་ལྟ་བུ་ལ།  འཇིག་རྟེན་ལ་གྲགས་པའི་རྗེས་སུ་འབྲང་བའི་སྙན་ངག་མཁན་གྱིས་ཡང་དག་སྟེ་འཇིག་རྟེན་དང་མཐུན་པར་འཛིན་ཅིང་སྒྲོ་འདོགས་པར་བྱེད་པའི་སྙན་ངག་དེ་ཏིང་ངེ་འཛིན་ཞེས་པའི་ཡོན་ཏན་དུ་བརྗོད་ཅིང་ཤེས་པར་བྱའོ།།” དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ།  སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།  སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  པོད་དང་པོ།  ཤོག་ངོས ༣༠༦
26 “སྒྱུ་རྩལ་ཁམས་སུ་གནས་བཅོས་པའི་གསང་བ་གང་ཞིག་སྔོག་འདོན་བྱ་ཕྱིར།  སྙན་ངག་པས་འུད་ཤོབ་ཆེན་པོ་དང་།  ཡག་བཙོག་གི་རྣོ་ངར་ཅན་གྱི་བསྡུར་བ་ཁོ་ནས་གནའ་གཞུང་ལུགས་ཅན་གྱི་མཐུན་སྦྱོར་དང་འཐུས་ཚང་གི་མཛེས་རྟོག་ཕུགས་བསམ་ཅན་གྱི་རིགས་ལ་ཁ་གཏོད་དགོས་པའི་རེ་བ་འཆང་ཡོད། ”རེ་རྐང་གླིང་།  གངས་རྒྱན་མེ་ཏོག  ༢༠༠༩ལོའི་དེབ་གསུམ་པ།  འཛམ་གླིང་རྩོམ་རིག་ཁྲོད་ཀྱི་གལ་ཆེའི་སྙན་ངག་གྲུབ་མཐའ།  ཤོག་ངོས༨༥
27 “མཚོན་བྱེད་རིང་ལུགས་ཀྱི་སྙན་ངག་པས་སྒྱུ་རྩལ་ནི་དངོས་ཡོད་ཀྱི་ལད་མོ་གཏན་ནས་མ་ཡིན་པར་དངོས་ཡོད་ཀྱི་ཡང་བསྐྱར་གསར་རྩོམ་ཞིག་ལ་གོ་བ་ལེན་གྱིན་ཡོད་པས།  ནང་སེམས་ཀྱི་འཇིག་རྟེན་འབྲི་འགོད་བྱ་རྒྱུར་ལྷག་ཏུ་དགའ་བོ་བྱེད་ཅིང་ཐད་ཀར་དངོས་ཡོད་ཀྱི་མིག་དབང་སྤྱད་དེ་སྙན་ངག་གསར་རྩོམ་བྱེད་པ་ནི་མ་རུང་བའི་ལས་ཤིག་ཏུ་ལྟ་གིན་ཡོད། ཁོ་པ་ཚོས་འདྲེས་ཚོར་གྱི་མྱོང་བ་བརྒྱག་ཚུལ་གསར་གཏོད་བྱས་ཐོག་དྲི་དང་ཁ་དོག  སྒྲ་རྣམས་ཕན་ཚུན་བརྗེ་སྤོར་གྱིས་ཁ་དོག་ལ་སྒྲ་ཡོད་པ་དང་།  དབྱངས་ཁ་དོག་ལ་སྦྱོར་བ་སོགས་ཐ་སྙད་ལ་མངའ་བའི་སྒྲ་དང་ཁ་དོག་གི་ཁྱད་ནུས་སྤྱད་དེ་མིའི་ཚོར་ཤེས་ལ་ཤུགས་བསྟན་གྱིས་མིའི་བློ་ཁམས་ཆེ་གེ་མོ་ཞིག་ལ་དྲན་རྟོགས་ཡོང་བ་བྱས་ཏེ་སྙན་ངག་གི་མཐར་ཐུག་ཅིག་ལ་བསྙེགས་པ་དེས་ཀློག་པ་པོ་དག་ལ་རྟོགས་པ་འདྲ་ལ་མ་རྟོགས་པ་ཡང་འདྲ་བའི་སྣང་བ་ཟ་ཟི་ཡི་ངང་དུ་གནས་ལུགས་ཤིག་རྙེད་བཟོ་ཡོད་པ་བྱ་རྒྱུ་དང་།  ཀློག་པ་པོར་སྙན་ཚིག་ནི་གོ་དོན་ཟབ་ལ་རྟོགས་དཀའ་བའི་ངོ་མཚར་གྱི་གནད་རྫོགས་མཐའ་མེད་པ་ཞིག་ཡིན་པ་ཤེས་སུ་བཅུག་ཡོད།” རེ་རྐང་གླིང་།  གངས་རྒྱན་མེ་ཏོག  ༢༠༠༩ལོའི་དེབ་གསུམ་པ།  འཛམ་གླིང་རྩོམ་རིག་ཁྲོད་ཀྱི་གལ་ཆེའི་སྙན་ངག་གྲུབ་མཐའ།  ཤོག་ངོས ༨༩
28 “རབ་ཏུ་དྭངས་པའི་ནང་གི་རྡེའུ་མཐོང་བ་ལྟ་བུ་དང་ལྡན་པ།  གྲོང་ཚིག་གིས་མ་བསྲངས་པའི་ངོས་ནས་འཇིག་རྟེན་ལ་གྲགས་པ་ཤས་ཆེ་བའི་དོན་ཅན་ནོ།།”  ༧རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།  སྙན་ངག་མེ་ལོང་མའི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས།  འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།  ཤོག་ངོས ༣༠
29 སུམ་པ་དོན་འགྲུབ་ཚེ་རིང་།  བོད་ཀྱི་སྙན་ངག་གི་མཛེས་ཉམས།  མཚོ་སྔོན་མི་རིགས་དཔེ་སྤྲུན་ཁང་།  ཤོག་ངོས  ༣༧