མདང་ནུབ་འབྲུག་རྒྱལ་ཁབ་ཀྱི་སྟོན་ཚོགས་ཤིག་ལ་བཙོན་ལྕོགས་རྡོ་རྗེ་དང་ལྷ་སྐྱིད་སྒྲོལ་མ་གཉིས་ཀྱིས་ཕོ་བྲང་འཁོར་བཅས་ལ་གཙོ་འཁྲབ་གནང་བའི“དགུང་སྟོད་གསེར་གྱི་མེ་ཏོག… …”ཅེས་པའི་གླུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་གར་སྟེགས་ཆུང་ངུ་ཞིག་ལ་བྲོ་འཁྲབ་བཞིན་པའི་བརྙན་དེ་ཡང་བསྐྱར་མཐོང་བྱུང་། སྔུན་མར་ཡང་བརྙན་དེ་ལན་འགར་མཐོང་མོད། བརྙན་ལ་ཡི་གེ་མེད་པས་གླུ་ཚིག་གི་ནང་དོན་གསལ་བར་གོ་མ་སོང་། སྙན་པ་ལའང་སྙམ་པ་ལས་དྲན་རྒྱུ་ཆེར་མ་སྣང་། མདང་ནུབ་གློ་ཉལ་དང་བཅས་བརྙན་ངོས་ཀྱི་ཡི་གེའི་ནང་དོན་ལ་ལྟ་བཞིན“འདི་བརྡ་རྙིང་པ་ཡིག་ནོར་དུ་བྲིས་འདུག” “དེ་འབྲུག་ཟུར་ཆག་སྐད་ཡིན་ས་རེད”སོགས་བསམ་བསམ་པའི་ངང་ལ་གློ་བུར་དུ་ངའི་ཡིད་ལ་དོན་དག་ཅིག་འཁོར་འབྱུང་།

ལོ་རྒྱུས་ལ་བལྟས་ན་འབྲུག་ཡུལ་དེ་སྤྱི་ལོ1865ལོ་ཙམ་ལ་གཞན་ཁོངས་སུ་ཤོར་ཞིང་ཕྱིས་རང་བཙན་རྒྱལ་ཁབ་ཏུ་གྱུར་པ་ཞིག་ཡིན་པར་ངེས། འོན་ཀྱང་། ཁོ་རང་ཚོར་ཆབ་སྲིད་དང་དཔལ་འབྱོར་གྱི་མངའ་དབང་ཆ་ཚང་ཡོད་བཞིན་ད་དུང་ཡང་བོད་རང་གི་སྔ་མའི་སྲོལ་ལུགས་མ་འགྱུར་བར་བརྩི་སྲུང་གང་ཐུབ་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། གར་གྱི་སྟངས་སྟབས་དང་གྱོན་ཆས་ལ་གཅིག་མཐུན་གྱི་ཆ་དེ་ཙམ་མཆིས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་དྲན་བྱུང་། དེ་ཡང་ད་ལོའི་སྟོན་ཀར་ཚངས་དབང་པ་ཡིན་ནམ་ཅིག་གི་སྐད་འཕྲིན་དུ་འབྲུག་ཡུལ་གྱི་ལྷ་ཁང་ཞིག་གི་སྒོ་ཁར་ལྷ་ཁང་དུ་མཆོད་མཇལ་བྱེད་དུས“ལྷམ་ཕུད་དགོས་པ་དང་འབྲུག་པའི་གྱོན་ཆས་ཚད་ལྡན་གྱོན་དགོས”ཚུལ་མཇལ་པ་དག་ལ་གཞེན་སྐུལ་འགྲིག་ལམ་བསྒྲགས་པའི་པར་ཞིག་བཏང་ཡོད་པ་ཡང་དྲན་བྱུང་། པར་དེའི་སྟེང་གི་ཡི་གེ་དག་མཐོང་སྣེར་བྱས་ན་གནས་ཚུལ་མཐའ་དག་ཕལ་ཆེར་ཧ་གོ་ཡོང་། འབྲུག་པས་རང་གི་ཐུན་མོང་མིན་པའི་རིག་གནས་བརྟན་ཆགས་མི་འགྱུར་བ་དང་རྒྱུན་བསྲིང་ཐུབ་པའི་ཕྱིར་དུ་ལྷ་ཁང་གི་སྒོ་ལམ་ཡན་ཆད་ལ་འབྲུག་པའི་གྱོན་ཆས་ཚད་ལྡན་ཞེས་གསལ་འདེབས་གནང་བ་ཡིན་ངེས་ལ། དེ་བཞིན་ཁྲིམས་སུ་བཅས་པ་ཡང་ཡོད་ཐང་བ་ཞིག་ལ་འབངས་ཀུན་ནས་དེ་བཞིན་བརྩི་སྲུང་གིས་ལག་ལེན་མཐིལ་དྲག་ཏུ་བགྱིས་པ་ཞིག་ཡིན་ངེས། གོང་རྒྱལ་པོ་དང་བཙུན་མོས་ཀྱང་དེ་ལས་མ་འདས་སོ།། ངས་འདིར་བཤད་པ་ནི་འབྲུག་པའི་རིག་གནས་བདག་སྐྱོང་གི་ཚད་ནི་གྱོན་ཆས་དང་གར་གྱི་སྟངས་སྟབས་ཁོ་ནས་ཤེས་ཐུབ་པ་འདུག་ཟེར་བ་ཡིན། ཁོང་ཚོ་ངོ་མ་བསོད་ནམས་ཆེ་རེར་ལྟོས་ཟེར་རྒྱུ་ལས་ཅང་མི་རྙེད།

བྲོ་གར་འདི་ལ་ལྟ་བཞིན་ལྟ་བཞིན་ང་ཡི་མུག་པ་ཞིག་བྱུང་ཞིང་ཨ་མདོ་བ་ཨ་ལ་གསར་ཞེས་ཀྱང་ཁ་ནས་དབང་མེད་དུ་ཤོར། རྒྱུ་མཚན་ཅིའི་ཕྱིར་ན། མདོ་དབུས་ཁམས་གསུམ་གྱི་དབང་དུ་བྱས་ན། དབུས་གཙང་ཕྱོགས་ཀྱི་མི་རྣམས་རང་སོ་སོའི་ཡུལ་ཆོས་དང་མཐུན་པའི་གྱོན་གོས་ཚད་ལྡན་གྱི་དབྱིབས་ཚུགས་མ་འགྱུར་བར་གནས་ཤིང་། དེ་བཞིན་ཁམས་ཕྱོགས་ཀྱང་ཕལ་ཆེར་དེ་འདྲར་སྣང་། གྱོན་ཆས་ཁོ་ནའི་སྟེང་ནའང་བཅའ་རྒྱུ་སྣོག་རྒྱུ་མང་ཞིང་ལས་རྒྱུ་བསམ་རྒྱུ་མང་བ་ནི་ཨ་མདོ་བ་ཚོ་རེད་དམ། ད་ལྟའི་ཨ་མདོ་བ་སྟེ་ལྷག་པར་དུ་མཚོ་སྔོན་དང་སྒོས་སུ་མཁར་གྲོང་ན་གཞིས་ཆགས་པ་དག་གིས་རྒྱུན་གཏན་བོད་ལ་མི་གྱོན་ཞིང་ཐེངས་གཅིག་གྱོན་པའི་དབང་དུ་བྱས་ན་ཕུ་རུང་བཅད་པ། གོང་བ་བསྒོར་བ། ཇེ་ཐུང་དུ་བསྒྱུར་བ། ཇེ་དོག་ཏུ་བཏང་བ་སོགས་ལོ་རེ་བཞིན་བསྒྱུར་དང་འགྱུར་བཞིན་འདུག་ལ། གྱོན་སྟངས་ཀྱང་ཆ་མ་ཆོ་རིགས་མང་བ། ཁ་དོག་སྣ་དགུ་འཛོམས་པ། ཁྲ་ཁྲ་རིག་རིག་མང་བ། རུང་དང་མི་རུང་མེད་པ་སོགས་འཇོལ་ཉོག་འབའ་ཞིག་ཏུ་སོང་ཞིང་། སོང་བ་དེ་ཡང་ང་རྒྱལ་དང་གཟི་བརྗིད་དུ་སེམས་སེམས་བཞིན་པར་འདུག་གོ།

གྱོན་ཆས་ཀྱི་འགྱུར་བ་མ་ངེས་པའི་སྣང་ཚུལ་འདིས་ཅི་ཞིག་མངོན་བཞིན་ཡོད་ཟེར་ན་མིའི་སེམས་ཀྱི་གྱ་མི་ནོམ་པའི་ཆ་དེ་སྟོན་བཞིན་ཡོད་ཅིང་། རང་གི་སྲོལ་རྒྱུན་གྱི་དགའ་མོས་དང་རིག་གནས་ཀྱི་རང་རྟོན་ཟེར་བ་དེ་རྩད་ནས་ཡལ་བཞིན་པ་དེ་མངོན་གསལ་ཡིན་ལ། གསལ་བོར་བཤད་ན་མིའི་རང་གཤིས་བསྟན་ཡོད་དེ།

༡ མི་བརྟན་པ། (རིག་གནས་ཀྱི་ཆ་ནས)

༢ གྱ་གྱུ་མང་བ།(སེམས་གཤིས་ཀྱི་ཆ་ནས)

༣ བློ་སྣ་མང་བ། (བྱ་བའི་ཆ་ནས)

༤ ངོམ་འདོད་ཆེ་བ། (བྱས་འབྲས་ཀྱི་ཆ་ནས)

༦ ཨ་གསར་ལ་དགའ་བ། (འགྲོགས་འདྲིས་ཀྱི་ཆ་ནས)

༦ ཁ་མལ་ནས་སྡོད་མི་ཚུགས་པ།(ལས་གནས་ཀྱི་ཆ་ནས)

༧ ཆོ་མེད་པ། (སྤྱོད་ལམ་གྱི་ཆ་ནས)

༨ གསང་མི་ཚུགས་པ། (བྱེད་སྟངས་ཀྱི་ཆ་ནས)ལ་སོགས་སོ།།

དེས་ན། བོད་ལྭ་ཚད་ལྡན་ཟེར་བ་དེ་གང་ལ་བྱེད་ཟེར་ན། དེ་ལ་གཞུང་ལུགས་དང་རྟགས་གསལ་མང་པོ་མི་དགོས་ཏེ། རང་རང་གི་ཕ་ཡུལ་གྱི་ཕ་མེས་ནས་རབས་སུ་བརྒྱུད་པའི་གྱོན་ཆས་དེ་ལས་གཞན་དུ་མེད་ཅིང་། གལ་ཏེ་ཁྱེད་རང་ཡུལ་གཞན་དུ་ཕྱིན་ན་ཡུལ་དེ་གའི་ལུགས་དང་བསྟུན་ནས་གྱོན་ཀྱང་མི་ཆོག་པ་ག་ལ་ཡོད། མདོར་ན་ཡུལ་ཚན་སོ་སོའི་ལུགས་ཀྱི་བོད་ལྭ་དེ་བོད་ལྭ་ཚད་ལྡན་ཡིན་ནོ།། དེ་བས། ཇུས་འགོད་པའི“བློ་གྲོས”ལ་བརྟེན་ནས་བཅའ་རྒྱུ་ལས་རྒྱུ་དང་གཅོད་རྒྱུ་འབྲེག་རྒྱུ་མང་ན་ནམ་ཞིག་གི་ཚེ་ན་འགྲིག་མ་སོང་། མ་འགྲིག་ཐལ་ཟེར་ནས་སླར་ཡང་རང་གི་སྔ་སྲོལ་དང་སྔ་ཚུགས་བཙལ་དེ་དཀའ་ལས་མང་པོ་མྱང་དགོས་པར་མི་འགྱུར་གྲང་། དམིགས་བསལ་ཞིག་ཡོད་དེ། དེ་ནི་བྲོ་ལྭ་ཡིན་ནོ།། བྲོ་ལྭ་ནི་ཆེད་ལ་ཡང་ཡིན་པས་སྟབས་བདེ་ཟོར་ཡངས་ར་མ་རིག་ཁྲ་མང་ཡང་མཛེས་ལམ་ཡིན་གྱི། མིག་ལ་མི་བདེ་བ་གང་ཡང་མེད་དེ་སྔ་མོ་ནས་དེ་བཞིན་ནོ།།

སྲོལ་རྒྱུན་འཐོར་ཞིག་གི་འཇིག་ཉེན་གྱི་གནས་སྟངས་ལ་དོ་སྣང་ཅུང་ཆེ་བའི་ཁོ་བོར་མཚོན་ན་བོད་མིའི་ཁྲོམ་ལ་ཕྱིན་ཐེངས་རེར་གྲྭ་གྲོང་གང་ཡིན་མི་ཤེས་པ། ཕོ་མོ་གང་ཡིན་མི་ཁོར་བ། ཐ་ན་ཕྱུ་པ་སྐ་རགས་མེད་པ་སོགས་ཀྱང་གྱོན་ནས་འཁོར་གི་འཁོར་གི་འགྲོ་བ་མང་པོ་མཐོང་སྟེ། དེ་ཀུན་ཕལ་ཆེར་ཨ་མདོ་བ་ཡིན་པ་འདྲ། དེ་དག་མཐོང་དུས་ནམ་ཞིག་དགོན་པའི་འཆམ་ལྭ་ཡང་གྱོན་ནས་རྒྱ་སྲང་འདིར་འཁོར་གི་འཁོར་གི་མི་འགྲོ་བའི་ངེས་པ་མེད་དམ་སྙམ་པ་ཞིག་དྲན་བྱུང་། གཞན་ཡང་། བོད་ལྭ་མི་གྱོན་པ་ལས་དེའི་རིགས་གྱོན་ན་འགྲིག་ཟེར་མཁན་ཡོད་ན། དེ་ནི་ཆེས་མ་མཐའི་མཚམས་ཐིག་ལ་གཞི་བྱས་ཏེ་བཤད་པ་རེད་ལ། ངས་ནི་ཡ་མཐའི་མཚམས་ཐིག་ལ་གཞི་བྱས་ཏེ་བཤད་ཀྱིན་ཡོད་དོ།། ཀུན་དང་ཕྱིས་ལ་ཕན་ཕྱིར་བྲིས་ཀྱང་མ་འགྲིག་པའི་ངག་གི་ཉེས་པ་ཀུན་མཐོལ་བར་བགྱི་བགྱི།།

                                                                 

2018.12.30