༼རླུང་གི་རོལ་མོ།༽བཀླགས་པའི་ཟུར།

དེ་ཡང་། བུར་ཤིང་འོ་མ་བུར་སོགས་ཀྱི།།མངར་བ་ཉིད་ནི་ཁྱད་པར་ཆེ།། དེ་ལྟ་མོད་ཀྱི་དེ་བརྗོད་པར།། དབྱངས་ཅན་མས་ཀྱང་ནུས་མ་ཡིན།། གསུངས་པ་ལྟར། མཁས་པའི་ཞལ་མཛེས་པར་བྱེད་པའི་སྙན་ངག་ལ་དཔྱད་བརྗོད་སྤེལ་བ་དང་བཀླགས་ཚོར་འབྲི་བ་ནི། གཞུང་གཞན་དང་མི་མཚུངས་ཤིང་། སྒྱུ་རྩལ་ལ་དཔྱོད་པའི་ཤེས་རབ་དང་། མཛེས་དཔྱོད་ཀྱི་ལྟ་བ། རང་བཞིན་གྱིས་གྲུབ་པའི་ཤེས་རབ་ཕུན་སུམ་ཚོགས་པའི་རྒྱུ་ཡོངས་སུ་ཚང་དགོས་པའི་ཚུལ་ལ། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་ཞིག་ཏུ། སྙན་ངག་ནི་ས་ལམ་དང་གྲུབ་མཐའ་ནང་བཞིན་ནག་པོ་འགྲོ་ཤེས་སུ་འགྲེལ་སྤོབས་པ་ཞིག་མ་ཡིན་ཏེ། སོ་སོར་སྒྱུ་རྩལ་གྱི་རྟོགས་པའི་ཡོན་ཏན་མཐོན་པོ་ཞིག་དགོས་པར་བསྟན་པ་སོགས་ལ་གཞིགས་ནའང་། སྙན་ངག་ལ་རོལ་མྱོང་བྱ་ཚུལ་དང་། སྨྱུ་གུ་ལག་ཏུ་ཐོགས་ནས་དཔྱད་བརྗོད་དམ། བཀླགས་ཚོར་འབྲི་བ་དེའང་གང་བསམ་གང་འདོད་ཅིག་གིས་མི་འོང་བར་སྙམ་ཞིང་། མེ་ལོང་མ་རང་དུ་ཡང་། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི།། མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་། ཞེས་སྙན་ངག་ཤེས་པའི་རིན་ཐང་དང་། མཁས་པས་ཡང་དག་རབ་སྦྱར་བའི།། ངག་ནི་འདོད་འཇོའི་བ་རུ་བཤད།། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་བོ་བ་གླང་ཉིད་རྗོད་བྱེད།། ཅེས་སྙན་ངག་འབྲི་བ་ལ་འཇུག་པའི་ལས་དེ་ཤིན་ཏུ་གཟབ་ནན་ཞིག་ཏུ་གསུངས་པས་ན། གུས་པོས་འདིར་ཁ་དམར་བྱས་ཏེ། ༼རླུང་གི་རོལ་མོ༽ཞེས་པའི་སྙན་ངག་གི་ཆེད་དེབ་ཅིག་ལ་བཀླགས་ཚོར་འབྲི་རྒྱུ་དེ་འང་ལས་སླ་བོ་ཞིག་མ་ལགས་ཀྱང་། ཟུར་གཞན་ཞིག་ནས་བསམས་ན། མི་སྒེར་སོ་སོའི་ཤེས་རྒྱུད་དང་བསྟུན་ནས་ཡི་གེ་འགའ་ཞིག་འབྲི་བ་ལ་འགལ་བ་ཆེར་མ་མཐོང་བས། གུས་པོ་རང་གི་མྱོང་ཚོར་ལྟར་བཀླགས་བྱང་རགས་པ་ཙམ་ཞིག་འབྲི་བར་བྱའོ།།

    དེ་ཡང་། ༼རླུང་གི་རོལ་མོ༽ཞེས་པའི་སྙན་ངག་གི་ཆེད་དེབ་འདི་སྡེ་ཚན་གསུམ་དུ་བགོས་འདུག་ཅིང་། སྡེ་ཚན་དང་པོ། ༼སྣང་ཉམས་མེ་ཏོག་བཀྲ་བའི་སྤང་ཐང་།༽ སྡེ་ཚན་གཉིས་པ། ༼གཞས་ཆུང་དབྱངས་རྟ་སྐྱོར་བའི་བསིལ་རླུང་།༽སྡེ་ཚན་གསུམ་པ།༼རང་མོས་ཡིད་མཚོ་གདུ་བའི་རླངས་པ།༽བཅས་སོ།། སྡེ་ཚན་སོ་སོར་རྩོམ་ཡིག་བཞི་བཅུ་ནས། ཉེར་བཞིའི་བར་ཡོད་ཅིང་། རྩོམ་ལུས་ཀྱི་དབྱེ་ན། སྡེ་ཚན་དང་པོ་གཉིས་ཚིགས་བཅད་དང་། སྡེ་ཚན་མཐའ་མ་དེ་རང་མོས་སྙན་ངག་གི་སྡེ་ཚན་ནོ།། ཚིགས་བཅད་སྙན་ངག་གི་ཚེག་ཁྱིམ་དང་རྩོམ་འགྲོས་གཅིག་ཏུ་མ་ངེས་ཤིང་སྣ་ཚོགས་སུ་མཆིས། 

    གུས་པོས་རྩོམ་ཡིག་རེ་འགའ་མཐར་ཆགས་སུ་བཀླགས་པ་དང་། རྩོམ་ཡིག་རེ་འགའ་དུས་ཚོད་ཀྱི་གཞན་དབང་དུ་སོང་སྟབས། རགས་ཙམ་ལས་བཀླགས་མ་ཐུབ་མོད། རྩོམ་ཡིག་རེ་རེའི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་བསམས་ན། རྩོམ་པ་པོ་ནི་བོད་ཀྱི་རིག་གནས་ལ་ནང་རྒྱུས་ཤིན་ཏུ་ཆེ་བའི་ཁར། རྩོམ་ཡིག་འབྲི་བར་སྤོབས་པའི་དགེ་ཐོན་པ་ཞིག་ཏུ་ཚོར་ཅིང་། ལྷག་པར་དུ། འཇུ་སྐལ་བཟང་གིས། འགའ་རེས་རྒྱ་མི་རིགས་སོགས་ཀྱི་སྙན་ངག་ལ་ཁ་ཐུག་སྣ་ཐུག་ཙམ་བྱུང་བའི་སྟེང་བོད་རང་གི་སྙན་ངག་དེ་དང་ཅུང་མི་འདྲ་བའི་ཚོར་བ་སྐྱེས་ཚེ་རྗེས་ལུས་ཡིན་ཟེར་བ་བདེན་པར་སྙམ་ནས་ཅོལ་ཆུང་གཡམ་རྒྱུགས་ཁོ་ན་བྱེད་པ་དང་། ཐ་ན་འགའ་ཞིག་བོད་ཀྱི་སྙན་ངག་གི་ཉམས་འགྱུར་དང་སྙན་རོ་ཅི་འདྲ་ཞིག་ཡིན་པ་རང་གི་སྒྱུ་རྩལ་མྱོང་སྟོབས་ཀྱིས་གཞལ་མ་ནུས་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཁོ་བོའི་ཚོར་འདུ་ལས་རིང་དུ་བརྒལ་བས་འདི་ལ་བླ་སྲོག་མི་འདུག་ཅེས་གང་བྱུང་གིས་རྒོལ་བ་སོགས་མདོར་ན་གསར་གཏོད་ཙམ་ལ་ཁ་གཡར་ནས་སྲོལ་རྒྱུན་རྒྱུན་འཛིན་ལ་མཐོང་ཆུང་བྱེད་པ་ནི་ཕྱོགས་སུ་ལྷུང་བའི་ལྟ་བར་འདོད་དོ།། ཞེས་པ་ལྟར་དུ་མ་གྱུར་བར། རྩོམ་ཡིག་རེ་རེར་བཀོལ་བའི་ཐ་སྙད་དང་། དབྱངས་ཀྱི་འདེགས་འཇོག ཚིག་སྔ་ཕྱིའི་སྡེབ་སྦྱོར། རྩོམ་ཡིག་སྤྱིའི་ཉམས་དང་འགྱུར་བ་སོགས་ཀྱི་ཟུར་གང་ནས་ཀྱང་། བོད་རྩོམ་རྣལ་མའི་ཡོན་ཏན་ཡར་ལྡན་དུ་ཚང་བ་ཞིག་ཏུ་འདོད། དཔེར་ན། ༼ཅི་ཟེར་རམ།༽ཞེས་པའི་སྙན་ངག་ཏུ། གཞུང་ཚིག་གཅིག་གི་གོ་རྒྱ་མི་ཆོད་ཅིང་།། ཡང་འགྲེལ་དེབ་ཆུང་ཚར་གཅིག་མ་བཀླགས་པར།། ལྟ་བ་དབུ་མའི་ཚིག་རོ་འདྲུད་པ་ལ།། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཅི་ཟེར་རམ།། བྱམས་པ་ཆུ་ཡི་རྙོག་མ་མ་བགྲུངས་ཤིང་།། མིག་མདུན་ཉམ་ཆུང་ལག་པས་མི་སྐྱོར་པར།། སྙིང་རྗེའི་ཡིག་དྲུག་བཟློ་བའི་ནེ་ཙོ་ལ།། འཕགས་པ་སྤྱན་རས་གཟིགས་ཀྱིས་ཅི་ཟེར་རམ།། ཞེས་པའི་ཚིགས་བཅད་འདི་ལྟ་བུར་མཚོན་ན། ཚིག་རྒྱན་དང་མཚོན་ཐབས་ཁྱད་པར་ཅན་གྱིས་མ་བཅིངས་ཤིང་། རབ་བཏགས་དང་འུད་བརྗོད་སོགས་ཀྱི་སྤྲོས་པ་དོར་ན་འང་། སྙན་ངག་གི་རོ་ཁྱད་པར་བ་ཐོན་པ་ནི། ཚིག་གི་སྡེབ་སྦྱོར་གྱི་མཛེས་པ་དང་། ཐ་སྙད་ཀྱི་སྒྲིག་བཀོད་ལེགས་པས་ཡིན། སྤྱིར་སྙན་ངག་ལ་ཐ་སྙད་ཀྱི་སྒྲིག་བཀོད་ལེགས་པོ་འོང་རྒྱུ་དེ་གལ་ཆེ་བ་ཞིག་ཏུ་བརྩི་རིགས་ཤིང་། འདིའི་ཐད་ལ་ཕྱི་གླིང་བ་ཧེ་གར་ཞུ་བ་ཞིག་གིས་ཀྱང་། སྙན་ངག་གི་རྣམ་པའི་མཚོན་བྱེད་ཕུན་སུམ་ཚོགས་ཤོས་ནི་ཐ་སྙད་ཀྱི་བཀོད་སྒྲིག་ཡིན། ཞེས་བཤད་ཡོད་པར་གྲགས། ད་དུང་། རྩོམ་པ་པོ་བོད་རང་གི་རིག་གཞུང་ཕུན་སུམ་ཚོགས་ཤོས་ནང་བའི་མདོ་སྔགས་ཀྱི་ཕྱོགས་ལ་ཐོས་བསམ་ཡོད་ཅིང་། གཞུང་དེ་ལས་བྱུང་བའི་བརྡ་ཆད་བཀོལ་ལུགས་སོགས་ཀྱང་ཁྱིའི་ཡ་མགུལ་ཕག་གི་མ་མགུལ་ལ་སྦྱར་བ་ལྟར་མ་སོང་བར། གོས་ཀྱི་ཕྱི་ནང་འཕྲོད་པ་ལྟ་བུ་རང་དུ་འདུག རྩོམ་ཡིག ༼ནམ་གུང་གི་སྣང་བ་ཐན་ཐུན།༽ཞེས་པར། ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་དང་།། ཐུགས་རྗེས་ཀུན་ཁྱབ་སེམས་ཀྱི་འོད་རླབས་ཆེ།། སྐྱེ་འགག་གནས་གསུམ་མ་ཡིན་རྟག་བརྟན་པ།། ཡུལ་ཅན་ཡེ་ཤེས་སྒྲིབ་བྲལ་དྭངས་ཤིང་འཚེར།། ཞེས་པ་ལྟ་བུའོ།། གཞན། མཇལ་སྐོར་སྙན་ཚོམ་སོགས་རྩོམ་པ་པོའི་ཚོར་བའི་འགྱུ་བ་རབ་ཏུ་ལྡེམ་པའི་བརྩམས་ཆོས་གོང་འོག་ཀུན་ཏུ་མང་ཞིང་། བཀླགས་པའི་ཚེ་ན། ཡུལ་དང་ཡུལ་ཅན་བར་གྱི་བརྩེ་བ་དང་། སྐྱོ་བས་མཚོན་པའི་སྣང་བ་སྣ་ཚོགས་ཟ་འོག་གི་རི་མོ་བཞིན་མིག་ལ་ཤར་འོང་བའི་ཚུལ་ཀློག་པ་པོ་དག་གི་བགོ་སྐལ་དུ་གཞག་པར་བྱ། 

      སྙན་ངག་ནི་མཛེས་དཔྱོད་ཀྱི་ལྟ་བ་དབང་བཙན་པའི་རྩོམ་ལུས་ཤིག་ཡིན་ཅིང་། དེ་ལ་རང་རྐྱ་འཕེར་བའི་ལྟ་གྲུབ་དང་རྣམ་གཞག་ཡོད་པས། ཁ་ཤའི་པགས་པ་གར་འཐེན་འཐེན་ཞིག་མ་ལགས་པས།༼རླུང་གི་རོལ་མོ།༽ཞེས་པའི་སྙན་ངག་གི་ཆེད་དེབ་འདི་རུ་འདུས་པའི་སྙན་ངག་དག་ཀྱང་དེ་ག་ལགས་ན། ཚད་མཐོ་བའི་སྒྱུ་རྩལ་གྱི་མཛེས་པ་ཡོད་པ་སྨོས་མ་དགོས་ཤིང་། ཚད་མཐོ་བའི་གནས་སྟངས་དེ་གཞལ་བ་ལ་བྱེ་བྲག་གི་བརྩམས་ཆོས་རེ་གཉིས་ཤིག་འདིར་དྲངས་པས་རྔོ་ཐོགས་དཀའ་ཡང་། ཁ་ཕྱོགས་ཙམ་ནི་གོ་རིགས་པར་སྙམ་མོ།། སྤྱིར་མཛེས་དཔྱོད་ཀྱིས་གཏམས་པའི་སྙན་ངག་ནི། རང་བྱུང་ཁམས་དང་དངོས་ཡོད་ལས་བརྒལ་འདོད་ཀྱི་བློ་དང་། ཆེས་མཐོ་བའི་ཚེ་སྲོག་གི་རིན་ཐང་མངོན་འདོད་ཀྱི་རྒྱུ་ཞིག་ཏུ་མཚན་ཉིད་རིག་པ་བ་དག་འདོད་པར་བཤད་པས་ན། དེ་མཚོན་བྱེད་ཀྱི་དཔེ་དང་ཡིད་བརྙན། བརྗོད་ཐབས་ལ། འུད་བརྗོད་དང་རབ་བཏགས་སོགས་རྣམ་པ་གཞན་དང་གཞན་གྱིས་སྤྲོས་པ་ཤིན་ཏུ་རྒྱ་ཆེ་བ་བཞིན། ༼རླུང་གི་རོལ་མོ།༽ཞེས་པའི་སྙན་ངག་གི་ཆེད་དེབ་འདིར་ཡང་བསྟན་བཅོས་ཀྱི་མཚན་བྱང་ནས་བཟུང་། དེ་ལྟའི་རོ་དང་ཁ་དོག་ཕུན་སུམ་ཚོགས་པར་མ་ཟད། མཇུག་གི་སྡེ་ཚན། ༼རང་མོས་ཡིད་མཚོ་གདུས་པའི་རླངས་པ།༽ཞེས་པར་བསྡུས་པའི་སྙན་ངག ༼ཁེར་རྐྱང་གི་སྙན་ངག༽དང་། ༼དབྱངས་ཅན་མ། རྨི་ལམ་དུ་མ་ཕེབས་རོགས།༽ ༼རྒྱང་རིང་གི་ལྷ་ས། ཁྱེད་རང་ངའི་སེམས་ན་ཡོད།༽༼དྲན་པའི་ཀློང་གི་ཨ་མྱེ།༽སོགས་སུ་མཇལ་བས་ངེས་པ་དྲངས་འོང་ངོ་།།

    མཇུག་ཏུ། སྙན་ངག་གི་ཆེད་དེབ༼རླུང་གི་རོལ་མོ།༽ཞེས་པ་རོབ་ཙམ་བཀླགས་རྗེས་སུ་ཞུ་འདོད་པ་ནི། གོང་དུ་གུས་པོས་གང་ཞུས་པ་དག་ནི་གནད་དུ་སོང་བ་དང་། ཟུར་ཐོན་པ། དགེ་མངོན་པ་ཞིག་ཏུ་འདོད་མི་རིགས་ཤིང་། ལྷག་པར་དུ་བཀླགས་བྱང་འདི་ཚད་གཞི་ཅན་ཞིག་ཏུ་ལྟ་མི་འོས་པར་བྱ་བཏང་བ་ཡིན། ཁྱད་པར་དུ་དེབ་འདིའི་བྱེད་པོ་དཀོན་མཆོག་རྒྱལ་པོ་འམ་ནག་འདུལ་དཀོན་ཕྲུག ༼མདའ༽ལགས་སུ་དགོངས་དག་ཞུ་རྒྱུ་ཞིག་ལ། ཁོ་བོར་མཚོན་ན་མི་ལོ་ཉི་ཤུ་ལྷག་གི་ཡུན་ལ་སྙན་ངག་འབྲི་བར་འབད་པ་བྱེད་པའི་ཁུལ་དུ་བསྡད་ཀྱང་། འདི་ལྟའི་བཀླགས་བྱང་ཙམ་ཞིག་འབྲི་བར་ཡང་རིག་པ་གཏི་ཐུག་པ་ཞིག་ལགས་ན། ཉིད་ཀྱི་བརྩམས་ཆོས་དང་མ་འབྲེལ་བའི་ཉེས་བཤད་ལོག་བཤད་ཅི་བགྱིས་པར་བཟོད་གསོལ་གནང་རོགས་ཞུ་རྒྱུ་དང་།   རྩ་བར། དེ་ནི་ད་ལྟ་འང་རྣམ་རྟོག་དེ།། དེ་དག་མ་ལུས་སུས་འཆད་ནུས།། གསུངས་པ་ལྟར། སྙན་ངག་གི་དེབ་ཅིག་ལ་ཚད་གཞལ་བ་འམ་དགེ་སྐྱོན་འདོན་པ་ནི་གང་ཟག་བྱེ་བྲག་པ་ཞིག་གི་རིག་པའི་ལམ་ལས་འགོངས་པས་ན། གུས་པོ་ངའི་རིག་པའི་ལམ་ལས་འགོངས་ཡོད་པ་ནི་ལྟ་ཅི་སྨོས་ཞེས་ཀྱང་ཞུའོ།། མཐར༼རླུང་གི་རོལ་མོ།༽ཞེས་པའི་སྙན་ངག་གི་བསྟན་བཅོས་འདི་དང་འདིའི་རྩོམ་པ་པོ་དཀོན་མཆོག་རྒྱལ་པོ་ལགས་ཀྱི་མཛད་འཕྲིན་དབྱར་ཟླ་བཞིན་འཕེལ་བར་ཤོག

      ཞེས་ཡུལ་རེབ་གོང་གི་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས་སོ།།