དེ་རིང་ནི་ད་ལོའི་དགུ་གཉིས་པའི་ཉིན་དང་པོ་སྟེ་གནམ་གཤིས་ཞེ་དྲག་མི་འཁྱག་ལ། ནམ་མཁའ་གཡའ་དག་ཅིང་ས་གཞི་གངས་ཀྱིས་བཟུང་ཞིང་། ང་རང་སྡོད་སའི་ཁོར་ཡུག་ཀུན་ལྷིང་འཇགས་དང་བདེ་དྲོད་ཀྱིས་ཁྱབ་པའི་སྣང་བ་སྟེར། ཉིན་འདི་དག་ལ་སྔ་དྲོའི་དུས་ཚོད་དགུ་པ་ནས་ཕྱི་དྲོའི་དུས་ཚོད་དྲུག་པ་བར་དུ་ཉིན་གུང་ཇ་མཚམས་མ་གཏོགས། སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཡུལ་ངོས་སུ་ཡོད་པས་ཁོམ་པ་ཞེ་དྲག་མེད་པའི་དུས་ཚོད་ལ་སླེབས་ཡོད།

དེ་རིང་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཉིན་ཐ་མ་ཡིན་ལ་ཕྱིར་རྟོག་དང་དྲན་པ་རེ་བསླངས་ན། ལོ་འདིར་གངས་ཅན་པའི་སློབ་གསོའི་ལས་དོན་གྱི་ཐད་ལ་ཕན་ནུས་ཅི་ཡང་འདོན་ཐུབ་མེད་ཀྱང་རང་ཚོད་ཀྱིས་རང་སྦྱོང་དང་འབྲེལ་ཏེ། བོད་སྐད་རང་སྟེང་ནས་དོན་གཉེར་ཅན་གང་མང་ལ་དགག་སྒྲུབ་ལུང་རིགས་ཀྱི་སྤྲས་པ་བསྐྱུངས་པའི་སྒོ་ནས། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་བརྩམས་གནང་བའི་སུམ་རྟགས་ཀྱི་འགྲེལ་ཆེན«ཐོན་མིའི་ཞལ་ལུང»ཁྲིད་རྒྱུན་གྱིས་རྐང་བཟུང་སྟེ་དག་ཁྲིད་ཚར་གཅིག་དང་། སྤྱི་ཚོགས་་གསར་བའི་ཤེས་ཡོན་སློབ་སྟངས་ཀྱི་ཟུར་བཟུང་སྟེ་ཀུན་མཁྱེན་འཇིགས་མེད་དབང་པོའི་གྲུབ་མཐའི་རྣམ་བཤད«རིན་ཆེན་ཕྲེང་བ»ཡི་གཟབ་བཤད་ཚར་གཅིག གཞུང་བརྒྱ་སྨྲ་བའི་དབང་ཕྱུག་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོས་མཛད་པའི་དག་ཡིག་ཁྱད་དུ་འཕགས་པ«སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས»ཀྱི་དག་ཁྲིད་ཚར་གཉིས། བརྡ་སྤྲོད་སྨྲ་དབང་དངུལ་ཆུ་བླ་མ་ཆོས་བཟང་གི«སི་ཏུའི་ཞལ་ལུང»གི་སུམ་ཅུ་པའི་བཤད་པ་ཞིབ་རྒྱས་ཚར་གཉིས། གཞན་དྲ་ལམ་ནས་ཚེ་ཏན་ཞབས་དྲུང་བའི«སྙན་ངག་སྤྱི་དོན»གྱི་ལེའུ་གཉིས་པ་དང་མཁྱེན་རབ་འོད་གསལ་གྱི་རྟགས་འཇུག་གི«དཀའ་འགྲེལ་གནད་ཀྱི་སྒྲོན་མེ»། ཚེ་ཏན་ཞབས་དྲུང་བའི«བརྡ་དག་འཇུག་སྒོ»ཚར་གཅིག་བཅས་ཁྲིད་པ་ཡིན།

དཔེ་ཀློག་གི་སྐོར་ནས་མཁས་གྲུབ་རིན་པོ་ཆེས་མཛད་པའི་རྗེ་བླ་མ་ཙོང་ཁ་པའི«རྣམ་ཐར་དད་པའི་འཇུག་ངོགས»དང་བྱང་ཆུབ་མི་ལས་མཛད་པའི་ཡབ་རྗེ«སྐལ་ལྡན་རྒྱ་མཚོའི་རྣམ་ཐར»སོགས་རྣམ་ཐར་དང་ལོ་རྒྱུས། ནང་བསྟན་རིག་གཞུང་དང་རྩོམ་རིག་དཔྱད་བརྗོད། མི་ཚེའི་དཔྱད་བརྗོད་དང་རིག་གཞུང་ཞིབ་འཇུག བརྩམས་སྒྲུང་སོགས་དེབ་གྲངས་སུམ་ཅུར་ཉེ་བ་ཞིག་དག་ཀློག་དང་འབྲེལ་ཏེ་མང་ཆེ་བར་བཀླགས་ཐོའང་བཀོད། གཞན་ཀུན་མཁྱེན་འཇིགས་གླིང་གི་གསུང་པོད་དགུ་ག་ཀློག་འདོན་བྱས་ཤིང་། སློབ་དེབ་དང་ཚགས་དེབ་སོགས་བམ་ཀློག་བྱས་པ་རྒྱུན་ལྡན་ལྟ་བུར་སོང་གཤིས་འབྲི་འདུན་མ་སྐྱེས་ལ། ཞོར་ནས་ཕན་སེམས་ཀྱིས་གཏུགས་པའི་ཞུས་ཆེན་དང་ཞུས་དག རྩོམ་སྒྲིག་གི་ལས་བགྱིས་པ་གང་འཚམ་ཡོད་པ་སྨོས་མེད་ཐོག གསར་རྩོམ་གྱི་ཐད་ནས་གྲོགས་རྒྱལ་སྲས་དང་མཉམ་འབྲེལ་གྱིས་བརྩམས་པའི་རྗེའི་རྣམ་ཐར«ཙན་དན་དཀར་པོའི་ལྗོན་བཟང»དེབ་ཏུ་ལོངས་པ་ཞིག་དང་། གྲོགས་ཨ་ནོར་དང་ལྷན་དུ་བསྒྲིགས་པའི་བརྙན་དེབ«བཀྲ་ཤིས་ཆོས་ཐང་»དང་། སུམ་རྟགས་དང་འབྲེལ་བའི་བརྗེད་ཐོ་ཕྱོགས་བསྒྲིགས་དེབ་ཚད་ཅིག ཐུང་གྲས་ལ་དཔྱད་རྩོམ་ཁ་ཤས་དང་། མི་ཚེ་སྐྱིད་ལ་བསྐུར་བའི་སྙན་ངག་དང་ཟིན་ཕྲན་སོགས་གྲངས་ཚད་ལོན་པ་ཞིག་བྲིས་ཤིང་དྲ་ལམ་དུ་བཀོད། གཞན་དཔེ་ཁྲིད་ཀྱི་སྐོར་ནས་བླ་མ་བརྩེ་བའི་བདག་ཉིད་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་སྐབས་གནང་བའི་ཆོས་ཁྲིད་དང་། འཇིགས་མཛད་དཔའ་པོ་གཅིག་པའི་བཀའ་དབང་དང་འབྲེལ་བའི་ཆོས་ཁྲིད། རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་སོགས་བཀའ་ཁྲིད་གང་མང་རེ་དང་། བཀའ་དྲིན་ཆེ་བའི་རྒན་རིན་པོ་ཆེ་རོང་བོ་རྒྱལ་བའི་མྱུ་གུ་ལགས་ཀྱི་དྲ་ལམ་འཆད་ཁྲིད་རྣམ་ཐར་དད་པའི་འཇུག་ངོགས་ཀྱིས་མཚོན་པའི་འཆད་ཁྲིད་རྣམས་དང་།  རྒན་བདེ་མཆོག་ལགས་ཀྱི་སུམ་རྟགས་སྐོར་གྱི་བཤད་ཁྲིད་གང་མང་། ད་དུང་སྟོན་པའི་རྣམ་ཐར་གློག་བརྙན་དང་རི་པིན་བཀས་ཙི་སོགས་གློག་བརྙན་འཕྲིན་ཀྱང་གང་འཚམ་རེ་ཁོམ་སྐབས་ནམ་ཡོད་ལ་བལྟས་པ་སོགས་ལྗོངས་རྒྱུ་ལྟ་སྐོར་དང་འབྲེལ་ཏེ། གནམ་འོག་ནས་འཁོར་བའི་འཚོ་བའི་བདེན་པ་འདི་ཙམ་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་མཇུག་ཡོངས་སུ་བསྒྲིལ་བའི་རྣམ་པ་ནི་དེ་ཙམ་མོ་ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་ལོ་གསར་བའི་ནང་དུ་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བཞག་སྔར་ལས་ལྷག་པ་འཕེལ་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ། ཡུལ་མདོ་སྨད་བཀྲ་ཤིས་ཆོས་ཐང་གསང་ཆེན་ངེས་དོན་བཤད་སྒྲུབ་ཆོས་འཁོར་གླིང་གི་རང་ཤག་ཏུ་སྦྱར་བའོ། །