བྱ་བ་གང་ཞིག་ཡིན་ཡང་ཐོག་མར་མྱི་གཞི་ཚུལ་དང་ལྡན་པ་ཞིག་བཅའ་ཐུབ་རྒྱུ་དེ་ཡིན། དུས་ཡུན་ཇི་ཙམ་འདས་ཀྱང་དེ་ནི་འགྱུར་མི་སྲིད་པའི་གནས་ལུགས་བརྟན་པོ་ཞིག་པར་མ་ཟད། མྱི་གཞི་བཟང་མིན་གྱིས་ཤེས་རབ་དང་བློ་སྦྱོང་གང་འདྲ་ལྡན་མིན་ཡང་མཚོན་ཐུབ། མྱི་ཞིག་ལ་བློ་རིག་པ་དང་ཐབས་ནུས་པ།མི་ཚེའི་ཆ་རྐྱེན་ལེགས་པ་སོགས་ཀྱིས་མྱི་གཞི་བཟང་པའི་དོན་དམ་གྱི་གནས་ལུགས་མཚོན་མི་ཐུབ་སྟེ། གལ་ཏེ་མྱི་ཚུལ་དང་ལྡན་པ་ཞིག་བྱེད་པའི་གནས་ལུགས་མི་རྟོགས་ཤིང་བསམ་སྦྱོར་དང་ཀུན་སྤྱོད་དམན་པའི་མི་ཞིག་ཡིན་ཚེ།ཁོས་མི་ཚེ་བྱ་བཞག་སྟེང་ཆེས་ཟབ་པའི་བག་ཆགས་ངན་པ་འཇོག་སྲིད། དོན་དམ་གྱི་མྱི་གཞི་ཡག་པོ་ཞིག་ཡོད་ཚེ་ད་གཟོད་མི་ཚེའི་སྟེང་བྱ་བཞག་ཆེས་ཆེ་བ་ཞིག་འགྲུབ་སོང་བ་ཡིན་ལ། དེ་ནི་གནའ་མིས་སྦྱོང་བརྡར་ལས་བསགས་ཤིང་ད་སྐབས་ཀྱང་ནན་གྱིས་བརྗོད་བཞིན་པའི༼བྱ་བ་ཀུན་ལ་མྱི་གཞི་དགོས་༽ཟེར་བའི་གནས་ལུགས་ཡང་དག་པ་དེ་ཡིན། ཀྲུང་གོའི་རུའུ་ལུགས་ཀྱི་ཚབ་མཚོན་སྐྱེ་མཆོག་ཁུང་ཙིའི་བསམ་བློ་ནི་ལོ་ངོ་སྟོང་ཕྲག་འགྱངས་པའི་ཀྲུང་གོའི་རིག་གནས་ཀྱི་ཡང་སྙིང་ལ་འཐིམས་ཡོད་པ་ཞིག་ཡིན་ལ། ཁོང་གིས་གསུང་དོན་༼བྱ་བ་གང་ཞིག་ལེགས་འགྲུབ་འབྱུང་བར་ཐོག་མར་མྱི་གཞི་བཟང་བོ་ལྡན་མིན་ལ་ཐུག་ཡོད། དེ་ནི་སྤྱོད་ཡོན་ཉིས་ལྡན་གྱི་ཀུན་སྤྱོད་མ་ལག་ཅིག་ཡིན་པས། ཀུན་སྤྱོད་ནི་གཙང་བོ་བཞིན་མཛད་མཐའ་མེད་ལ། འཇོན་ནུས་ནི་དེ་ལས་བྱུང་བའི་རྦ་རླབས་ཡིན་༽ཞེས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་ཀུན་སྤྱོད་ཀྱི་གནས་ལུགས་ཀྱིས་བསྐྲུན་པ་ཞིག་ཡིན་ཟེར། གནའ་ནས་ད་ལྟའི་བར་ང་ཚོའི་རྣ་ལམ་དུ་རྒྱུན་འཇགས་སུ་གྱུར་བ་ནི་མྱི་གཞི་ཡག་པོ་ཞིག་བཅའ་དགོས་པའི་གནས་ལུགས་ཁོ་ན་ཡིན་ཡང་། མྱི་ལ་བཟང་ངན་གྱི་ཁྱད་པར་སྣ་ཚོགས་དང་བྱ་བའི་འབྲས་བུ་ལའང་གནམ་ས་ལྟ་བུའི་ལེགས་ཉེས་སྣ་ཚོགས་འབྱུང་བ་ཞིག་ཡིན་པས། ཕམ་ཁ་ཁུར་མཁན་ཚང་མ་ནི་སྟབས་མ་ལེགས་ཤིག་དང་རྒྱལ་ཁ་ཐོབ་མཁན་ཚང་མ་ནི་ངེས་པར་འབྱུང་དགོས་པ་ཞིག་ཀྱང་མ་ཡིན་པར། ཆེས་རྩ་བའི་རྒྱུ་རྐྱེན་ནི་ཇི་ལྟར་མྱི་གཞི་ཡག་པོ་ཞིག་དང་ཡ་རབ་སྤྱོད་བཟང་གི་མི་གཤིས་ལྡན་པའི་གནས་ལུགས་རྟོགས་པར་ཐུག་ཡོད་པ་དེ་ཡིན། ཨ་རིའི་ཅ་ཀྲུའུ་གྲོང་ཁྱེར་གྱི་བརྙན་ཕབ་ཐུན་གཉེར་ཁང་ཞིག་ཏུ་ལག་རྩལ་བཟོ་བཀོད་པའི་ལས་མི་བསྡུ་སྐབས། མིང་ལ་ཧྲི་མེ་སི་ཟེར་བའི་ན་གཞོན་ཞིག་ཁ་རྒྱུགས་འདྲི་གཞི་ལ་ཚུད་ཐུབ་པ་བྱུང་། ཁོ་རང་རྒྱུགས་རའི་ནང་དུ་བྲེལ་འཚུབ་དང་དོགས་སྣང་ངང་འདྲི་གཞི་ལ་སྒུག་ནས་བསྡད་སྐབས། ལྭ་བ་བབས་ཆགས་གྱོན་པའི་ལས་མི་རྒན་པ་ཞིག་རྒྱུགས་རའི་ནང་སླེབས་མ་ཐག་ཁོ་རང་གློ་བུར་དུ་ཡར་ལ་ལངས། མི་དེས་མིག་ཙམ་ཡང་མི་རྡེབ་པར་ཁོ་ལ་ཞིབ་ལྟ་ཡང་ནས་ཡང་དུ་བྱས་མཐར་གསུང་དོན། “ངས་ཁྱོད་རང་བཙལ་བཙལ་ནས་རྙེད་ཐུབ་པ་བྱུང་བ་འདི་ནི་དངོས་གནས་དགའ་འོས་ཤིང་དྲིན་ཆེ་བ་ཞིག་རེད། ཐེངས་སྔོན་མར་ཁྱོད་ཀྱི་བཀའ་དྲིན་ལས་ངའི་གཅེས་པའི་བུ་མོའི་སྲོག་སྐྱོབ་ཐུབ་པ་བྱུང་བ་རེད”ཞེས་བཤད། ཧྲི་ལེ་མེ་སིས་མགོ་འཐོམ་པའི་ངང་“དགོངས་པ་མ་ཚོམས། ངས་ཁྱོད་ཀྱིས་ཅི་ཞིག་གསུང་བའི་ཧ་གོ་མ་སོང་།”ཞེས་བཤད།ལས་མི་རྒན་པ་དེས་གདེང་ཚོད་དང་བཅས་བཤད་རྒྱུར་“ཐེངས་སྔོན་མར་སྤྱི་གླིང་ར་བ་ནས་ངའི་བུ་མོ་ཆུ་རྫིང་ལ་ལྷུང་སྐབས་ཁྱེད་ཀྱིས་སྲོག་ཉེན་ལས་བསྐྱབས་པ་རེད་”ཟེར། ཧྲི་མེ་སི་ཡིས་ད་གཟོད་ཁོང་གིས་བཤད་པའི་སྐད་ཆའི་རྒྱབ་ལྗོངས་ཧ་གོ་སོང་ལ། ལས་མི་རྒན་པས་ཁོ་རང་བུ་མོའི་སྲོག་སྐྱོབ་མཁན་གཞན་ཞིག་ལ་ནོར་ཡོད་པ་གཞི་ནས་ཧ་གོ་སོང་། ཧྲི་མེ་སིས་བཤད་རྒྱུར་“སྐུ་ཞབས་ལགས། ཁྱོད་རང་མི་གཞན་ཞིག་ལ་ནོར་ཡིད་པ་ཐག་ཆོད་རེད། ང་རང་ཁྱོད་ཀྱི་བུ་མོའི་སྲོག་སྐྱོབ་མཁན་གྱི་མི་དེ་གཏན་ནས་མིན།”ཞེས་བཤད་ཀྱང་། ལས་མི་རྒན་པ་དེས་བློ་ཐག་རྦད་ཆོད་ངང་གསུང་དོན་“རེད། ཐག་ཆོད་རེད། ང་རང་མི་གཞན་ལ་གཏན་ནས་ནོར་མེད།”ཞེས་གསུང་། ཧྲི་མེ་སི་ཡིས་རྒན་པ་དེར་རྒྱུ་མཚན་ཇི་ཙམ་བཤད་ཀྱང་དང་ལེན་མ་བྱས་པས་ཁོས་ཐབས་ཟད་འུ་ཐུག་ངང་བཤད་རྒྱུར། “སྐུ་ཞབས་ལགས། ང་སྲོག་སྐྱོབ་མཁན་གྱི་མི་དེ་གཏན་ནས་མིན། ཐ་ན་ང་རང་ཁྱོད་ཀྱིས་བཤད་པའི་སྤྱི་གླིང་ར་བ་དེར་གཅིག་ཀྱང་སོང་མྱོང་མེད་པའི་མི་ཞིག་ཡིན”ཞེས་བཤད་པར། ལས་མི་རྒན་པ་དེས་ཁོའི་སྐད་ཆར་ཅུང་ཙམ་ཉན་རྗེས་ཁོའི་ལག་པ་ནས་བཏང་ཞིང་ཡིད་ཕངས་པའི་ཉམས་དང་བཅས་གསུང་རྒྱུར།“ང་ངོ་མ་ནོར་སོང་བ་རེད་དམ།”ཞེས་བཤད། ཧྲི་མེ་སི་ཡིས་སེམས་གསོའི་ཚུལ་གྱིས་བཤད་རྒྱུར། “སྐུ་ཞབས་ལགས། ཁྱེད་རང་བྲེལ་འཚུབ་མ་ལངས་རོགས། ཡུན་གྱིས་འཚོལ་དང་ཁྱེད་ཀྱི་སྲོག་སྐྱོབ་མཁན་གྱི་མི་དེ་རྙེད་ངེས་རེད་”ཞེས་བཤད། ཉིན་འགའི་རྗེས་སུ་ཧྲི་མེ་སི་ལ་རྒྱུགས་འཕྲོད་པའི་བརྡ་སྦྱོར་འབྱོར་ཞིང་ཉེ་སྔོན་འཕྲད་པའི་ལས་མི་རྒན་པ་དེར་བསླར་ཡང་མཇལ་བྱུང་། ཧྲི་མེ་སི་ཡིས་སྙིང་ཉེ་བའི་ངང་ཁོང་ལ་འདྲི་རྒྱུར།“ཁྱེད་ཀྱི་བུ་མོའི་སྲོག་སྐྱོབ་མཁན་དེ་རྙེད་སོང་ངམ་”ཞེས་དྲིས། “རྙེད་མ་སོང་། ཁོ་རང་ཇི་ལྟར་བཙལ་ཡང་རྙེད་མ་སོང་།”ཞེས་བཤད་རྗེས། ལས་མི་རྒན་པ་དེ་ཁོ་དང་བྲལ་ནས་ཕར་བུད་སོང་། ཧྲི་མེ་སི་བློ་ཕམ་དང་བཅས་གམ་ན་ཡོད་པའི་རླངས་འཁོར་ཁ་ལོ་བ་དེ་ལ་ལས་མི་རྒན་པའི་དོན་དག་ཆ་ཚང་བཤད་དུས། ཁ་ལོ་བས་ཧབ་ཆ་ཆེན་པོ་ཞིག་རྒྱབ་ནས།“ཁྱོད་ཀྱིས་ཁོ་རང་ངོ་མ་སྙིང་རྗེ་བ་རེད་དམ། ཁོང་ནི་ང་ཚོའི་ཐུན་གཉེར་ཁང་གི་སྤྱི་གཉེར་བ་རེད། ཁོང་གིས་བུ་མོ་ཆུར་ལྷུང་བའི་དོན་དེ་ནི་ཁྱོད་ལ་རྫུན་སྨྲས་པ་རེད། དོན་ངོ་མ་བཤད་ན་ཁོང་ལ་བུ་མོ་ཞིག་གཏན་ནས་མེད་” ཞེས་བཤད།“འོ་་་”ཧྲི་མེ་སི་དངོས་གནས་ཧོན་ཐོར་བ་ལྟར་གྱུར་སོང་། ཁ་ལོ་བས་མུ་ནས་བཤད་རྒྱུར། “ང་ཚོའི་སྤྱི་གཉེར་བར་མཚོན་ན་དོན་འདི་འདྲའི་སྟེང་ད་གཟོད་མྱི་ཞིག་གི་འཇོན་ཚད་འདེམས་ཀྱི་ཡོད་ལ། ཁོང་གིས་ནམ་རྒྱུན་བཤད་རྒྱུར་མྱི་གཞི་བཟང་བོ་ལྡན་ཚེ་ད་གཟོད་འཇོན་ནུས་སྣ་ཚོགས་བསྐྲུན་ཐུབ་ངེས་ཡིན་ཟེར་”ཞེས་བཤད།དེ་ནས་བཟུང་ཧྲི་མེ་སི་ཧུར་ཐག་འབད་ཐག་གིས་བྱ་བར་ཞུགས་ཤིང་། དུས་ཡུན་གང་འཚམ་སོང་རྗེས་ཁོ་རང་ཕྱོགས་གང་ཐད་ནས་ནུས་པ་ཆེན་པོ་ལྡན་པའི་ལས་མི་ཞིག་ཏུ་གྱུར་བས་མཐར་ཐུན་གཉེར་ཁང་གི་བཀོད་འདོམས་པར་གདམས་ཐོན་བྱུང་བར་མ་ཟད། ཐུན་གཉེར་ཁང་གི་ལོ་གཅིག་གི་ཡོང་སྒོ་ཨ་སྒོར་ཁྲི3500འཕར་སྣོན་ཐུབ་པ་བྱུང་།

དུས་ཡུན་གང་འཚམ་སོང་མཐར་ཐུན་གཉེར་ཁང་གི་སྤྱི་གཉེར་བ་༼ལས་མི་རྒན་པ༽ལས་ཁྱེར་ངལ་གསོ་བྱས་ཤིང་ཧྲི་མེ་སི་ལགས་ཀྱིས་ཁོང་གི༼སྤྱི་གཉེར་བ༽རྒྱུན་འཛིན་བྱས་པར་མ་ཟད། ཡུལ་ཁམས་ཀུན་ལ་གྲགས་པའི་ཨ་རིའི་ཆེས་སྟོབས་ལྡན་གྱི་ཕྱུག་བདག་ཅིག་ཏུ་གྱུར་བ་རེད།ཧྲི་མེ་སི་ལགས་ཀྱིས་ཁོང་གི་མི་ཚེ་ཉམས་མྱོང་ལ་ཕྱོགས་བསྡོམས་ཀྱིས་གསུང་རྒྱུར།“མྱི་ཞིག་གིས་སྐྱེ་བ་གཅིག་གི་ནང་ལ་མྱི་གཞི་ཡག་པོ་ཞིག་བཅའ་ཐུབ་ཚེ། མི་རབས་ཇི་ཙམ་འདས་ཀྱང་མི་ཀུན་གྱིས་ཡིད་རྟོན་བྱ་ཐུབ་པའི་རྒྱལ་ཁ་རེག་ཐུབ་སོང་བ་རེད”ཅེས་གསུང་སོང་། འཇིག་རྟེན་སྟེང་བྱ་དངོས་མང་པོ་ཞིག་ནི་ནུས་མེད་ཉམ་ཆུང་ངང་གནས་པ་ཞིག་ཡིན་མོད། མྱི་གཞི་ནི་གང་ལ་འཇུག་ཀྱང་ཧ་ཅང་ནུས་སྟོབས་ལྡན་པ་ཞིག་ཡིན། བྱ་དངོས་ཀྱི་འགྱུར་བ་ནི་ཚད་འཇལ་ནུས་པ་ཞིག་མིན་ཡང་མྱི་གཞི་ནི་ཚད་འཇལ་ནུས་པ་ཞིག་ཡིན། མྱི་གཞི་ནི་མི་ཚེ་ལེགས་འགྲུབ་བྱུང་བའི་མི་ཞིག་གིས་བསྒྲུབ་དགོས་པའི་མཐར་ཐུག་གི་རེ་བ་དང་འཇོན་ནུས་སུ་ངེས་པས། བྱ་བ་ཀུན་ལ་མྱི་གཞི་གཙོ་ཞིང་མྱི་གཞི་ཡོད་པ་ནི་མི་གཤིས་ཡག་པའི་མངོན་རྟགས་ཡིན།

གོང་གི་གཏམ་རྒྱུད་ལས་ཤེས་ཐུབ་པ་ནི། སྤྱི་གཉེར་བའི་སྐད་ཆ་ནོར་ཡོད་པ་ལ་ཧྲི་མེ་སི་ཡིས་ཐད་ཀར་ནོར་འདུག་ཅེས་བརྗོད་ན་རྒྱུན་ལྡན་དུ་སྣང་བ་ཞིག་ཡིན་མོད། འོན་ཀྱང་སྐབས་དེའི་ཚིག་གཅིག་གིས་ཁོང་གི་ལས་གནས་ཐོབ་ཤོར་ལ་སྟོབས་ཤུགས་ངེས་ཅན་ཞིག་སྩོལ་ནུས་པ་ནི་ཤེས་ནུས་ཀྱང་།ཁོང་གི་བློ་དཀར་གཞུང་དྲང་དང་བདེན་ལུགས་ཞུམ་མེད་ཀྱི་མྱི་གཞི་ཡིས་ཐ་གཅིག་ཏུ་རྒོལ་ལན་སྤྲད་ཡོད་ལ། ལས་དོན་དེའི་འགོ་རྔ་བར་གསུམ་གྱི་སྐད་ཆ་རེ་རེ་ཡིས་ཁོ་ལ་བླ་ན་མེད་པའི་མྱི་གཞི་གཙང་མ་ཞིག་ཡོད་པ་བདེན་དཔང་ཐུབ་ཡོད་པས། མ་འོངས་པའི་ཁོང་གི་མི་ཚེ་བྱ་བཞག་ནི་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་ཐུབ་པ་བྱུང་བ་རེད། དེར་རྟེན་རྒྱལ་ཁའི་ལམ་དུ་སྐྱོད་མཁན་ཞིག་ཡིན་ན་ཀུན་སྤྱོད་དང་མི་གཤིས་བཟང་བའི་མྱི་གཞི་ཚུལ་ལྡན་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

2018-12-31