སྔོན་དུ་བགྲོ་བའི་གཏམ།   བསམ་ཡས་མཆིམས་ཕུའི་བྲག་བརྐོས་རི་མོ་རྣམས་གསར་རྙེད་བྱུང་ནས་ད་བར་དུ་རང་གི་སྐད་འཕྲིན་ཙམ་ལས་གཞན་ལ་མ་སྤེལ་བ་ནི་གསར་རྙེད་ཡིན་མིན་ལ་ཡིད་གཉིས་ཐེ་ཚོམ་གྱིས་དང་། གཉིས་སུ་ན་འདིའི་སྐོར་ལ་དཔྱད་པ་གཏོང་ནུས་མིན་ལ་བསམས་ནས་ཡུན་རིང་འགོར་བས་ཡིན། བརྒྱ་ལ་དཔྱད་རྩོམ་ཞིག་འབྲི་བའི་ལས་ལ་འཇུག་ཀྱང་ཆེད་ལས་བློ་སྦྱོང་ཤིན་ཏུ་དམའ་བའི་ཕྲན་གྱིས་ཡང་བསྐྱར་མཆིམས་ཕུར་བསྐྱོད་ནས་བྲག་བརྐོས་རི་མོ་དེ་རྣམས་ཀྱི་ཆ་ཚད་འཇལ་བ་ཙམ་ལས་གཞན་ཅི་ཡང་མི་ནུས་པ་འདྲ། ད་ནི་སྤྱི་ལོ་གསར་ཚེས་ཀྱི་ཉིན་མོ་འདིར་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་གི་ལམ་བུ་སྔར་ལས་ཡངས་པའི་རྟེན་འབྲེལ་དང་སྨོན་འདུན་ལ་ཁ་བ་རི་བོའི་ཕྱི་ནང་ཀུན་ལ་བསྒྲག་པར་བྱའོ། །

མཆིམས་ཕུ། གསང་ཕུ། ཁྲོ་ཕུ། མཚུར་ཕུ་བཅས་ནི་ཆགས་ཡུལ་གྱི་ངོས་ནས་མིང་བཏགས་པ་ཞིག་རེད། མཆིམས་ནི་གདུང་རུས་ཤིག་སྟེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་དང་མཆིམས་མེ་ལྷ།  རྗེ་འབངས་ཉེར་ལྔའི་ཡ་བ་མཆིམས་རྒྱལ་བ་མཆོག་དབྱངས། ལོ་ཙཱ་བ་མཆིམས་ཤཱཀྱ་པྲ་བྷ།  བསྟན་པ་ཕྱི་དར་སྐབས་ལ་བ་རི་ལོཙྪ་བའི་དངོས་སློབ་མཆིམས་བརྩོན་འགྲུས་སེང་གེ་དང་།  ཆག་ལོ་ཆོས་རྗེ་དཔལ་གྱི་བླ་མ་མཆིམས་བློ་གྲོས་བརྟན་པ། ཡང་དེའི་དངོས་སློབ་མཆིམས་ནམ་མཁའ་གྲགས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བླ་མ་མཆིམས་བློ་བཟང་གྲགས་པ་ལ་སོགས་བྱོན་མྱོང་ངོ་། །

འགོས་ལོ་གཞོན་ནུ་དཔལ་གྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཆིམས་ཕུར་སྒོམ་གྲྭ་བཙུགས་པར་གསུངས་ལ། དེ་ཡང་བཀའ་ཐང་དུ་མཆིམས་ཕུའི་ལུང་པ་པདྨ་ཁ་ཕྱེ་ལྟར་ཞེས་པ་བཞིན། ཕྱི་ལྟར་པདྨའི་འདབ་མ་ཁ་ཕྱེ་བའི་དབྱིབས། ནང་ལྟར་རྡོ་རྗེ་ཕག་མོའི་ཆོས་འབྱུང་གི་རྣམ་པ། གསང་བ་རྡོ་རྗེ་བཙུན་མོའི་བྷ་གའི་དབྱིབས་སུ་ངོས་འཛིན་པ་ལ་འབྲེལ་བ་ཡོད་སྲིད། 《རྦ་བཞེད་》ལས་མེས་སྲོང་བཙན་གྱི་བཀའ་ཆེམས་ཡི་གེ་བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་མཆིམས་ཕུའི་ཕྱག་མཛོད་དུ་སྦས་པར་བརྗོད་པ་དང་། བསྟན་པ་སྔ་དར་གྱི་དཀར་ཆག་རྣམ་གསུམ་ལས་དཀར་ཆག་མཆིམས་ཕུ་མ་ཞེས་བྱ་བ་ཡང་འདི་གར་བཞུགས་པའི་བོད་འགྱུར་བཀའ་བསྟན་རྣམས་ཀྱི་དཀར་ཆག་ཡིན་ན་བཙན་པོའི་དུས་སུ་གནས་འདི་སྒོམ་གྲྭ་ཁོ་ན་ཙམ་མིན་ནམ་སྙམ།       

  

སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་5ཉིན་གྱི་སྔ་དྲོའི་དུས་ཚོད་10ཡས་མས་ལ་བསམ་ཡས་དགོན་ནས་མགྲོན་འཁོར་ལ་བསྡད་དེ་བྱང་ཤར་དུ་སྤྱི་ལེ་10ཙམ་བསྐྱོད་མཐར་མཆིམས་ཕུ་རི་འདབས་སུ་སླེབས། དེར་གསར་དུ་བཞེངས་པའི་འདུ་ཁང་གསུམ་ཐོག་ཅན་ཞིག་འདུག་ལ། འོག་ཁང་གི་གཙང་ཁང་ནང་མའི་རྟེན་གཙོ་ལ་དཀྱིལ་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་། གུ་རུ་སྣང་སྲིད་ཟིལ་གནོན། སྒྲོལ་མ། གཡས་གཡོན་དུ་འཇམ་དཔལ་བཤེས་གཉེན་དང་དགའ་རབ་རྡོ་རྗེ། བི་མ་མི་ཏྲ། གུ་ཧྱ་ཙནྡྲ་སོགས་མཚན་ཙམ་ཡང་ཐོས་མ་མྱོང་བའི་བླ་སྐུ་འགའ་དང་། ལྡེབས་རིས་ལ་སྟོན་པ་གཙོ་འཁོར་རྣམ་གསུམ། གུ་རུ་པད་འབྱུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། འཇིགས་མེད་གླིང་པ་སོགས་འདུག  དེ་དག་ལ་ཉེ་བར་མཇལ་ནས་མཆིམས་རྒྱལ་བ་མཆོག་དབྱངས་ཀྱི་སྒྲུབ་ཕུག་རྟ་མགྲིན་བྲག་ཕུག་ལས་ཕྱིར་བུད་རྗེས། ལམ་འགྲམ་ཞིག་ཏུ་གསེར་རྟའི་བླ་རྒན་ཞིག་གིས་ང་ལ་ལས་ཀ་ཞིག་བཅོལ་བ་ནི་ལྗིད་ཚད་ལ་རྒྱ་མ་18རེ་ཡོད་པའི་མཆོད་མར་ཟོ་བ་སེར་པོ་གཉིས་ཟངས་མདོག་དཔལ་རི་ལ་སྐྱེལ་དགོས་པ་དེ་རེད། དེ་ནས་ནེམ་ནུར་གང་ཡང་མེད་པར་ལགས་སོའི་ཚིག་གིས་ཁོང་གི་རེ་བ་ལྟར་མཆོད་མར་ཟོ་བ་ཟུང་ངེད་གཅིག་པུས་བཀྱགས་ནས་ཡར་ལ་འགོས་པ་ཡིན། དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རྗེས་སུ་ཟངས་མདོག་དཔལ་གྱི་རི་བོར་འབྱོར། 

དཀོན་གཉེར་ལ་མཆོད་མར་སྤྲད་རྗེས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་གསུམ་ཟླ་གསུམ་ཞག་གསུམ་ལ་རྟ་མགྲིན་སྒྲུབ་སའི་ཕུག་པ་ཡིན་པར་གྲགས་པའི་མཚམས་ཁང་ལ་མཇལ་ཞིང་། ལོ་ན་40ཙམ་ལ་སོན་པའི་བཙུན་མ་ཞིག་གིས་ང་ལ་འདི་ནི་རྟ་མགྲིན་དང་གུ་རུ་རང་བྱོན་ཡིན་ཞེས་རེ་རེ་བཞིན་བསྟན་ཡང་ཁོ་བོའི་ཆུ་བུར་མིག་གིས་ཅི་ཡང་མ་མཐོང་། སྒྲུབ་ཕུག་ཕྱི་རོལ་གྱི་ཉེ་སར་གུ་རུའི་ཞབས་རྗེས་ཡིན་ཟེར་བའི་མི་ཚད་ལས་ཆེ་བ་ཞིག་ལ་གསེར་བྱུགས་འདུག འདི་དག་ལས་ཀྱང་ཁོ་བོའི་མིག་དབང་འཕྲོག་པ་ཞིག་ནི་ཟངས་མདོག་དཔལ་རིའི་ཆགས་དབྱིབས་ཐད་ནས་གཞན་ལས་ཁྱད་པར་ཅན་ཞིག་ཡིན་པ་དེ་རེད། དེའི་རྒྱབ་ནས་སྔོན་བྱོན་གྲུབ་ཐོབ་ཚད་ལྡན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཞིང་ཁམས་འདི་ལ་རྒྱང་མཇལ་ལན་གཅིག་བྱེད་འདོད་ཀྱིས་ཆས་པ་ན་སྟེས་དབང་གིས་བྲག་བརྐོས་རི་མོ་ཆེན་པོ་གཉིས་མཐོང་སོང་།  

 

གཡང་གཟར་ཆེ་ཡང་དེ་དག་གི་གམ་དུ་བཅར་ནས་རང་ནུས་ཀྱིས་པར་མང་པོ་བརྒྱབ་རྗེས་རིམ་བཞིན་བཀའ་འགྱུར་ལྷ་ཁང་དང་། ཚེ་སྒྲུབ་ལྷ་ཁང་དང་། ཀུན་མཁྱེན་ཀློང་ཆེན་པའི་སྐུ་གདུང་མཆོད་རྟེན་དང་དེའི་གམ་གྱི་རྡོ་རིང་ཉི་ཟླ་ཅན་རྣམས་ལ་མཇལ་ནས་རི་འདབས་ཙམ་ལ་སླེབས་སྐབས། ཧི་མ་ལ་ཡའི་མཛེས་རྩལ་ཕྱོགས་ལ་མཁྱེན་རྒྱ་ཡངས་པའི་རྒན་ཚངས་དབང་དགེ་འདུན་བསྟན་པ་ལགས་ལ་སྐད་འཕྲིན་ནས་སངས་རྒྱས་སྨན་བླ་སོགས་གསལ་བའི་བྲག་བརྐོས་རི་མོའི་པར་འགའ་བསྐུར་ནས་བཀའ་འདྲི་བྱས་པ་ན། ཁོང་གིས་བྲག་བརྐོས་རི་མོ་འདི་རྣམས་ནི་དུས་རབས་11ཡས་མས་ཀྱི་ཡིན་པར་སྙམ་ཞེས་གསུངས།  གཞན་ལྷ་སྐུ་གཅིག་གི་ཕྱག་མཚན་འདྲ་པར་ལས་གསལ་པོ་ངོས་མ་ཟིན་པས་ངལ་བ་ལ་མ་འཛེམ་པར་དབུགས་ཧལ་ཧལ་གྱིས་ཡང་བསྐྱར་ལན་གཅིག་འགོས་པ་ཡིན། སྔ་ཕྱིར་ལན་གཉིས་ལ་བསྐྱོད་པའི་འབྲས་བུ་ལ་དེ་ནས་བྲག་ལ་བརྐོས་པའི་ལྷ་སྐུ་མི་འདྲ་བ་འགའ་མཐོང་བ་གཤམ་གསལ་ལྟར།

 

ཁག་དང་པོ།   (གནས་ཡུལ་རགས་ཙམ་ཞིག་གོང་གི་པར་གསུམ་པ་ལས་ཤེས་ཐུབ།)

ཡུལ།  ཟངས་མདོག་དཔལ་རིའི་རྒྱབ་ཀྱི་ཞོལ་གཡས།  

ལྷ་སྐུ།  དཀྱིལ་དུ་སངས་རྒྱས་སྨན་བླ། འབྲས་བུ་བསྣམས་པའི་ཕྱག་གཡས་ཀྱི་འོག་ཏུ་ཨ་རུ་ར་ཞེས་བརྐོས་འདུག  གཡས་སུ་ཉི་མ་ལྟར་སྣང་བྱེད། དེའི་གཡས་སུ་མཚན་བརྐོས་འདུག གཡོན་དུ་ཟླ་བ་ལྟར་སྣང་བྱེད།  དེའི་གཡོན་དུ་མཚན་བརྐོས་འདུག ལྷ་སྐུ་འདི་གསུམ་ནི་ཀེར་བཞེངས་ཅན་རེད།

 

ཁག་གཉིས་པ།

ཡུལ།  ཟངས་མདོག་དཔལ་རིའི་རྒྱབ། 

ལྷ་སྐུ།  དཀྱིལ་དུ་རྣམ་པར་སྣང་མཛད་དང་། གཡས་སུ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ།  འདིའི་གཡས་སུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་ཨོཾ་རིང་ཆ་ཅན་ཞིག་སྟེ།ཨཱོཾ་མ་ཎི་པད་མེ་ཧཱུྃ་ཞེས་པདྨེ་དེང་སང་བཞིན་མིན་པར་ཕྲལ་ནས་བརྐོས་འདུག གཡོན་དུ་ཕྱག་ན་རྡོ་རྗེ། (འདིའི་མདུན་ངོས་གཡང་གཟར་ཡིན་པས་ཕྲན་གཅིག་པུས་འདི་གསུམ་གྱི་པར་ཧྲིལ་བོ་ཞིག་ལེན་མ་ནུས།) 

 

ཁག་གསུམ་པ། 

ཡུལ།  ཟངས་མདོག་དཔལ་རིའི་རྒྱབ་ཀྱི་ཞོལ། 

ལྷ་སྐུ།   རྗེ་བཙུན་བྱམས་པ། གཡས་སུ་ཨརྱ་དང་གཡོན་དུ་མཻ་ཏྲི་ཞེས་བརྐོས་འདུག  གོང་གི་ལྷ་སྐུ་འདི་དག་བཞུགས་སྟངས་ཅན་རེད། གཤམ་དུ་འདི་རྣམས་ངོ་སྤྲོད་ཅུང་ཙམ་བྱ། (སྔོན་མར་སྐད་འཕྲིན་དུ་སྤེལ་བའི་རྩོམ་ཐུང་དུ་འདི་ཉིད་“སྒྲོལ་ལྗང་ཡིན་ནམ་བརྟག་“ཅེས་བཤད། ཁ་སང་དགེ་རྒན་ཤ་བོ་མཁར་བྱམས་ལགས་ཀྱིས་འདིའི་གཡོན་དུ་མཻ་ཏྲི་ཞེས་བརྐོས་པ་དང་སྐུ་མདོག་སེར་པོ་ཡིན་པར་བརྟག་ན་བྱམས་པ་ཡིན་དགོས་ཞེས་གསུངས་པས་དེ་ལུགས་བཞིན་བཅོས་ཡོད། འདིར་ཆེད་དུ་ཁོང་ལ་བཀའ་དྲིན་ཞུས་པ་ཡིན།)

 

 1. སངས་རྒྱས་སྨན་བླ།   སྐུ་མདོག་མཐིང་ག་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་རའི་འབྲས་བུ་འཛིན་པ། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དར་དམར་པོའི་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་ཟུང་མཉམ་པའི་སྟབས་ཀྱིས་པད་ཟླ་ལ་བཞེངས་པའོ། །

 

 

2.ཉི་མ་ལྟར་སྣང་བྱེད།   སྐུ་མདོག་དམར་སེར་ཞལ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོར་ཕྱོགས་ཤིང་། ཕྱག་གཉིས་ཐལ་མོ་སྦྱར་བ། པད་མའི་གདན་ལ་ཞབས་གཉིས་དྲང་བོར་བཞེངས་པ། སྐུ་སྟོད་ལ་རྒྱན་ཆ་ལས་ན་བཟའ་སྤངས་པའོ། ། 

 

3.ཟླ་བ་ལྟར་སྣང་བྱེད།   སྐུ་མདོག་དཀར་པོ་ཞལ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱོགས་ཤིང་། ཕྱག་གཉིས་ཐལ་མོ་སྦྱར་བ། པད་མའི་གདན་ལ་ཞབས་གཉིས་དྲང་བོར་བཞེངས་པ། སྐུ་སྟོད་ལ་རྒྱན་ཆ་ལས་ན་བཟའ་སྤངས་པའོ། ། 

 

4.རྣམ་པར་སྣང་མཛད།   ལོངས་སྐུའི་ཆ་བྱད་ཅན། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ་དང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་མའི་གདན་ལ་བཞུགས་པ། བྲང་ཁར་“མུཾ་”ཞེས་པའི་ས་བོན་གྱི་ཡི་གེ་བརྐོས་པའོ། །

 

5.སྤྱན་རས་གཟིགས་སེམས་ཉིད་ངལ་གསོ།   ཞལ་གཅིག་ཕྱག་གཉིས། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གདན་ལ་བརྟེན་པས་པདྨའི་ཡུ་བ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་པད་མའི་གདན་ལ་བཞུགས་པ།  རི་དྭགས་ཀྱི་པགས་པའི་ཚབ་ལ་དར་འཕྱངས་ཀྱིས་ནུ་མ་གཡོན་པ་བཀབ་པའོ། ། 

 

6.ཕྱག་ན་རྡོ་རྗེ།   སྐུ་མདོག་སྔོན་པོ་ཞི་བའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་འཛིན་པ། ཕྱག་གཡོན་ངལ་གསོའི་ཚུལ་དུ་གདན་ལ་བརྟེན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་པདྨའི་གདན་ལ་བཞུགས་པ། དར་དང་ན་བཟའ་དམར་པོས་བརྒྱན་པའོ། །

 

7.  རྗེ་བཙུན་བྱམས་པ།  སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཅན། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དང་གཡོན་གདན་ལ་བརྟེན་པས་པདྨའི་ཡུ་བ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམས་ཀྱིས་པད་ཟླ་ལ་བཞུགས་པ། རིན་པོ་ཆེས་བརྒྱན་པའོ། ། 

 

གཞན་སྒྲུབ་ཕུག་འདིའི་ཉེ་སར་བདེ་གཤེགས་མཆོད་རྟེན་འགའ་ཡང་བརྐོས་འདུག  བྲག་བརྐོས་རི་མོ་འདི་རྣམས་མཐོང་རྗེས་གནས་གཞན་དུ་ཡང་ཡོད་སྙམ་ནས་འབད་པ་ཆེན་པོས་བཙལ་ཡང་ངལ་བ་འབྲས་མེད་དུ་གྱུར། གཅིག་བྱས་ན་བྲག་ངོས་གཞན་དུ་ཡང་བརྐོས་ཡོད་སྲིད། ཁོ་བོས་མཐོང་བའི་བྲག་བརྐོས་རི་མོ་ཡོད་ཚད་ཟངས་མདོག་དཔལ་རི་ལ་བསྐོར་ནས་བརྐོས་ཡོད་པས། སྒྲུབ་ཕུག་གི་སྒོ་ཁར་སྦྱར་བའི་ངོ་སྤྲོད་ཡི་གེ་བཞིན་འདི་གར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལོ་གསུམ་ལྷག་ལ་བཞུགས་མྱོང་མིན་དཔྱད་ཁག་ཀྱང་། སྔོན་དུས་སུ་གནས་འདིའི་མཚན་མ་བཟང་བོ་ཞིག་ཏུ་ངོས་འཛིན་གནང་ཡོད་པའི་གདེང་རྙེད། ཁོ་བོ་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་ཕྱོགས་ལ་བློ་མིག་ཤིན་ཏུ་ལྡོང་ཞིང་། འདིའི་ཐད་ལ་ཞིབ་འཇུག་བགྱིས་ནས་ཆེད་རྩོམ་ལེགས་པོ་ཞིག་འབྲི་བའི་ནུས་པ་ད་ལྟ་མི་མངའ་བས། ངོ་སྤྲོད་ཙམ་ལས་གཞན་ཅི་ཡང་མ་ནུས་པ་ལ་བློ་ཕམ་ཆེ།  བོད་ཀྱི་གནའ་དཔྱོད་དང་རི་མོའི་སྐོར་ལ་རྒྱུས་མངའ་ཆེ་བ་རྣམས་བསམ་ཡས་མཆིམས་ཕུ་ལ་ལན་གཅིག་ཕེབས་ན་འགྲིག་ཨང་བསམ་བྱུང་། སྒོས་སུ་པར་ལེགས་པོ་ཞིག་བརྒྱབ་འདོད་ཚེ་འགྲོ་རོགས་ཚེགས་ཡངས་ཅན་རེ་གཉིས་ངེས་པར་མཁོ་བ་དང་། རྣམ་སྣང་གི་བྲག་བརྐོས་རི་མོའི་མདུན་ནི་ཤིན་ཏུ་གཟར་བས་བདེ་འཇགས་ལ་ངེས་པར་གཟབ་དགོས་ཞེས་ཀྱང་བསྐུལ་བའི་ངོ་སྤྲོད་རྩོམ་ཐུང་ཞིག་བྲག་བརྐོས་རི་མོ་རྣམས་ལ་མཇལ་བའི་ཉིན་དེའི་ནུབ་མོར་སྐད་འཕྲིན་ཚོམས་སུ་དགེ་རྒན་དང་གྲོགས་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན།  

དེ་རྗེས་ཀྱི་ཉིན་གཉིས་པར་ཁོ་བོ་འཕྱོངས་རྒྱས་སུ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་རྡོ་རིང་ལ་མཇལ་དུས་སྐད་འཕྲིན་ལ་བལྟས་པ་ན། རྒན་ཚངས་དབང་གིས་ཕྲན་གྱིས་མཇལ་བའི་བྲག་བརྐོས་རི་མོ་འདི་དག་གི་པར་བཞི་ཚོམས་སུ་སྤེལ་བ་དང་ལྷན་འདི་འདྲ་ཞིག་ཀྱང་གསུངས་འདུག་སྟེ།མཆིམས་ཕུ་ནས་གསར་དུ་རྙེད་པའི་རྡོ་བརྐོས་རི་མོ། ཁེ་ཉིན་སྒོ་བུ་ཤ་བོ་ཚེ་རིང་ལགས་ཀྱིས་མཆིམས་ཕུ་ནས་གསར་དུ་རྙེད་པའི་རྡོ་བརྐོས་རི་མོའི་པར་འགའ་བསྐུར་ཐོན་སོང་། དབུ་རྒྱན་དང་། སྤྱན། ཤངས། སྨིན་མ། སྙན་ཤལ་ཅུང་རིང་བ། ན་བཟའི་ལྟེབ་གཉེར། ཕྱག་རིས།  དབུའི་འོད་སྐོར་ལ་དབུ་རྩེ་བཏོད་པ་སོགས་ལ་བརྟགས་ན་ཧ་ལམ་དུས་རབས་11ཡས་མས་ཀྱི་ཡིན་ནམ་སྙམ།ཞེས་སྤེལ་འདུག དེ་བཞིན་སི་ཁྲོན་སློབ་ཆེན་ནས་གནའ་དཔྱོད་རིག་པའི་འབུམ་རམས་པ་བཏོན་ཞིང་ད་ཆར་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གཉེར་བའི་དགེ་རྒན་ཤ་བོ་མཁར་བྱམས་ལགས་ཀྱིས་ཀྱང་ངོ་། ། ཕྱིས་སུ་ཁོང་གཉིས་ལ་སྒེར་ནས་གསར་རྙེད་ཡིན་མིན་དྲིས་པ་ལ་རྒན་ཚངས་དབང་ལགས་ཀྱིས་ཕྲན་གྱིས་མ་སྤེལ་བའི་སྔོན་དུ་ཁོང་གིས་མཐོང་མ་མྱོང་བས་ཧ་ལམ་ཡིན་སྲིད་སོགས་ཀྱང་གསུངས་སོང་། གཞན་ད་དུང་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་རྒན་ཤར་རྒན་དབང་འདུས་ལ་ཡང་བཀའ་འདྲི་བྱས་ནས་མཆིམས་ཕུའི་སྐོར་གྱི་རྒྱ་ཡིག་གི་ཡིག་ཆ་གཉིས་ཀློག་སྐལ་བྱུང་།  སྤྱི་ལོ་1986ལོར་དཔར་བའི་གྲ་ནང་རྫོང་གི་རིག་དངོས་གནས་ཡིག་དང་། སྤྱི་ལོ་2009ལོར་བསྒྲིགས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཐོ་འགོད་ཐེངས་གསུམ་པའི་ཡིག་ཆ་རུ། མཆིམས་ཕུའི་བྲག་བརྐོས་རི་མོ་ལ་སློབ་དཔོན་པདྨ་འབྱུང་གནས་དང་། ལྷ་ལྕམ་མནྟ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསུམ་གྱི་བྲག་བརྐོས་རི་མོ་ཁག་གཉིས་དང་། བྱང་ཆུབ་སེམས་དཔའ་བཞི་སོགས་བཅས་ཁག་གསུམ་ལས་གཞན་ཡོད་པ་རྣམས་ནི་དེ་འདྲའི་གསལ་བོ་མ་རེད་ཅེས་བརྗོད་འདུག  ཕྲན་གྱིས་མཇལ་བའི་བྲག་བརྐོས་རི་མོ་བདུན་ལས་ལྷ་སྐུ་བཞི་ཡི་གམ་དུ་མཚན་ཡིག་དང་གཟུངས་སྔགས་བརྐོས་ཡོད་པར་མ་ཟད་སྐུ་མདོག་རྣམས་ཀྱང་སྒྲུབ་ཐབས་ལྟར་ཡིན་ལ། དཔེར་ན་སངས་རྒྱས་སྨན་བླའི་སྐུ་མདོག་མཐིང་ག  ཉི་མ་ལྟར་སྣང་བྱེད་དང་ཟླ་བ་ལྟར་སྣང་བྱེད་ཀྱི་སྐུ་མདོག་དམར་སེར་དང་དཀར་པོ་ཡིན་པ་ཡང་སྒྲུབ་ཐབས་རིན་འབྱུང་དང་ཡོངས་སུ་མཐུན་པ་ཞིག་རེད། སྒོས་སུ་དེ་རྣམས་ཀྱི་ཆེ་ཆུང་ཡང་འཇལ་ཆོག་པ་ཞིག་ཡིན་པས་གོང་གི་ཡིག་ཆ་དེ་གཉིས་སུ་འདི་རྣམས་གླེང་མེད་པ་གདོན་མི་ཟའོ། ། ཕྲན་ལ་མཚོན་ན་དབུས་གཙང་ལ་ཐོག་མར་བསྐྱོད་པའི་འབྲས་བུ་ལ་གངས་ཅན་བོད་ཀྱི་ཆོས་ལུགས་དང་། ལོ་རྒྱུས་དང་། གནའ་དཔྱོད་དང་། རི་མོ་བཅས་ལ་དཔྱད་གཞི་སྔ་ན་མེད་པ་ཞིག་འབུལ་ཐུབ་པ་ལ་ཕྱིར་དྲན་གྱི་རིན་ཐང་ཆེན་པོ་ལྡན་པར་སྙམ་ཞིང་། སངས་རྒྱས་སྨན་བླ་ནི་ངེད་ཚང་གི་ཁྱིམ་ལྷ་ལྟ་བུ་ཡིན་པས་ང་བརྒྱད་ཡར་སྔོན་དུ་མཆོད་ཁང་ཁང་མིག་གསུམ་གྱི་སྐུ་རྟེན་གཙོ་བོ་ཡང་སངས་རྒྱས་འདི་ཉིད་ཡིན་ཞེས་ཨ་མྱེས་དྲིན་ཆེན་པོས་ལན་དུ་མར་གསུངས་མྱོང་། དེ་བས་མཆིམས་ཕུ་ནས་གཞན་གང་ལས་ཀྱང་མཇལ་མ་མྱོང་བའི་སངས་རྒྱས་སྨན་བླ་ཀེར་བཞེངས་ཀྱི་བྲག་བརྐོས་རི་མོ་ཐོག་མར་མཐོང་དུས་ཀྱང་དགའ་བ་བརྗོད་ཀྱིས་མི་ལངས་པ་ཞིག་སྐྱེས་བྱུང་།  

བསམ་ཡས་མཆིམས་ཕུ་ལུང་བར་མཇལ་བའི་ཉིན་གྱི་ཕྱི་དྲོར་རླངས་འཁོར་མ་རྙེད་པའི་ཁོ་བོ་མཆིམས་ཕུ་ནས་རྐང་ཐང་ལ་བསམ་ཡས་གྲོང་བརྡལ་ལ་འབྱོར་རྗེས། གནས་མཇལ་ཉིན་ཐོ་ཙམ་ལ་འདི་དག་གི་ངོ་སྤྲོད་རྩོམ་ཐུང་ཞིག་བསམ་ཡས་དགོན་གྱི་མགྲོན་ཁང་དུ་བྲིས་ནས་སྤེལ་ཞིང་། ཕྱིར་རང་མལ་དུ་ལོག་རྗེས་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་སོགས་ལ་གཞིགས་ནས་ལྷ་སྐུ་རྣམས་ཀྱི་རྣམ་པ་དང་གསར་རྙེད་ཡིན་མིན་སྐོར་ལ་ཅུང་ཙམ་བརྗོད་པ་འདིས་ཀྱང་བཀྲ་ཤིས་པར་གྱུར་ཅིག 

{མཇུག་ཏུ་ཞུ་བའི་ཚིག    ཕྲན་ཆུང་གི་སྔོན་ལ་མཆིམས་ཕུའི་བྲག་བརྐོས་རི་མོ་འདི་རྣམསགཞན་གྱིས་གླེང་ཟིན་པའམ་ཡང་ན་དེབ་གང་རུང་དུ་བཀོད་པ་འདྲ་ཀློག་མཁན་སུ་ཞིག་གིས་མཐོང་ཡོད་ན་འདི་གར་གསལ་བཤད་རེ་གནང་རྒྱུ་སྙིང་ནས་རེའོ། །}

 

ཟུར་ལྟའི་དཔྱད་ཡིག

1.རིན་འབྱུང་ལྷ་སྐུ་སུམ་བརྒྱ།རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོས་མཛད། ཏིང་འཛིན་བཀྲ་ཤིས་ཀྱིས་རྩོམ་སྒྲིག་བྱས། སྤྱི་ལོ་2007ལོའི་ཟླ་6པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།

2.《扎囊县文物志》主编:索朗旺堆 何周德 西藏自治区文物管理委员会1986

3.《西藏自治区第三次全国文物普查资料》2009