སྨད་རྒྱལ་མོ་ཚ་བ་རོང་གི་ཡུལ་གྱི་ཆ་ཤས་ཏེ་དེང་སྐབས་དར་རྩེ་གདོའི་མངའ་ཁོངས་སུ་གཏོགས་ཤིང་གཅོང་རོང་དུ་ཤར་རྒྱལ་མོ་རྔུལ་ཆུ་ཁྲོ་ཉམས་ཀྱིས་བཞུར་བའི་འགྲམ་ངོགས་ན་ཡུལ་གྱི་མིང་ལ་སྒོ་ལྕགས་ཞེས་འབོད་པའི་གྲོང་རྡལ་ཞིག་འདུག་ལ། དེ་ནས་མར་ཅུང་ཙམ་སོང་ན་གནའ་དུས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་དངོས་སུ་འཛུགས་བསྐྲུན་བྱས་པའི་ལྕགས་ཟམ་ངོ་མཚར་བ་དེའང་མཐོང་ཐུབ། ཡུལ་དེ་ན་དགུན་ཟླ་བཅུ་གཅིག་པའི་ནང་ལའང་དབྱར་གྱི་རང་མདངས་མ་ཉམས་པར་གནས་འདུག་ལ་སྔོ་ལྗང་གི་ནགས་ཚལ་དང་མཛེས་སྡུག་གི་མེ་ཏོག་སོགས་རྣམ་པར་བཞད་ཅིང་།  གཡའ་དག་པའི་ནམ་མཁའ་དང་བསིལ་ཞིང་འཇམ་པའི་མཁའ་དབུགས་སོགས་ཀྱིས་མི་སེམས་ལ་དབང་མེད་དུ་སྤྲོ་སྣང་སྟེར་བའི་གནས་མཆོག་ཅིག་རེད།  གྲོང་སྡེའི་གཡས་ཕྱོགས་ཀྱི་ཐག་མི་རིང་བའི་ས་ན་རི་འདབས་རྫ་རི་དང་ནགས་ཚལ་ལ་འབྲེལ་ནས་ཡོད་པའི་གངས་རི་ཞིག་ཡུལ་འདིའི་རྗེ་དཔོན་ཞིག་དང་འདྲ་བར་བརྗིད་ཉམས་ཀྱིས་འགྱིང་འདུག་ལ་གཡོན་ཕྱོགས་ཀྱི་རི་ངོས་སུ་གྲོང་ཚོ་འགའ་རེ་སྐས་ཞིང་ལྟར་གོང་འོག་བསྒྲིགས་ནས་ཆགས་འདུག་པ་དང་།  དུད་ཁྱིམ་སོ་སོའི་སྡོད་ཁང་དག་རྒྱལ་རོང་གི་ཡུལ་བྱིངས་དང་འདྲ་བར་ཧ་ཅང་གྲ་དག་ཅིང་ཞིབ་ཚགས་ལྡན་པའི་རྡོ་བརྩིགས་ཀྱི་ཁང་པ་ཡིན་ཞིང་རྡོ་བཟོས་ལག་རྩལ་ནི་ཡུལ་འདི་གའི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་པར་བ་ཞིག་ཏུ་སྣང་།   ལར་ཡུལ་འདིའི་མི་རྣམས་ནི་བོད་ཡིན་པ་སྨོས་མ་དགོས་པ་ཤིག་ཡིན་ཞིང་ཁོང་ཚོ་རང་གིས་ཀྱང་བོད་ཡིན་ཞེས་བརྗོད་ཅིང་ཐོབ་དཔང་ལག་ཁྱེང་དུའང་བོད་རིགས་ཞེས་བྲིས་འདུག་མོད།  ཡིན་ན་ཡང་བོད་ཡིན་པའི་རྟགས་མཚན་དུ་བུད་མེད་རྒན་པ་རེ་འགའི་གྱོན་པའི་རྒྱལ་རོང་གི་གྱོན་ཆས་དང་རྒྱ་སྐད་དང་འདྲེས་མར་བཤད་པའི་ཡུལ་སྐད་ཐར་ཐོར་རེ་ཟུང་ལས་མེད་ལ། ཅུང་ཧ་ལས་པ་ཞིག་ཡོད་པ་ནི་ས་སྲོད་ཀྱི་དུས་སུ་ལོ་ལོན་ལ་ཁའི་ཉི་མ་ལྟ་བུའི་ཨ་ཡེས་རྒན་མོ་གཉིས་ཀྱིས་ཟམ་ཆེན་གྱི་སྟེང་ནས་མིག་ཟུང་ནུབ་མཐའ་ལ་ཕྱོགས་ཏེ་སྐད་གསེང་མཐོན་པོས་མ་ནི་དབྱངས་སུ་གྱེར་ནས་འདོན་པ་དེ་རེད།  ཅི་ཞིག་ལ་འཁྲེང་ཞེན་སྐྱེས་པ་ལྟ་བུའི་དབྱངས་རྟ་དེ་ལས་ཁོང་ཚོས་ལོ་རྒྱུས་ཀྱི་སྐྱིད་སྡུག་ལ་ཕྱིར་དྲན་བྱེད་བཞིན་གཅོང་རོང་གི་ལུང་ཆེན་འདི་རུ་མཐའ་མཇུག་གི་གྱེས་བརྡ་གཏོང་བཞིན་པ་ཡིན་ནམ།

གྲོང་ཚོ་དེ་དག་གི་ཡར་ཐེམ་ན་ས་སྐྱ་བའི་དགོན་པ་ཆུང་ཆུང་ཞིག་འདུག་ལ་དགོན་པའི་འདུ་ཁང་ནང་དུ་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་འདྲ་ཆེན་པོ་བྱོན་ལེགས་ཉམས་དགའ་བ་ཞིག་བཞེངས་འདུག་པ་དང་། དེའི་གཡས་གཡོན་དག་ན་སློབ་དཔོན་པདྨ་འབྱུང་གནས་དང་རྗེ་བཙུན་མི་ལ་རས་པ། ས་པཎ་ཀུན་དགའ་རྒྱལ་མཚན་སོགས་གྱི་སྐུ་འདྲ་ཆུང་བའང་དུ་མ་བཞུགས།  འདུ་ཁང་དེའི་གཡས་ཕྱོགས་ན་ཧ་ཅང་སྤུས་གཙང་ཡིན་པའི་སྒྲུབ་སྦྱོང་བྱེད་སའི་ཚོམས་ཆེན་ཞིག་ཡོད་པ་དང་དེའི་ནང་དུ་སླེབས་མ་ཐག་ཏུ་དང་པོར་མིག་ལམ་དུ་མངོན་འོང་བ་ནི་ཁྲི་ཐོག་ན་བཤམས་ཡོད་པའི་མངོན་སུམ་ལྟ་བུའི་ས་ཆེན་གོང་མ་རིན་པོ་ཆེའི་སྐུ་པར་དེ་རེད་ལ། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་གི་སྐུ་པར་དང་ཡི་དམ་ལྷ་ཚོགས་ཀྱི་ཐང་ག་སོགས་གོ་རིམ་མ་ནོར་བར་ལེགས་པར་བཤམས་ཡོད་པ་དང་མཆོད་ཁྲིའི་ཐོག་གི་འཕགས་པ་ཐུགས་རྗེ་ཆེན་པོ་སོགས་ཀྱི་སྐུ་མདུན་ན་མཆོད་བཤམས་ཀྱང་སྣ་ཚོགས་བྱས་འདུག  དེའི་ནང་གི་གྲལ་གདན་རེ་རེའི་མདུན་ན་ཡིག་ཁྲི་རེ་ཡོད་ཅིང་དེའི་སྟེང་ན་བོད་རྒྱ་ཤན་སྦྱར་གྱིས་དོན་བསྒྱུར་དང་སྒྲ་བསྒྱུར་གཉིས་ཀ་བྱས་པའི་བརྩེ་ཆེན་ཀུན་དགའ་ཆོས་གླིང་གི་ཆོས་སྤྱོད་གཅེས་བཏུས་ཅེས་པའི་ཞལ་འདོན་གྱི་དཔེ་ཆ་ཞིག་ཡོད་པ་དང་གྲྭ་གྲོང་སུ་ཞིག་སོང་ནས་བསླག་ན་ཡང་ཆོག་ལ། དེ་ནི་ཡུལ་འདིའི་རྒྱ་མིན་བོད་མིན་དུ་གྱུར་བའི་མང་ཚོགས་དག་གི་བློ་ཁ་ཡང་བསྐྱར་ཆོས་ལ་འཁོར་ཆེད་ཡིན་ནམ་སྙམ། འདུ་ཁང་གི་གཡོན་ཕྱོགས་ན་འཁོར་ཁང་རྙིང་བ་ཞིག་འདུག་ལ་དེའི་ནང་གི་འཁོར་ཕྲེང་དག་ལ་བཙའ་ཆགས་ནས་ལག་པས་ཤུགས་ཀྱིས་དེད་ནའང་ཐེངས་གཅིག་ཙམ་རེ་ལས་འཁོར་རྒྱུ་མི་འདུག་པས་ཡུལ་འདིའི་མི་རྣམས་ཆོས་ཀྱི་དད་མོས་དང་རིང་དུ་བྲལ་ཟིན་པ་རྟོགས་ཐུབ།

ཉིན་ཞིག་གི་ཕྱི་དྲོར་ང་དང་གྲོགས་པོ་འགའ་སླར་ཡང་དགོན་པ་དེ་རུ་མཇལ་སྐོར་དུ་སོང་བ་ན་མཁན་པོ་ཚང་གི་བསྐོ་བཞག་བྱས་པ་ཡིན་ཟེར་བའི་དགོན་པ་བདག་སྐྱོང་བྱེད་མཁན་གྱི་གྲྭ་བ་ཞིག་སླེབས་འདུག་ལ་བལྟས་ཚོད་ཀྱིས་འགག་རིང་ཐར་རྐྱང་ཙམ་ལས་གྱོན་མེད་པས་ཕྱི་ཚུལ་ཡ་མ་ཟུང་ཞིག་ཡིན་ན་ཡང་ཁོ་རང་གྲྭ་བ་ལྷག་བསམ་ཅན་ཞིག་རེད།  ང་ཚོས་ཁོང་ལ་དགོན་པ་འདིའི་ལོ་རྒྱུས་ཀྱི་སྐོར་ནས་དྲི་བ་འགའ་རེ་དྲིས་པ་ན།  གནས་འདི་ནི་ལོ་ཆེན་བཻ་རོ་ཙ་ནས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཁྱད་པར་བ་ཞིག་ཡིན་ཞིང་ངག་རྒྱུན་དུ་སྔོན་ཆད་ཆུ་ལ་ཟམ་པ་མེད་དུས་ཁོང་གིས་གྲུབ་རྟགས་ཀྱིས་གཟན་གྱིས་ཟམ་པ་བྱས་ཏེ་གནས་འདིར་བྱོན་ཚུལ་སོགས་ཀྱི་གཏམ་རྒྱུད་ཐར་ཐོར་རེ་བཤད། དེ་བཞིན་དུ་འབར་ཁམས་སོགས་རྒྱལ་རོང་གི་གནས་མང་པོ་ཞིག་ན་འདི་དང་འདྲ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ཧ་ཅང་མང་བས་སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆབ་སྲིད་ཀྱི་དགོས་དབང་གིས་ཁོང་ས་མཐར་སྤྱུགས་རྗེས་རྒྱལ་མོ་ཚ་བ་རོང་ནས་སྒྲུབ་སྦྱོང་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཞིང་། དུས་ཕྱིས་རྒྱལ་རོང་གི་ཡུལ་འདིར་བསྟན་པ་ཆེས་ཆེར་དར་བ་ཡང་ཁོང་གི་མཛད་འཕྲིན་ལ་བརྟེན་ཏེ་བྱུང་བ་ཡིན་ནམ་སྙམ།   དགོན་པ་འདི་ཡང་སྔོན་ཆད་དད་ལྡན་གྱི་རུ་སྡེ་མང་ཞིང་སྒྲུབ་སྦྱོང་ཉམས་ལེན་བྱེད་མཁན་གྱི་བླ་མ་དང་གྲྭ་བའང་མང་བའི་ཆོས་སྡེ་ཞིག་ཡིན་མོད། འོན་ཀྱང་ཕྱིས་སུ་རིག་གསར་གྱི་རླུང་དམར་ལྡང་སྟེ་ཡོད་ཚད་རྩ་གཏོར་བཏང་ནས་ཤུལ་དུ་ཆོས་དཔེ་རྙིང་བ་གཉིས་ཙམ་དང་འཁོར་ཁང་ཞིག་ལས་ལྷག་མེད་པ་དང་ད་བར་དུ་ཉམས་གསོ་བྱེད་མ་ཐུབ་པས་ད་ལྟ་མི་རྣམས་ཀྱི་དད་པ་དང་སྤྱོད་ལམ་ཐ་དད་དུ་གྱུར་ཚར་བས་དགོན་པའི་ནང་དུ་ཕྱག་མཆོད་དང་སྐོར་བ་བྱེད་མཁན་ཡང་མི་འདུག་ཅེས་བཤད། ད་ལྟ་དགོན་པ་འདིའི་མིང་ལ་བརྩེ་ཆེན་ཀུན་དགའ་ཆོས་གླིང་ཟེར་ཞིང་དེ་ནི་དགོན་པ་འདི་སླར་གསོ་བྱེད་མཁན་གྱི་བླ་མ་འཇིགས་མེད་རྡོ་རྗེ་ཞེས་པས་ས་ཆེན་གོང་མ་རིན་པོ་ཆེ་ལ་ཞུས་ནས་བཏགས་པ་ཡིན་ལ་ད་དུང་ཡང་འཛུགས་བསྐྲུན་བྱེད་པར་ཞལ་འདེབས་གནང་མཁན་གྱི་ཡོན་བདག་རེ་བྱུང་ན་མུ་མཐུད་དུ་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་རྒྱུ་རེད་ཅེས་བཤད།

སྔོན་ཆད་ཡུལ་འདི་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་མགོ་ཐང་རྒྱལ་པོ་ཞེས་པའི་མངའ་ཁོངས་སུ་གཏོགས་ཤིང་རྒྱལ་པོ་དེའི་བུ་མོ་ཞིག་རྒྱལ་ཁག་གཞན་ཞིག་གི་རྒྱལ་པོར་གནས་ལ་བརྫངས་པ་དེས་ཡུལ་དེ་རུ་གྲྭ་བ་ལྔ་བརྒྱ་ལྷག་གཞུགས་པའི་འཆད་ཉན་དར་བའི་དགོན་པ་ཞིག་བཏབས་མྱོང་་བར་བཤད་ལ་དུས་ཕྱིས་སུ་དེའང་དུས་ཀྱི་རྦ་རླབས་དྲག་པོས་ཆུར་མུད་བཏང་ནས་ད་ལྟ་མིང་གི་ལྷག་མ་ཙམ་ལས་ལུས་མེད་པ་དང་། མགོ་ཐང་རྒྱལ་པོས་དུས་འགྱུར་གྱི་སྐབས་སུ་ལྕགས་ཟམ་ཁ་ནས་རྒྱ་དམག་དང་ལན་གསུམ་ལ་འཐབ་མྱོང་ཞིང་མཐའ་མཇུག་དཔུང་སྟོབས་ཀྱིས་ལྡོག་མ་ནུས་པར་རི་སྒང་ལ་བྲོས་ཤོལ་དུ་སོང་བའི་ལམ་ཁ་ནས་ཚེ་ཡི་དགོངས་པ་རྫོགས་སོང་བ་རེད་ཟེར། དེ་ལྟར་ང་ཚོས་གྲྭ་བ་དེ་དང་མཉམ་དུ་གཏམ་གླེང་ཡུན་ཙམ་ལ་བྱས་ཤིང་ཁོ་ཡང་ཧ་ཅང་གསལ་ཁ་ཅན་ཞིག་བཤད་རྒྱུ་མེད་ན་ཡང་ཤེས་ཚོད་ཀྱིས་སྦ་གསང་མེད་པར་གཏམ་དྲང་མོར་བཤད་མཁན་ཞིག་རེད།

དེ་ནས་ཉིན་དེར་ཏག་ཏག་ཆོས་རྗེ་ས་པན་གྱི་དགོངས་རྫོགས་དུས་ཆེན་ལ་འཁེལ་འདུག་པས་གྲྭ་པ་དེས་དོ་དགོང་ཁྱེད་ཚོ་དགོན་པའི་ནང་ལ་མཆོད་མཇལ་ལ་ཤོག་དང་མཆོད་མེ་སྒྲོན་ནས་གསོལ་བ་བཏབ་ན་ས་སྐྱ་པཎ་ཊི་ཏའི་བྱིན་རླབས་འཇུག་ངེས་རེད་ཟེར་ཞིང་ལོ་རེ་རེས་དེ་རིང་གི་དུས་སུ་ཁོང་ཚོས་དགོན་པ་ནས་ཚོགས་འཚོགས་ནས་སྨོན་ལམ་བརྒྱབ་པ་ཡིན་ལ། ན་ནིང་གི་དུས་ཆེན་སྐབས་སུ་སློབ་གྲྭའི་གཟའ་མཇུག་ལ་འཁེལ་འདུག་པས་བོད་ཀྱི་སློབ་མ་མཆོད་མཇལ་བྱེད་མཁན་མང་པོ་ཡོད་པ་དང་ད་ལོ་ད་རུང་གཟའ་མཇུག་ལ་སླེབས་མེད་པས་མཆོད་མཇལ་ལ་ཡོང་མཁན་ཉུང་རྒྱུ་རེད་ཟེར་ཞིང་། ཁོ་ལ་མཚོན་ན་དགོན་པ་རུ་མཇལ་བ་མང་ཉུང་ནི་དོན་དག་གལ་ཆེན་ཞིག་ཏུ་བརྩི་བཞིན་འདུག་མོད། དེའང་ཁོ་ལ་ཁག་མི་འདུག་ཏེ་ཡུལ་དུས་ཀྱི་གནས་བབས་འདི་འདྲ་ཞིག་ཏུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་འདུ་ཁང་ཞིག་སྲུང་ནས་འདུག་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།

དགོང་མོའི་དུས་ཚོད་དྲུག་ཡས་མས་ཤིག་ལ་ང་ཚོས་གྲྭ་བ་དེས་བཤད་པ་བཞིན་རླངས་འཁོར་ཆུང་བ་ཞིག་གླས་ཏེ་དགོན་པ་རུ་མཆོད་མཇལ་ལ་ཕྱིན་པ་ཡིན།  དགོན་པའི་འདུ་ཁང་མདུན་དུ་འཁོར་ལོའི་གཟུགས་དང་ས་སྐྱ་པཎ་ཊི་ཏའི་མཚན་སོགས་རི་མོར་ཕབས་ན་མཆོད་མེ་མང་པོ་སྒྲོན་འདུག་ལ་རོགས་བྱེད་མཁན་གྱི་གྲྭ་བ་བཞི་ལྔ་ཞིག་ཀྱང་སླེབས་འདུག  ཁོང་ཚོས་ཕན་ཚུན་བར་ལ་རྒྱ་སྐད་ཀྱིས་ཁ་བརྡ་བྱེད་པས་མཐོང་མ་ཐག་ཏུ་ཅུང་དགོད་བྲོ་བ་ཞིག་རེད། མཆོད་མཇལ་བྱེད་མཁན་གྱི་ས་གནས་མང་ཚོགས་དང་སློབ་མ་འགའ་རེས་མཆོད་མེ་སྒྲོན་གྱིན་འདུག་ལ་ང་ཚོས་ཀྱང་མཆོད་མེ་བག་ཆ་རེ་ཉོས་ཏེ་ཁོང་ཚོ་དང་ལྷན་དུ་མཆོད་འབུལ་བྱས་པ་ཡིན།  དེ་ནས་ཅུང་ཙམ་གྱི་འཕྲོར་གྲྭ་བ་དེ་ཚོས་དགོན་པའི་ཚོམས་ཆེན་ནང་ནས་དཀོན་མཆོག་རྗེས་དྲན་དང་ལྟུང་བཤགས་སོགས་བཏོན་ཞིང་མི་སྐྱ་ཕོ་མོ་དག་གིས་ཀྱང་བརྩེ་ཆེན་ཀུན་དགའ་ཆོས་གླིང་གི་ཆོས་སྤྱོད་གཅེས་བཏུས་ཞེས་པ་ལས་ཁོང་ཅག་དང་མཉམ་དུ་གདོན་ཆོག་མོད།  ཡིན་ན་ཡང་འདོན་ཤེས་མཁན་སློབ་མ་འགའ་རེ་ལས་མེད་པ་དང་མང་པོ་ཞིག་གིས་མཚར་སྣང་གི་མིག་ཟུང་རིག་རིག་གིས་ཁ་པར་གྱིས་པར་དང་བརྙན་སོགས་ལེན་པར་གང་ཐོབ་བྱེད་ཀྱིན་འདུག  མཐའ་མཇུག་བཟང་སྤྱོད་སྨོན་ལམ་དབྱངས་སུ་གྱེར་ནས་བཏོན་ཞིང་སྙན་ཞིང་འཇེབས་པའི་ཆོས་དབྱངས་དེ་ཉན་བཞིན་ང་རང་གློ་རྡེག་ཏུ་སྐྱོ་དུང་ངེ་བ་ཞིག་ཏུ་གྱུར་ཞིང་། མཐའ་འཁོབ་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རྟགས་ཙམ་གནས་པ་འདིའང་སྙིགས་མའི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཤར་བ་ཞིག་ཡིན་སྲིད་ལ། འདི་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་ཕན་པ་ཆེན་པོ་འདོན་ཀྱིན་ཡོད་པ་དང་མཐའ་མཚམས་ཀྱི་ལུང་ཁུག་འདི་ན་བོད་ཅེས་པའི་རྟགས་མཚན་འཛིན་མཁན་གྱི་བཙན་པོའི་རུ་དར་ཉག་གཅིག་ཡོད་པའང་དེ་ཡིན་ནོ།།

 

འཇམ་དཔལ་གྱིས་བྲིས།