དང་པོ། པཎ་ཆེན་རིན་པོ་ཆེ་དང་<<ཡིག་འབྲུ་ཁྲི་བདུན།>>

ངེད་ལ་མཚོན་ན། ཉེ་རབས་བོད་ཀྱི་ལོ་རྒྱུས་མི་སྣའི་ཁྲོད་ནས་སུ་ཞིག་གིས་ཀྱང་གཞན་དང་མི་འདྲ་བའི་བག་ཆགས་ཆེས་ཟབ་མོ་བཞག་མྱོང་མཁན་ནི། སྐྱེས་མིང་ལ་མགོན་པོ་ཚེ་བརྟན་དང་། སྤྲུལ་མིང་ལ་པཎ་ཆེན་རིན་པོ་ཆེ། ཆོས་མིང་ལ་ཆོས་ཀྱི་རྒྱལ་མཚན་ཞུ་བ་ཁོང་ཉིད་ཡིན། སྐྱེས་ཆེན་ཁོང་ནི་རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ ལོར་མདོ་སྨད་ནས་སྐུ་འཁྲུངས་པ་དང་། ལྕགས་སྦྲུལ་༡༩༤༡ ལོར་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། སྐུ་འབུམ་བྱམས་པ་གླིང་ནས་ཁྲི་གསོལ་ཞུས་ཏེ་རྒྱུན་སྲོལ་གྱི་སློབ་གཉེར་ལ་གཞོལ་བཞིན། ཆུ་འབྲུག་༡༩༥༢ ལོར་ལྷ་སར་རྒྱལ་བ་པཎ་ཆེན་རྣམ་གཉིས་ལྷན་དུ་དགྱེས་ཞལ་འཛོམས་ཡོད། དེ་ནས་ལོ་ཤས་ཀྱི་རྗེས་སུ་དམ་པ་ཁོང་གིས་“ང་རང་ལོ་དགུའི་ཐོག་ནས་སྲིད་དོན་གྱི་བྱ་འགུལ་ལ་ཞུགས་པ་དང་། ལོ་བཅུ་གཅིག་བཅུ་གཉིས་ཙམ་དུ་རང་ཉིད་ལ་ལྟ་བ་ངེས་ཅན་ཞིག་ཡོད་པས། མི་གང་ཡིན་གྱི་སྐད་ཆ་དང་བཀོད་སྒྲིག་དང་ལེན་བྱས་མ་མྱོང་”བར་གསུངས་པ་དེ་བཞིན། དམ་པ་ཁོང་ནི་བློ་རིག་རྣམ་པར་བཀྲ་ཞིང་རང་བཀུར་གྱི་སེམས་པ་དང་རང་ལ་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་མངའ་མཁན་ཞིག་ཡིན་སྟབས། ཚེགས་ཆེའི་དཀའ་ངལ་དང་དཀའ་སྤྱད་རིགས་ལ་ཅི་མི་སྙམ་པར་བཟོད་སྒོམ་གནང་ཐུབ་ན་ཡང་། གཞན་གྱི་ཚུལ་མིན་བརྙས་བཅོས་དང་དམའ་འབེབས་སོགས་ལ་བཟོད་སྒོམ་གཏན་ནས་གནང་མི་ཕོད་པ་ཞིག་རེད། ཤིང་རྟ་༡༩༥༤ ལོར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་དངོས་ཞུགས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ལྷན་ཁང་གི་ཁོངས་མི་དང་། རྒྱལ་ཡོངས་སྲིད་གྲོས་འཐུས་ཚོགས་ལྷན་ཁང་གི་མགོ་གཙོ་གཞོན་པར་བསྐོས། མེ་སྤྲེལ་༡༩༥༦ ལོར་རྒྱ་གར་གཞུང་གིས་གདན་ཞུས་ལྟར་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་འདུར་ཞུགས་ཤིང་། “རྒྱ་གར་དུ་བཞུགས་རིང་གང་ཉིད་ལ་ཝ་ར་ན་སི་ནང་བསྟན་སློབ་གླིང་ནས་མཚན་འཛིན་ནང་བསྟན་པཎཌི་ཏའི་མཚན་གནས་ཕུལ་བ་བཞེས་”ཡོད། ས་ཁྱི་༡༩༥༨ ལོར་གདན་ས་བཀྲ་ཤིས་ལྷུན་པོར་དཀའ་ཆེན་གྱི་མཚན་གནས་བཞེས་པ་དང་། དེའི་ཕྱི་ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་ལས་ཚབ་དང་། སྐབས་གཉིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལྷན་ཁང་གི་ཚོགས་གཞོན་དུ་བསྐོས། ལྕགས་གླང་༡༩༦༡ ལོར་བོད་རིགས་འདུས་སྡོད་ཀྱི་ས་གནས་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་པའི་ཞིང་ཆེན་གཞན་བཞིའི་མངའ་ཁུལ་ཁག་ཏུ་གཟིགས་ཞིབ་གནང་བར་ཆེད་དུ་ཕེབས་པ་ན། རྒྱ་ནག་གིས་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོ་བཅོས་སྒྱུར་ཟེར་བ་སོགས་ཀྱི་ལས་དོན་སྤེལ་བའི་ཁྲོད་དུ། བོད་རིགས་མང་ཚོགས་ཀྱིས་དོན་མེད་རྡུང་རྡེག་དང་། འཕྲོག་བཅོམ། གཏོར་བཤིག སྲོག་གཅོད་སོགས་ཀྱི་དཀའ་སྡུག་ཚད་མེད་ཅིག་དབང་མེད་མྱོང་དགོས་བྱུང་བའི་དངོས་ཡོད་གནས་ཚུལ་གཟིགས་ཚོར་བྱུང་བ་རྣམས་ཇི་བཞིན་གོང་རིམ་ལ་སྙན་སེང་ཞུ་བའི་འོས་འགན་ཁོང་རང་ལ་ལྡན་པ་དང་། ཁྱད་པར་དུ་ཁོང་རང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མགོ་འཛིན་ཞིག་ཡིན་པའི་ཆ་ནས་དངོས་བྱུང་གནད་དོན་མང་པོ་ཡོད་བཞིན་དུ་མ་ཞུས་ན་མི་འགྲིག་པའི་དགོངས་ཚོར་གཏིང་ཟབ་ཅིག་སྐྱེས། དེ་ཡང་ངག་ཐོག་ནས་ཞུ་བ་ཙམ་མ་ཡིན་པར་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གནས་ཚུལ་རྣམས་ཐོག་མར་བོད་ཡིག་ཐོག་ནས་འབྲི་མགོ་བརྩམས་པ་དང་། དེ་ནས་རྒྱ་ཡིག་ཏུ་བསྒྱུར་པར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་བདུན་ལྷག་ཙམ་བྱུང་བས་ན། དེར་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>>འམ། <<ཡིག་འབྲུ་ཁྲི་བདུན>>་ཞེས་འབོད་ཅིང་། ཆུ་སྟག་༡༩༦༢ ལོའི་ཟླ་ལྔ་བའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་དེའི་སྲིད་བློན་ཀྲོའུ་ཨེན་ལིར་དངོས་སུ་ཕུལ། སྙན་ཞུ་དེ་མ་ཕུལ་བའི་གོང་རོལ་དག་ལ་ཁོང་གི་སྐུ་འཁོར་ནང་མའི་གཙོ་བོ་རྣམས་ཀྱིས་དགག་བྱ་ནན་ཞུས་བྱས་མོད་ཀྱང་། ཁོང་གིས་དེ་ནི་བོད་སྤྱི་དོན་དང་རང་ཉིད་ཀྱི་འོས་འགན་ཁོ་ནར་གཟིགས་ནས་གསན་འཇོག་ཡེ་ནས་གནང་མེད། <<ཡིག་འབྲུ་ཁྲི་བདུན>>་ནང་དུ་གོ་རིམ་ལྡན་ཞིང་སྦ་གསང་མེད་པར་བོད་ཁུལ་དུ་སྤེལ་བའི་ཧ་ཅང་ཐལ་ཆ་ཅན་གྱི་ལས་དོན་སྐོར་ལ་སྐྱོན་བརྗོད་དང་སྦྲགས་ཏེ་དགོངས་འཆར་གྲོས་མགོ་ནན་གྱིས་བཏོན་ཡོད། ལོ་དེའི་ཟླ་བཅུ་བའི་ནང་དུ་ལྷ་སར་བོད་ལྗོངས་ལས་དོན་ལྷན་ཁང་གི་མི་སྣ་འགའ་ཡིས་ཁོང་ལ། ཉེ་ལམ་གྱི་སྲིད་གྲོས་ཚོགས་འདུའི་སར་གནང་བའི་གཏམ་བཤད་ཁག་ལ་ནོར་འཁྲུལ་ཆེན་པོ་ཤོར་ཡོད་སྟབས་སྐྱོན་ཞིབ་ངོས་ལེན་བྱེད་དགོས་ཞེས་བརྗོད་པར། ཁོང་གིས་ནོར་འཁྲུལ་ཡོད་པར་ངོས་ལེན་བྱེད་རྒྱུ་ལས་ལྡོག་སྟེ་ད་དུང་དག་འབུད་སྒོ་ནས་བདེན་དོན་བགྲང་བཞིན་རྩོད་གླེང་ཤུགས་ཆེན་གནང་། དེ་ནས་བཟུང་ཁོང་ལ་ཐོག་མར་བཟང་བཙོན་གྱི་རྣམ་པ་དང་། དེ་རྗེས་མགོ་འཛིན་རིམ་པའི་འཐབ་རྩོད་བརྒྱུད་ནས་སྤྱི་ཚོགས་ཐོག་ཏུ་རྒྱ་བསྐྱེད་བཏང་ཞིང་། རྗེས་སུ་‘པཎ་ཆེན་རུ་ཚོགས་’དང་། ‘པཎ་ཆེན་རྒྱལ་ཁབ་ངོ་རྒོལ་ཚོགས་པ་’ཟེར་བཞིན་ཏང་ལ་ངོ་རྒོལ། མི་དམངས་ལ་ངོ་རྒོལ། སྤྱི་ཚོགས་ལ་ངོ་རྒོལ་བྱེད་པའི་ཞྭ་མོ་ཆེན་པོ་གསུམ་གཡོགས་ནས་རྣམ་པ་མི་འདྲ་བའི་འཐབ་རྩོད་དྲག་པོ་རྒྱུན་རིང་བོར་བྱས། མཐར་ས་སྤྲེལ་༡༩༦༨ ལོར་བཙོན་ཁང་དུ་དངོས་སུ་བཅུག་སྟེ་ལོ་ངོ་ཧྲིལ་བོ་དགུ་དང་ཟླ་བ་བརྒྱད་རིང་སྐུ་རྐྱང་ངང་བཞུགས་དགོས་བྱུང་ཡོད།

 

<<ཡིག་འབྲུ་ཁྲི་བདུན>>་གྱི་ནང་དོན་སྙིང་བོ་ནི་དོན་དངོས་སུ་ཇི་འདྲ་ཞིག་ཡིན་ཞེ་ན། ༡༩༥༨ ལོ་དང་། ༡༩༥༩ ལོ། ༡༩༦༠ བཅས་ལོ་ངོ་གསུམ་ལྷག་གི་རིང་རྒྱ་ནག་གིས་བོད་ཁུལ་དུ་སྤེལ་བའི་ཐལ་ཆའི་ལས་དོན་སྐོར་ལ། སྒྲོ་འདོགས་འུད་སྒྲོག་གི་རིགས་ཡེ་ནས་མེད་པར་དངོས་བྱུང་གནད་དོན་ཤ་སྟག་ལས་འཕྱུར་བའི་སེམས་ཁོང་གི་འབོད་སྒྲ་ཞིག་དང་། ལྷག་བསམ་རྣམ་དག་གི་སྒོ་ནས་གོང་རིམ་མགོ་དཔོན་ཚོས་གཤམ་འོག་མང་ཚོགས་ཀྱི་བདེ་སྡུག་དངོས་གསལ་རྟོགས་ཡོང་ཆེད་ཀྱི་མིག་ཆུའི་ངུ་སྐད་ཅིག་ཡིན། སྐྱེས་ཆེན་ཁོང་གིས་རྫུ་བག་གི་རང་ཟོན་དང་འདྲ་ཆགས་ཀྱི་ཚུལ་འཆོས་ཡོངས་སུ་དོར་ཏེ་རང་ཅག་བོད་རིགས་མི་མང་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ་སྟེ་མྱི་སྐད་གསོན་པོ་འབའ་ཞིག་སྐད་གསེང་མཐོན་པོས་བསྒྲགས་ཡོད། དེ་ཡང་དུས་སྐབས་དེའི་དཔེ་མཚོན་རང་བཞིན་ལྡན་པའི་དོན་གནད་ཚབས་ཆེན་སྐོར་ནས། “བོད་ཀྱི་ས་ཁུལ་ཁ་ཤས་ནང་མི་རྣམས་ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་ཡོད། འདི་ནི་ཤིན་ཏུ་མི་འོས་པའི་ཁར་ཐབས་རྡུགས་དང་ཚབས་ཆེན་ཞིག་རེད། དེ་སྔའི་བོད་ལྗོངས་ནི་མུན་ནག་དང་ཀླ་ཀློའི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་སྤྱི་ཚོགས་ཤིག་ཡིན་ནའང་འབྲུ་རིགས་དེ་ལྟར་དཀོན་པོ་མེད། ལྷག་པར་དུ་ནང་ཆོས་སྤེལ་ཡུལ་ཤིན་ཏུ་རྒྱ་ཆེ་སྟབས། མི་མཆོག་དམན་སུ་ཡིན་རུང་ཚང་མར་དབུལ་ཕོངས་ལ་སྦྱིན་གཏོང་གི་གོམས་གཤིས་བཟང་བོ་ཡོད་ཅིང་སློང་མོ་བརྒྱབ་ནའང་འཚོ་ཐབས་འཁྱོངས་ངེས་ཡིན་པ་དང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡོང་མི་སྲིད་ལ། ང་ཚོས་ཀྱང་མི་ལ་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཁྱོན་ནས་གོ་མྱོང་མེད་”པ་ནི། དེ་སྔར་དུས་རབས་ནས་དུས་རབས་དང་། ཚེ་རབས་ནས་ཚེ་རབས། མི་རབས་ནས་མི་རབས་སུ་བརྒྱུད་པའི་བོད་ཀྱི་ཡིག་ངག་གཉིས་ཀྱི་དངོས་ཡོད་ལོ་རྒྱུས་རྣམས་སུ་ཤིན་ཏུ་གསལ་གསལ་ཐང་ཐང་ཡིན། ཕྱིས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་ནས་བོད་ཁུལ་ཡོངས་སུ་མུ་གེའི་ཐོག་ལ་ཟླ་ལྷག་གི་ཚུལ་དུ། “མི་ཁ་ཤས་ཤིག་ལ་རྒྱུ་རྐྱེན་གང་ཡང་མེད་པར་ལས་བྱེད་དང་། ཧུར་བརྩོན་ཅན་ཚོས་གང་བྱུང་དུ་ནག་ཉེས་རྫུན་བཟོ་བྱས་ཏེ་ཟིང་འཁྲུག་པ་དང་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ཡོད། དཔེར་ན་བདག་དང་བདག་འདྲ་བའི་གྲགས་ཅན་རྒྱལ་གཅེས་སྔོན་ཐོན་མི་སྣར་ཡང་མི་བདེན་རྫུན་བསྒྲིགས་ཀྱིས་གསར་བརྗེ་ངོ་ལོག་པར་བགྲང་གི་ཡོད་ན། མི་གཞན་ནི་དེ་བས་ཀྱང་སྨོས་མ་དགོས་”པར་བསམ་གཟས་ཆེད་བསླངས་ཀྱི་གནས་སྟངས་ཚབས་ཆེན་གཅིག་འཕྲོར་གཅིག་རིམ་གྱིས་དུས་ཡུན་རིང་བོར་བྱུང་ཡོད། དེ་ཡང་“ས་ཁུལ་མི་ཉུང་བ་ཞིག་ཏུ་ལས་འགུལ་ཞིབ་ཚགས་ཡིན་མིན་དང་རྒྱུ་སྤུས་བཟང་ངན་ལ་བསམ་གཞིག་མི་བྱེད་པར། ཚ་ཚ་འུར་འུར་དང་འཇིགས་དངངས་རྣོ་ངར་ཁོ་ནར་བསྙེགས་པ་དང་། རྡུང་རྡེག་ཡང་དག་ཡིན་མིན་ལ་མི་བལྟ་བར་གཞི་ཁྱོན་དང་གྲངས་འབོར་གཙོ་བོར་འཛིན་པའི་རླུང་འཚུབ་འདི་ལྟའི་ཁྲོད། རྒན་པོ་དང་ཚོ་དཔོན། དགོན་པའི་ལས་སྣེ་སོགས་མི་མང་ཆེ་བ་མངའ་བདག་དང་མངའ་ཚབ་ཏུ་བརྩིས་ཡོད་”པ་དང་། དེ་དག་ལ་ཚད་བརྒལ་རང་བཞིན་དང་རང་སྣང་གང་དྲན་གྱི་སྒོ་ནས་རྒོལ་རྡུང་དྲག་པོ་ཕོག་ཚུལ་ནི། “འཐབ་རྩོད་མགོ་ཚུགས་མ་ཐག་འུར་སྒྲ་དང་ངར་སྒྲ་སྒྲོག་པ་དང་། དུས་མཚུངས་སུ་སྐྲ་དང་ཁ་སྤུ་བཀོག་པ་དང་། རྐང་གཞུས་ལག་རྡུང་། ཤ་གཅུས་སེན་ཏོག་རྒྱག་པ། ཕར་འབུད་ཚུར་འདེད་དང་། མི་ཁ་ཤས་ཀྱིས་ད་དུང་ལྡེ་མིག་ཆེན་པོ་དང་རྒྱུག་པས་ཉེས་རྡུང་བཏང་ནས་འཐབ་རྩོད་གཏོང་ཡུལ་ཁ་ཁྲག་སྣ་ཁྲག་ཛར་ཛོར་ངང་དྲན་མེད་དུ་བརྒྱལ་འགྲོ་བ་དང་། ཡན་ལག་སྐྱོན་བཅག་སོགས་རྨས་སྐྱོན་ཆེན་པོ་བཟོས་པ་དང་། ཐ་ན་འགའ་ཤས་འཐབ་རྩོད་སྐབས་དེ་ག་རང་དུ་ཤི་བ་སོགས་”ཀྱི་གནས་ཚུལ་ཤིན་ཏུ་ཡ་ང་བ་སྐྱེ་བོ་སུ་ཞིག་ཡིན་རུང་མིག་གིས་མཐོང་ན་རང་དབང་མེད་པར་འཇིགས་དངངས་ཆེན་པོ་དང་བཅས་སྐྱི་གཡའ་ཞིང་། རྣ་བས་ཐོས་ཚེ་སྙིང་ཁོང་རུས་པའི་གཏིང་ནས་ཞེ་མུར་ཡིད་མུག་འབྱུང་བའི་དམྱལ་ཁམས་དངོས་མ་ཞིག་བསྐྲུན་ཡོད། ད་དུང་“བཙོན་འཇུག་བྱས་པའི་ཉེས་ཅན་པའི་གྲངས་འབོར་མང་དྲགས་པའི་རྐྱེན་གྱིས་དོ་དམ་བྱེད་དཀའ་བའི་གནས་ཚུལ་བྱུང་ཡོད་པ་དང་། དེ་དག་གིས་ངལ་རྩོལ་ཤུགས་དྲག་བྱེད་དགོས་ཤིང་། འཚོ་བ་དང་སྨན་བཅོས་ཀྱི་ཐོབ་ཐང་སོགས་ཤིན་ཏུ་ཞན་པས། མི་འབུམ་ཕྲག་མང་བོ་རྐྱེན་ལམ་དུ་ཤོར་ནས་བཙོན་པའི་ཕུང་པོ་སྦས་མི་ཚར་བའི་གནས་ཚུལ་ཐོན་”ཡོད་པ་སོགས་ནི། ཇི་འདྲའི་བསམ་ཡུལ་ལས་འགོངས་པའི་གནས་ཚུལ་ཚབས་ཆེན་འབའ་ཞིག་ཅི་ལ་མིན་ཨང་།

 

རང་གི་མི་དམངས་ཀྱི་བདེ་སྡུག་ཁུར་དུ་བཞེས་པའི་དམ་པ་ཁོང་གིས་དངོས་སུ་གཟིགས་ཚོར་བྱུང་བའི་མིག་མདུན་གྱི་ཚབས་ཆེའི་གནད་དོན་དེ་དག་ལ་བརྟེན་ནས། “བོད་རིགས་འདུས་སྡོད་ཀྱི་ས་ཁུལ་བོད་ལྗོངས་ལས་གཞན། ད་དུང་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་སོགས་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་ས་ཁུལ་འགའ་ཤས་དང་བོད་རིགས་མི་ཉུང་བ་ཞིག་ཡོད། ང་ཚོ་ཚང་མ་མི་རིགས་གཅིག་དང་ཆོས་ལུགས་གཅིག་ཡིན་པས་ཕན་ཚུན་ཚང་མ་མཐུན་པོ་ཡོད་པ་མ་ཟད། ཕན་ཚུན་དབར་གྱི་སྐྱིད་སྡུག་ལ་ཤིན་ཏུ་སེམས་ཁུར་བྱེད་ཀྱི་ཡོད། གང་ཞིག་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ན་རང་ཉིད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པ་དང་འདྲ་བར་ཧ་ཅང་དགའ་སྤྲོ་དང་སྤོབས་པ་སྐྱེ་ཡི་ཡོད། དེ་མཚུངས་གང་ལ་བཀྲ་མི་ཤིས་པ་བྱུང་བ་དང་དཀའ་ངལ་འཕྲད་སྐབས། རང་ཉིད་ལ་བཀྲ་མི་ཤིས་པ་བྱུང་བ་དང་དཀའ་ངལ་འཕྲད་པ་ནང་བཞིན་ཧ་ཅང་སེམས་ཁྲལ་དང་བློ་གཡེང་བྱེད་ཀྱི་ཡོད། ང་ཚོའི་བོད་རིགས་ཀྱི་ས་ཁུལ་སོ་སོའི་ལས་དོན་བཟང་ངན་ལས། ཕན་ཚུན་དབར་ཐད་ཀར་གཏིང་ཟབ་པ་དང་གཡོ་འགུལ་གྱི་ནུས་པ་ཡོད་པའི་ཤུགས་རྐྱེན་འབྱུང་སྲིད་”པ་ཡིན་པའི་གནས་ལུགས་རང་བཞིན་དང་ལྷན་དུ། ཁོང་ལ་གསེར་ལྟ་བུའི་ལྷད་མེད་ཀྱི་དམ་པའི་རང་གཤིས་ལྷུན་གྱིས་མངའ་བ་དེ་ཉིད་ཀྱང་ཤུགས་ཀྱིས་གསལ་ཡོང་། དུས་མཚུངས་སུ་“དབུས་གཙང་དང་། ཁམས། ཨ་མདོ་གང་ཡིན་རུང་ང་ཚོ་ཚང་མ་ནི་མི་རིགས་དང་ཆོས་ལུགས་གཅིག་པ་ཡིན་པས་ཕན་ཚུན་བར་གྱི་སྐྱིད་སྡུག་ནི་‘ཆུ་ཚོགས་པའི་སྣོད་ཡོད་ཀྱང་། གཏམ་ཚོགས་པའི་སྣོད་མེད་’ཅེས་པའི་གཏམ་དཔེ་ལྟར་སྐད་ཆ་གཅིག་ནས་གཅིག་བརྒྱུད་ཀྱིས་གོ་གི་རེད། དེ་ཡང་ང་ནི་བོད་རིགས་ཁྲོད་མིང་གྲགས་ཡོད་པའི་མི་ཞིག་ཡིན་པ་དང་། བོད་རིགས་མང་ཆེ་བས་ང་ལ་རེ་བ་འཆང་གི་ཡོད། གལ་སྲིད་སྐྱིད་སྡུག་གི་གནས་ཚུལ་བཤད་པའི་གོ་སྐབས་བཟང་བོའམ་སྟབས་ཀ་བདེ་ན་བསམ་བློའི་གཏིང་གི་སྐད་ཆ་བཤད་ངེས་ཡིན་”པ་བཅས། རང་གི་མི་རིགས་ཀྱི་དོན་དུ་ཅི་ཡང་མཛད་ངེས་པའི་འགྱུར་མེད་རྡོ་རྗེའི་གཤིས་ཀྱི་ཐ་ཚིག་དག་སེང་གེའི་ང་རོ་ལྟར་དུ་སྐད་གསེང་མཐོན་པོས་ཡང་ཡང་བསྒྲགས་པའི་གསུང་དུམ་འགའ་ཞིག་ནི་<<ཡིག་འབྲུ་ཁྲི་བདུན >>་གྱི་སྙན་ཞུའི་སྙིང་དོན་ཟུར་ཙམ་མཚོན་ཕྱིར་དུ་དྲངས་པ་ཡིན།

 

གཉིས་པ། པཎ་ཆེན་རིན་པོ་ཆེ་དང་སྐད་ཡིག་སྲུང་སྐྱོབ།

དམ་པ་ཁོང་ནི་མེ་སྦྲུལ་༡༩༧༧ ལོའི་ཟླ་བཅུ་བའི་ནང་དུ་གཞི་ནས་བཙོན་གྲོལ་བཏང་བ་ནས་ལོ་གཉིས་མ་ཟིན་ཙམ་རིང་ལ་མི་དམངས་དཀྱུས་འགྲོས་བཞིན་དུ་བཞུགས་པ་དང་། ས་ལུག་༡༩༧༩ ལོའི་ཟླ་བདུན་པ་ནས་ཁོང་གི་དེ་སྔའི་གོ་གནས་དག་སླར་གསོ་བྱུང་ཡོད། དུས་མཚུངས་སུ་སླར་ཡང་བོད་རིགས་ས་ཁུལ་ཁག་ཏུ་ལས་དོན་གཟིགས་ཞིབ་གནང་བར་སྐུ་དངོས་ཆེད་དུ་ཕེབས་ཤིང་། འདས་མ་ཐག་པའི་ལོ་བཅུའི་རིག་གསར་གྱི་རླུང་འཚུབ་དྲག་པོའི་ཁྲོད་དུ་བཅོམ་བརླགས་བཏང་བའི་བོད་ཀྱི་སྐད་ཡིག་དང་། རིག་གནས་རྒྱུན་འཛིན་དར་སྤེལ་ཡོང་བར་བླ་མེད་ཐུགས་ཁུར་ཆེར་བཞེས་ཀྱིས་ལས་དོན་རྣམས་དངོས་སུ་ལག་བསྟར་གནང་སྐབས་སུ། “སྐད་ཡིག་ནི་མི་རིགས་ཀྱི་དབྱེ་བ་ཕྱེ་སའི་མཚན་རྟགས་གཙོ་བོ་ཞིག་ཡིན་པས།” མི་རིགས་ཤིག་གནས་དང་མི་གནས་ཟེར་བ་དེ་ནི་མི་རིགས་ཀྱི་བླ་སྲོག་རང་གི་སྐད་ཡིག་བཀོལ་སྤྱོད་ཇི་འདྲ་བྱེད་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པས་ན། བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་ཇི་ལྟར་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཁག་གཅིག་ཐེར་འདོན་གྱི་སྒོ་ནས་འདི་ལྟར་གསུངས་ཡོད། “ཉེ་བའི་ལོ་ཤས་རིང་བོད་ཡིག་ལ་‘རིག་གནས་གསར་བརྗེ་’དང་། ‘ཡིག་རིགས་ཚང་མ་ཁ་སྐད་ཅན་དུ་བསྒྱུར་བ་’སྤེལ་བའི་འོག བོད་ཡིག་ཤེས་ཚད་ཞན་ལ་ང་རྒྱལ་རི་ལྟར་མཐོ་ཞིང་། ངོ་དགའ་སྤྲེལ་ལད་འཁྲབ་མཁན་ཚོས་ང་ཚོའི་བོད་ཡིག་གི་བྱེད་པོ་ཐུ་མིས་གསར་བཏོད་མཛད་པའི་བོད་ཡིག་གི་ཕྱི་མོ་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ། དེ་བཞིན་ལོ་རྒྱུས་ཐོག་མཁས་པ་ཚོས་བརྩམས་པའི་དག་ཡིག་དང་། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་རྣམས་ལ་བྱུང་རྒྱལ་དུ། དེ་དག་ནི་མི་འགྲིག་པ་དང་། འཐུས་ཚང་མེད་ལུགས་བརྗོད་ནས་རང་སྣང་གང་ཤར་དང་རང་ཉིད་མཁས་རློམ་གྱིས་བོད་ཡིག་ལ་བསྒྱུར་བཅོས་བཏང་སྟེ། གོ་བདེ་ལ་དོན་ཟབ་པའི་བརྡ་སྤྲོད་པའི་ནུས་པ་དེ་མེད་པར་སོང་ཡོད།”ཅེས་དང་། “ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམ་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད།”ཅེས་པ་དང་། གཞན་ཡང་། “ཀྲུང་དབྱང་ནས་ས་གནས་བར་གྱི་སློབ་གྲྭ་ཁག་དང་། ལས་ཁུངས། རྩོམ་སྒྱུར་སྡེ་ཚན་ནང་རང་ཉིད་མཁས་རློམ་གྱིས་ང་ཚོའི་བོད་ཡིག་ལ་གང་བྱུང་དུ་ལེགས་ཉེས་དབྱེ་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་གཡར་ཏེ། བོད་ཡིག་ནི་སྐད་ཡིག་ཞན་གྲས་ཡིན་པ་དང་། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས་བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱི་ཡོད་”པར་མ་ཟད། མི་རིགས་རང་གི་ས་ཁུལ་གྱི་སློབ་གྲྭ་ཁག་ཏུ་ཡང་། “བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས། བོད་ཡིག་ནང་གི་སྔར་ཡོད་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་ཉམས་ཞན་དུ་ཕྱིན་ཏེ་ཚིག་ཉོག་ཆེས་ཆེར་མང་དུ་སོང་བའི་རྐྱེན་གྱིས། བོད་ཡིག་གི་ཁྱད་འཕགས་རང་བཞིན་དེ་རིམ་བཞིན་ཡལ་འགྲོ་གི་ཡོད་”པ་སོགས་བོད་ཀྱི་སྐད་ཡིག་དར་སྤེལ་ཡོང་བར་འགོག་རྐྱེན་བཟོ་བའི་གཞི་རྩ་རྣམས་ཆེས་ཁ་གསལ་བོ་དང་། གོ་བདེ་བོ། གནད་འགག་རང་བཞིན་བཅས་ཀྱི་སྒོ་ནས་གསལ་འདོན་གནང་ཡོད།

 

དེ་འཕྲོས་སུ་རང་རེ་བོད་རིགས་ནང་ཁུལ་གྱི་ཕུང་གསུམ་པའི་སྡེ་ཚོགས་ལ་དགོངས་ཏེ། “ད་དུང་བོད་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གནད་དོན་གནས་རྐྱེན་སློབ་གྲྭ་ནས་བོད་ཡིག་སློབ་ཁྲིད་མི་བྱེད་པ་དང་། སློབ་ཕྲུག་གིས་བོད་ཡིག་མི་སྦྱོང་བ། ཐ་ན་བོད་ཡིག་ཕན་ཐོགས་མི་འདུག་བསམ་གྱི་ཡོད་པ་རེད།”ཅེས་དང་། “མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་ཏེ། ཚིག་དོན་བརྡ་སྤྲོད་དང་། གོ་བདེ་དོན་ཟབ་ཅིག་ཡོང་དཀའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་།”ཞེས་པ་སོགས་གཏོས་ཆེ་བའི་གསེར་རྡོག་གིས་ཀྱང་ནམ་ཡང་གཞལ་དུ་མི་ནུས་པའི་བདེན་གཏམ་རྡོ་རྗེའི་བྲག་རི་འདྲ་བ་མང་དུ་གསུངས་ཡོད།

 

མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་དགོས་མཁོ་དང་འགག་རྩའི་ཆ་ནས་ཀྱང་། “མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་འདི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད།”ཅེས་དང་། “བོད་རིགས་སློབ་གྲྭ་བ་ཞིག་ལ་ཆ་བཞག་ན། དང་ཐོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དེ་ནི་ཕྱིན་ཆད་ཕ་ཡུལ་འཛུགས་སྐྲུན་བྱེད་སྐབས་ཉེ་བར་མཁོ་བའི་ལག་ཆ་ཆེས་རྩ་བར་གྱུར་པ་ཞིག་རེད།”ཅེས་པ་དང་། དེ་མཚུངས་སུ་“བོད་རིགས་ལས་བྱེད་པ་རྣམས་ཀྱིས་རྒྱ་སྐད་རྒྱ་ཡིག་ཀྱང་སློབ་སྦྱོང་བྱེད་དགོས་མོད། འོན་ཀྱང་དེས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཚབ་བྱེད་མི་རུང་”བར་གསུངས་པ་དག་ནི། དེང་སྐབས་གཞན་སྐད་དེ་རང་སྐད་ཀྱི་ཚབ་ཏུ་སྤྱོད་ཀྱིན་ཡོད་པའི་ཉེན་ཚབས་ལ་དགོངས་པ་ལོས་ཡིན་སྙམ། མདོར་དེད་ན། “འདིར་ངས་ནན་ཏན་གྱིས་ཞུ་དགོས་པ་ཞིག་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་”པ་དང་། བབ་བསྟུན་གྱི་སྒོ་ནས་“ངས་བོད་ཡིག་འདིས་ས་གནས་ལ་ཕན་ཐོགས་ཡོད་པ་ཞིག་གཏོང་རྒྱུ་ཡིན། དེ་ཡིན་ན་བོད་ཡིག་གིས་གོ་ཆོད་རྒྱུ་རེད།”ཅེས་ཁོང་གི་ཐུགས་འདུན་དངོས་མཚོན་པར་བྱས་ཡོད།

 

གསུམ་པ། པཎ་ཆེན་རིན་པོ་ཆེ་དང་མི་རིགས་རང་སྐྱོང་།

མི་རིགས་རང་སྐྱོང་དང་སློབ་གསོའི་ཐད་ནས། “མི་རིགས་ཞེས་བརྗོད་ཀྱང་མི་ཚང་མ་གཅིག་མཚུངས་ཡིན། དེར་མི་རིགས་མི་འདྲ་བ་ཡོད་དོན་ནི་མི་རིགས་སོ་སོའི་གནས་ཡུལ་དང་། རིགས་རུས། མི་རིགས་ཀྱི་རིག་གནས། སྐད་ཡིག རྒྱན་གོས། གོམས་གཤིས་སོགས་ཀྱི་ཁྱད་ཆོས་ལས་གྲུབ་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་བརྗོད་ན། དེར་སྤྱི་ཚོགས་འཕེལ་རྒྱས་དང་འཚམས་པའི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་འབྲེལ་བ་ཞིག་ཀྱང་ཡོད། སྔ་མ་ནི་རྨང་གཞི་ཞིག་ཡིན་ལ་རྗེས་མ་ནི་འཕེལ་རྒྱས་ཀྱི་ངོ་བོ་ཞིག་ཡིན་ཕྱིར། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྐད་ཡིག་དང་། རྒྱན་གོས། གོམས་གཤིས་བཟང་བོ་སོགས་ནི་ཆེས་གལ་ཆེན་ཞིག་རེད། མི་རིགས་ཀྱི་སྐད་ཡིག་དང་། རྒྱན་གོས། གོམས་གཤིས་སོགས་ཁྱད་ཆོས་གཙོ་བོ་རྣམས་བརླགས་ཚེ་མི་རིགས་དེའང་མེད་པར་གྱུར་ནས་མི་རིགས་གཞན་ཞིག་ཏུ་འགྱུར་རྒྱུ་རེད།” ཅེས་པ་དང་། “མི་རིགས་ཀྱི་སྐད་ཡིག་སོགས་ཁྱད་ཆོས་རྣམས་མེད་པར་གྱུར་ཚེ་མི་རིགས་དེ་གནས་ཐབས་དང་འཕེལ་རྒྱས་ཡོང་མི་ཐུབ་ལ། དེ་ལྟར་ན་མི་རིགས་ཀྱི་རང་སྐྱོང་ནི་དེ་བས་ཀྱང་ཡོང་ཐབས་མེད་”པཪ་གསུངས་པ་སོགས་ནི། མི་རིགས་རང་སྐྱོང་གི་དགོས་མཁོ་དང་རྩ་བའི་ཁེ་ཕན་ཉག་གཅིག་གི་ཕྱིར་དུ་ཡིན། དེ་ཡང་རང་གི་“མི་རིགས་གནས་ཐབས་དང་འཕེལ་རྒྱས་ཡོང་ཆེད། གོམ་པ་དང་པོར་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་དང་། རྒྱན་གོས། གོམས་གཤིས་བཟང་བོ་སོགས་ཀྱི་ཁྱད་ཆོས་རྣམས་གནས་ཐུབ་དགོས་པ་མ་ཟད། སྐད་ཡིག་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་འཕེལ་རྒྱས་འགྲོ་ཐུབ་ཚེ། མི་རིགས་འདི་གཞི་ནས་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་ཐུབ་”ངེས་ཡིན་པ་དེ་ཡང་རྒྱུ་སྔོན་སོང་གི་འབྲས་བུ་ལྟར་གྱི་ཆོས་ཉིད་རྩོད་མེད་ཅིག་ཏུ་གྲུབ་ཡོད། ཁྱད་པར་དུ་“མི་རིགས་རང་སྐྱོང་གི་ས་ཆ་ཞིག་ལ་མཚོན་ན། སྲིད་གཞུང་གི་ཡིག་ཆ་འགྲེམ་པ་དང་། སློབ་སྦྱོང་། སློབ་ཁྲིད། གསར་འགྱུར། དུས་དེབ། རྒྱང་སྒྲོག་ལ་སོགས་ཀྱི་ཐད་དུ་བོད་ཡིག་གཙོ་བོ་བྱ་དགོས་པ་དང་། རྒྱ་ཡིག་གཅིག་ལྕོགས་སུ་སློབ་དགོས། འདི་ནི་རང་སྐྱོང་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པ་མ་ཟད། མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་། རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནད་དོན་ཞིག་རེད།” ཅེས་ཀྱང་གསུངས།

གལ་གནད་རང་བཞིན་དང་འབྲེལ་བའི་མི་རིགས་ཀྱི་ལས་བྱེད་པའི་ཐད་ནས་ཀྱང་། “མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན། མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཐུབ་མཁན་ཞིག་ཡིན་དགོས་པ་ལས་ལྕེ་བསྣར་ཏེ་ཀུན་ལ་ལགས་སོ་བརྗོད་མཁན་ཞིག་ཡིན་མི་འོས། དུས་རབས་དེ་ད་ལྟ་མཇུག་རྫོགས་པ་རེད།”ཅེས་པ་དང་། དོན་དངོས་སུ་“རང་གི་མི་རིགས་ལ་ཤ་ཚ་ཡོད་མཁན། རང་གི་མི་དམངས་ཀྱི་སྡུག་བསྔལ་དེ་བསམ་ཐུབ་མཁན། མི་དམངས་ཀྱི་དོན་ལ་བཤད་ཐུབ་མཁན། རང་ཉིད་ལ་གོ་ས་ཞིག་བྱུང་ན་དོན་དག་ཚང་མ་བརྗེད་འགྲོ་བ་དེ་འདྲ་ཞིག་མིན་པའི་ལས་བྱེད་པ་བྱེད་དགོས་”པ་དང་། དེ་མིན་གང་ཟག་སྒེར་བ་སོ་སོ་“རང་གི་གོ་ས་ཇེ་མཐོར་འགྲོ་རྒྱུ་དང་རང་ཉིད་གོ་སར་འདུག་རྒྱུའི་ཆེད་དུ་མི་རིགས་ཀྱང་བརྗེད་ཡོད། མི་དམངས་ཀྱང་བརྗེད་ཡོད་”པ་དེ་འདྲ་བྱུང་ན། མི་རིགས་ཀྱི་ལས་བྱེད་པ་རེ་ཟད་ཅན་ཞིག་ཏུ་གྱུར་ཟིན་པ་ལས། མི་རིགས་ཀྱི་ལས་དོན་སྒྲུབ་མཁན་གྱི་ལས་བྱེད་པ་རེ་ཡོད་ཅན་ཞིག་ཏུ་གཏན་ནས་མ་གྱུར་པ་རེད། དེ་དང་འབྲེལ་ནས་“མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན། རང་ཉིད་མི་རིགས་ཀྱི་སྐད་ཆ་ཙམ་ཡང་གལ་ཏེ་བཤད་མི་ཤེས་པ་དང་། རང་གི་མི་རིགས་ཀྱི་སྐད་ཆས་སྲིད་ཇུས་དང་ཆབ་སྲིད་བཤད་མི་ཤེས་ན། མང་ཚོགས་ལ་འབྲེལ་འདྲིས་བྱས་ནས་མི་རིགས་ཀྱི་རང་སྐྱོང་ཁེ་དབང་ལག་བསྟར་ཅི་ལྟར་བྱའམ།”ཞེས་སོ་སོ་རང་ཉིད་ལ་ཚུར་དྲི་གནད་ཟབ་མོ་འདོན་དགོས་པའི་གནས་ཚུལ་མང་པོ་འབྱུང་གིན་ཡོད། དེར་བརྟེན་“ང་ཚོས་འབད་བརྩོན་ཆེན་པོས་མི་རིགས་སློབ་གསོའི་བྱ་བ་ལེགས་པར་བསྒྲུབས་ཏེ། བོད་ཡིག་ཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་བསྒྱུར་དགོས་པ་དང་། བོད་ཡིག་བསླབས་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་བསྒྱུར་དགོས་”ངེས་ཡིན་པ་ནི། རང་ཅག་སྟེ་བོད་མི་རིགས་ཀྱི་མིག་མདུན་དུ་ལྷགས་པའི་ཚབས་ཆེའི་གནད་དོན་ཞིག་ཅི་ནས་ཀྱང་ཡིན་པའི་གཞེན་སྐུལ་དུ་གྱུར་ཡོད།

 

དེ་བས་ན་མི་རིགས་ཀྱི་ལས་བྱེད་པ་དང་མི་དམངས་སུ་ཞིག་ལ་ཡང་། “གཞན་བརྟེན་གྱི་བསམ་པ་ཡོད་མི་ཉན། མི་རིགས་ཤིག་ལ་རང་གི་སྙིང་སྟོབས་དགོས་ལ་རང་གི་ལ་རྒྱའང་དགོས། གཙོ་བོ་ནི་རང་གི་འབད་བརྩོན་བརྒྱུད་ནས་རང་གི་མི་རིགས་དང་། རང་གི་རིག་གནས། རང་གི་ཚན་རིག་གོང་དུ་སྤེལ་དགོས་”པར་ནན་ནན་ཏིག་ཏིག་གིས་ཞལ་གདམས་གནང་ཞོར། “ཁྱོད་ཚོ་ལ་ད་བར་འདི་ན་མི་རིགས་རང་སྐྱོང་གི་ལད་མོ་ཙམ་ཞིག་ལས་འོང་གི་མི་འདུག དཔེ་བཞག་ན། ངས་སྐད་ཆ་མང་བོ་མི་བཤད་ཚང་མས་མིག་གིས་མཐོང་གསལ་ལྟར། མདུན་ན་གློག་བརྙན་སྟོན་སའི་མགོར་རྒྱ་ཡིག་གི་མིང་ཚིག་ཅིག་བྲིས་ཡོད། བོད་ཡིག་མཐོང་རྒྱུ་མི་འདུག འདི་བོད་རིགས་རང་སྐྱོང་ཁུལ་རེད། ཁྱོད་ཚོས་མ་བརྗེད། སྤྱིར་ན་བོད་ཡིག་ཀྱང་འབྲི་དགོས་པ་རེད། རྒྱ་ཡིག་ཀྱང་འབྲི་དགོས་པ་རེད། བོད་ཡིག་མེད་ན་ཅི་ཞིག་བོད་རིགས་རང་སྐྱོང་ཞེས་པ་རེད། ཕྱོགས་གང་ཐད་ནས་མི་རིགས་ཀྱི་རང་སྐྱོང་བྱེད་ན་མི་རིགས་རང་གི་གཤིས་ཀ་དགོས་པ་རེད། ཕྱིན་ཆད་ལས་བྱེད་པའང་རིམ་གྱིས་མི་རིགས་ཅན་དུ་བསྒྱུར་དགོས་པ་རེད།”ཅེས་གསུངས་ཤིང་། འདི་ལྟར་མི་རིགས་རང་སྐྱོང་གི་ཕྱོགས་ནས་དངོས་ཡོད་གནད་དོན་མང་པོ་ལྷགས་ཡོད་པར་བརྟེན། “ཁྱོད་ཚོས་ང་ཚོ་རང་གི་མི་རིགས་ཀྱི་མདུན་ལམ་འདི་ལའང་བསམ་བློ་ཞིག་ཨེ་བཏང་། རང་གི་མི་རིགས་ཀྱི་ཆེད་དུ་རང་རང་གི་སྐད་ཡིག་ཅིག་སྦྱང་མི་དགོས་ཟེར་ན་བསམ་བློར་འདང་ཞིག་རྒྱོབས་ཞེས་བཤད་པ་ཡིན།”ཞེས་སོགས་ཀྱི་གསུང་སྐད་ཀྱང་ཤོར་དགོས་བྱུང་ཡོད་པ་དང་། དེའི་སྙིང་དོན་དངོས་ནི་གཞི་རྩར་བོད་ཀྱི་རང་སྐྱོང་གིས་རྒྱ་ཡི་དོན་དག་སྤྱོད་ཀྱིན་པ་དེ་ཡོངས་སུ་མི་འགྲིག་པར་གདམས་པ་ཞེ་ཅིག་རེད།

 

བཞི་བ། པཎ་ཆེན་རིན་པོ་ཆེ་དང་རིག་གནས་སློབ་གསོ།

མི་རིགས་གང་འདྲ་ཞིག་ཡིན་ཡང་སོ་སོ་ལ་རིག་གནས་མི་འདྲ་བ་རེ་ཡོད་པ་དེ་བཞིན། བོད་མི་རིགས་ལ་ཡང་ཐུན་མོང་མ་ཡིན་པའི་རང་གི་རིག་གནས་ཤིག་ཡོད་པ་དང་། རིག་གནས་དེ་ནི་མི་རིགས་ཀྱི་མཚོན་རྟགས་རྩོད་མེད་ཅིག་ཀྱང་ཡིན་སྟབས། “བོད་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་གོང་དུ་སྤེལ་རྒྱུ་ནི། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་དགོས་མཁོ་ཡིན་པ་མ་ཟད། ཁྱད་པར་དུ་མི་རིགས་ཀྱི་འཇོན་ཐང་ཇེ་མཐོར་གཏོང་བའི་གནད་འགག་ཀྱང་ཡིན་”ཚུལ་ལ་ངོས་ཟིན་ཟབ་མོ་ཐོབ་སྟེ། བོད་མི་སུ་རུང་གིས་རང་མི་རིགས་ཀྱི་ལས་དབང་སྐྱ་བོ་ལ་བསམ་ཞོར། “ད་ལྟ་ང་ཚོས་བྱེད་དགོས་པ་ནི་རིག་གནས་ཁག་དེ་དག་རྒྱུད་འཛིན་དང་འཕེལ་རྒྱས་བཏང་སྟེ་སྔོན་རབས་ལ་ངོ་གནོང་མི་དགོས་པ་དང་། ཕྱི་རབས་ལ་གདོང་སྟོན་ཐུབ་པ་ཞིག་ཡོང་བ་བྱེད་རྒྱུ་དེ་རང་ཡིན་”པར་གསུངས་པ་ལ་སུས་ཀྱང་བསྙོན་དུ་མེད་ཅིང་། དེ་དག་ཀྱང་“ཕྱོགས་བསྡོམས་དང་དགག་རྒྱག་གི་སྒོ་ནས་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས། བོད་ཀྱི་སྐད་ཡིག་གི་དཔེ་ཁྲིད་དང་བེད་སྤྱོད་ཐད་ཤུགས་སྣོན་དགོས། དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱའི་སློབ་གསོ་གོང་དུ་སྤེལ་བ་དང་། བོད་ཀྱི་སྤྱི་ཚོགས་རིང་ལུགས་ཅན་གྱི་ཤེས་བྱའི་སློབ་གསོ་གོང་དུ་སྤེལ་བ་ནས་མི་རིགས་ཧྲིལ་བོའི་ཚན་རིག་དང་། རིག་གནས་ཆུ་ཚད་ཕྱོགས་ཀྱི་ཉམས་མྱོང་ཇེ་མཐོར་གཏོང་དགོས་”པ་ནི་ཁ་ཚ་དགོས་གཏུག་གི་དོན་གནད་ཅིག་ཡིན། ང་ཚོའི་བོད་མི་རིགས་དེ། “རྒྱ་རིགས་དང་མི་རིགས་གཞན་དང་བསྡུར་ན་ད་དུང་ཧ་ཅང་རྗེས་ལུས་ཡིན་པའི་རྒྱུ་མཚན་གཙོ་བོ་ནི། བོད་མི་རིགས་རང་གི་རིག་གནས་ལས་དོན་གོང་འཕེལ་མ་བྱུང་བའི་རྐྱེན་གྱིས་རེད། ང་ཚོའི་བོད་ཀྱི་རིག་གནས་གོང་དུ་མ་སྤེལ་བའི་རྐྱེན་གྱིས་ཕྱོགས་གང་ཐད་ལ་གྱོང་ཆེན་པོ་རེག་གིན་ཡོད་”པ་བཅས་གསུངས་ཡོད་པ་རྣམས་ནི། ཇི་འདྲའི་དོན་ལ་གནས་པའི་སྐབས་དོན་རང་བཞིན་གྱི་གནས་ཚུལ་ཚབས་ཆེན་ཞིག་ཡིན་ཨང་། གཞི་རྩའི་ཆ་ནས་ཀྱང་“རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་འདི་མ་ཤེས་ན། མཐའ་མར་མི་རིགས་འཇིག་རྒྱུ་རེད། མི་རིགས་འདི་ཚར་རྒྱུ་རེད། ཚང་མས་རང་གི་བོད་སྐད་བཤད་དགོས་ཨང་། རང་གི་མི་རིགས་ཀྱི་ཡི་གེ་དེ་ཤེས་དགོས་”པ་ཙམ་དུ་མ་ཟད། བོད་རིགས་ཚང་མས་“བོད་སྐད་བཤད་རྒྱུ་དང་བོད་ཡིག་བཀོལ་རྒྱུ་ནི་མི་རིགས་ས་གནས་རང་སྐྱོང་གི་སྲིད་ཇུས་ལ་གནད་དོན་གལ་ཆེན་ཞིག་ཡིན། གལ་སྲིད་བོད་རིགས་ས་ཁུལ་དུ་བོད་སྐད་མི་བཤད་པ་དང་བོད་ཡིག་མ་བཀོལ་ན། ས་འདིའི་བོད་རིགས་ཞེས་པའི་མི་རིགས་འདི་རང་ཤུགས་སུ་རྩ་མེད་འགྲོ་ངེས་ཡིན། དེར་བརྟེན་ཁྱོད་ཚོས་མི་རིགས་རང་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ་འཛིན་དགོས།”ཞེས་སོགས་ཡང་ནས་ཡང་དུ་གསུངས་ཡོད།

 

རིག་གནས་མེད་པའི་སྐྱོན་ཆའི་དཔེར་མཚོན་ཕྱོགས་ནས། “ཕྱི་རྒྱལ་གྱི་མི་ཚོ་སེ་འབྲས་ལ་སོགས་པར་ཡོང་སྐབས་དགེ་བཤེས་དེ་མཁས་པ་ཞེ་པོ་རེད་ཟེར་ངོ་སྤྲོད་བྱས་པ་རེད། ཕྱི་རྒྱལ་ཚོའི་གོམས་གཤིས་ལ་ཤོག་བུའི་ཐོག་ཏུ་མཚན་རྟགས་འབྲི་བའི་གོམས་གཤིས་ཡོད་པ་རེད། དགེ་བཤེས་ལགས་ལ་མཚན་འབྲི་རོགས་ཟེར་དུས་མིང་འབྲི་ཤེས་ཀྱི་ཡོད་པ་མ་རེད། མི་ཚོ་ཧང་སངས་པ་རེད། མཁས་པ་ཞེ་པོ་རེད་ཟེར་གྱི་སོ་སོའི་མིང་ཡང་འབྲི་ཤེས་ཀྱི་མི་འདུག་པ་དེ་འདྲ་ག་རེ་ཡིན་ནམ་ཟེར། དེ་བསྟན་པའི་མཚན་ཤས་རེད།”ཅེས་དང་། “ཆོས་ལ་འཆད་རྩོད་རྩོམ་གསུམ་མ་བྱས་ན་ཁ་སང་ཁེ་ཉིན་ངས་ཟེར་རྒྱུ་བྱུང་། ཆོས་འཆད་མ་ཤེས་ན་སློབ་མ་ཡོད་པ་མ་རེད། རྩོམ་རྒྱག་མ་ཤེས་ན་ཕྱི་རབས་པ་ཚོར་འཇོག་རྒྱུའི་ལག་རྗེས་མེད་པ་རེད། རྩོད་གཅིག་པུ་ལ་འཆད་པ་ཡིན་ན་གཞན་པ་གཉིས་པོ་དེ་མེད་ན། དགེ་བཤེས་ལགས་དུར་སར་ཕེབས་ན་དགེ་བཤེས་ལགས་ཀྱི་ལས་ཀ་དེ་ཡང་མཇུག་བསྡུ་ཡི་ཡོད་པ་རེད།”ཅེས་པ་དང་། གཞན་ཡང་། “ང་ཚོའི་རྗེ་ཡབ་སྲས་གསུམ་ལ་ཆ་བཞག་ན། ཁོང་གསུམ་གྱིས་གང་འདྲ་གནང་བ་རེད་དམ་ཞེ་ན། ཆོས་དེ་རྩོད་ཐུབ་པ་ཙམ་དུ་མ་ཟད་འཆད་ཐུབ་པ་དང་རྩོམ་ཐུབ་པ་བྱུང་བ་རེད། ཁོང་ཚོ་གསུམ་གྱིས་རྩོད་པ་ཁོ་རང་མ་གཏོགས། རྩ་བ་ནས་རྩོམ་པ་གནང་ཐུབ་ཀྱི་མེད་ན་གསུང་འབུམ་དེ་དག་ཡོང་གི་མ་རེད།”ཅེས་སོགས་དུས་ཐོག་ཆར་བ་ལྟ་བུའི་གཟིགས་ཚོར་ཟབ་མོ་དང་། མྱོང་བ་དངོས་མཐོང་གི་ཞལ་གསུང་རིན་ཆེན་མང་དུ་བསྩལ་ཡོད།

 

ཐ་ན་གློག་བརྙན་ལྟ་བུའི་ཐད་ནས་ཀྱང་དམ་པ་ཁོང་གིས་༡༩༨༤ ལོར། “ཉེ་ལམ་ལོ་འགའི་རིང་ལ་བོད་ཀྱི་འཚོ་བ་མཚོན་བྱེད་ཀྱི་གློག་བརྙན་དང་། གློག་འཆར་འགའ་རེ་པར་དུ་བརྒྱབ་ཡོད་ཀྱང་། དེ་དག་བསམ་ཐོག་ཏུ་འབབ་པ་ཞིག་ཡེ་ནས་མ་རེད། གློག་བརྙན་‘སྐྱེས་མི་ཆོག་པའི་མི།’ ཞེས་པ་ནས་‘ཁྲེལ་གཞུང་མེད་པའི་དགའ་རོགས།’ཞེས་པའི་བར་གྱི་གློག་བརྙན་དང་། གློག་འཆར་ཟློས་གར་‘ཁས་ལེན་སྒྲུབ་པ།’ཞེས་པ་དང་། ‘པ་སངས་དང་ཁོ་མོའི་ལྕམ་སྲིང་ཚོ།’ཞེས་པ་སོགས་གང་ཡིན་ཡང་དེ་དག་གི་མཚོན་བྱ་ནི་དབུལ་ཕོངས། རྗེས་ལུས། བླུན་རྨོངས། དམུ་རྒོད། སྐྱུག་བྲོ་བའི་རྣམ་པ་དག་རེད། ང་ཚོའི་མི་རིགས་ནི་མི་གཤིས་ལེགས་ཤིང་ལས་ལ་བརྩོན་པ། དཔའ་ངར་ལྡན་པ། བབ་ཆགས་པ། གཞུང་བཟང་བ། བློ་གྲོས་གསལ་བ་བཅས་ཀྱི་མི་རིགས་ཤིག་ཡིན་ལ། དེ་སྔ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་ནས་བཟུང་འོད་སྟོང་འབར་བའི་རིག་གནས་དང་ལོ་རྒྱུས་རིང་བོ་ཡོད་ཅིང་། རང་ཉིད་ལ་ཡིག་རིགས་དང་སྒྱུ་རྩལ། གསོ་རིག སྐར་རྩིས། ས་དཔྱད། ཆོས་ལུགས་སོགས་ཡོད་པ་དེ་རྣམས་གློག་བརྙན་དུ་མི་འགོད་དོན་ཅི།”ཞེས་པ་དང་། “དེ་ལས་ལྡོག་སྟེ་གཟས་ནས་ཁུངས་མེད་ལོང་གཏམ་དང་མི་སྲིད་ཡ་མཚན་ཅན་གྱི་དོན་དག་རེ་བཙལ་ཏེ་གློག་བརྙན་དུ་བསྟན་པ་ནི། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྣང་མེད་དུ་བཞག་པ་དང་། དངོས་ཡོད་འཚོ་བར་འཁྱོག་བརྗོད། བོད་མིའི་གཟུགས་བརྙན་ལ་དམའ་འབེབས། ཆོས་དད་སྤྱི་འབངས་ལ་མཐོང་ཆུང་བྱས་པ་བཅས་རེད།”ཞེས་དང་། ཡང་། “གལ་ཏེ་བོད་ཀྱི་འཚོ་བར་ནང་དོན་གསར་བ་དང་འགྱུར་ལྡོག་གསར་བ་ཅི་ཡང་མེད་པར། ཚང་མ་དམུ་རྒོད་དང་རྗེས་ལུས་ཀྱི་འཚོ་བ་ཁོ་ན་ཡིན་ན། སྤྱིར་བོད་མིའི་ངོར་དྲི་སྨག་བསྐུས་པ་ལྟར་སྣང་ན་ཡང་། དོན་དམ་དུ་ཏང་གི་ངོར་དྲི་སྨག་བསྐུས་པ་དང་ཁྱད་པར་མེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ད་ལྟའི་བོད་ཁུལ་དེ་ཏང་གི་མགོ་ཁྲིད་འོག་ཏུ་གནས་པ་ལས། མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་འོག་ཏུ་གནས་མེད་པ་དེ་ཡིན།”ཞེས་པ་སོགས་ནི་དམ་པ་ཁོང་གི་བཅོས་མིན་སྙིང་ཁོང་རུས་པའི་སྟེང་ན་རིགས་ཞེན་དང་བདེན་དོན་གྱི་འོ་ཇ་ལྷོག་ལྷོག་ཏུ་ཁོལ་གྱིན་པའི་དན་རྟགས་ཉིད་དོ།།

 

ལྔ་བ། པཎ་ཆེན་རིན་པོ་ཆེ་དང་དཔལ་འབྱོར་འཛུགས་སྐྲུན།

བོད་ཀྱི་ཁ་དཔེར། ‘གྲ་སྒྲིག་ཆུང་ས་ནས་བྱོས། རེ་བ་ཆེ་ས་ནས་རྒྱོབས།’ཟེར་བ་ལྟར་དུ། སྐྱེས་ཆེན་ཁོང་གིས་དགོས་དབང་མང་པོ་ཞིག་གི་ཆེད་དུ་བཀྲ་ཤིས་ལྷུན་པོ་རུ་གངས་རྒྱན་དར་སྤེལ་འཛུགས་སྐབས་སུ། “མ་གཞི་གངས་རྒྱན་དར་སྤེལ་ལ་ལས་འགན་མང་བོ་ཡོད་པ་རེད། ཡིན་ནའང་ལས་འགན་དང་པོ་དེ་ལ་བཀྲ་ཤིས་ལྷུན་པོའི་དཔལ་འབྱོར་གྱི་ཞབས་འདེགས་ཞུ་རྒྱུ་དེ་རེད། གཉིས་སུ་བོད་ཀྱི་དཔལ་འབྱོར་རེད། རིག་གནས་རེད། དེ་ཚོ་ཡར་རྒྱས་ལ་འགྲོ་བའི་བོད་སྤྱི་ལ་ཕན་པའི་ལས་ཀ་བྱེད་རྒྱུ།”ཞེས་དུས་རབས་ཀྱི་འགྱུར་འགྲོས་དང་བབ་བསྟུན་གྱིས་བོད་སྤྱི་ཕན་གྱི་དགོངས་པ་གཏིང་ཟབ་ཅིག་བཞེས་ཏེ་གངས་རྒྱན་དར་སྤེལ་བཙུགས་ཡོད་པ་དེ་ལྟ་ན་ཡང་། རང་སྣང་གང་དྲན་གྱིས་ནམ་ཡང་རྒྱགས་གཏམ་བཤད་པར་དགའ་ཞིང་། ཐ་ན་རང་ཉིད་ཀྱི་བཟའ་བཏུང་གི་ཡོང་ཁུངས་ཀྱང་ངོས་ཟིན་མི་ཐོབ་པའི་རང་རིགས་སྤུ་མེད་པ་ཡི་ཕག་འདྲ་སྐོར་ཞིག་གིས་སྐྱེས་ཆེན་ཁོང་ལ་དཀའ་ངལ་མི་ཉུང་བ་ཞིག་ཆེད་བཟོས་བྱས་ཡོད། སྐབས་དེར་རི་རྒྱལ་ལྷུན་པོ་ལྟ་བུའི་དམ་པ་ཁོང་གིས་“ཚོང་པ་རྒྱགས་པ་དེ་ལས་ད་དུང་རྒྱགས་ཚོད་ཅིག་ཡོད་ན་བཀྲ་ཤིས་ལྷུན་པོ་གསོས་པ་ཙམ་མ་ཟད། དགོན་པ་གཞན་དག་ཚོ་ཡང་གསོ་ཐུབ་ཀྱི་རེད།” ཅེས་མིག་མཐོང་ལག་ཟིན་དང་གནས་ལུགས་རང་བཞིན་གྱི་བདེན་ཚིག་བཟི་ཁ་ཅན་ཞིག་བསྩལ་ཡོད་པ་དང་། དེ་འཕྲོས་སུ་“ཚོང་ལ་སོགས་པའི་དཔལ་འབྱོར་གྱི་བྱ་བ་བྱས་པ་རེད་མ་གཏོགས། ངས་ཚོང་བརྒྱབ་པ་མ་རེད། ང་ལ་གངས་རྒྱན་གྱི་སྒོར་རྡོག་གཅིག་ཀྱང་མ་བྱུང་། མ་བྱུང་བ་མ་ཟད། ངའི་ཁང་པ་ལ་སོགས་པ་ལས་བྱེད་ཚོས་ཟིན་བསྡད་འདུག ངས་གཡར་བ་ཡིན། ཁོ་ཚོས་ང་ལ་ཚུར་བུ་ལོན་ཡོད་པ་མ་གཏོགས། ཁོ་ཚོས་ང་ལ་སྒོར་རྡོག་གཅིག་ཀྱང་སྤྲད་མ་སོང་།” ཞེས་ཀྱང་གསུངས་དགོས་འཁེལ་ཡོད།

 

མི་རིགས་གཞན་གྱི་འཕེལ་རྒྱས་དང་བོད་རང་གི་རྗེས་ལུས་ཀྱི་གནས་ཚུལ་ལ་དགོངས་ནས། “བོད་ཀྱི་དཔལ་འབྱོར་གོང་འཕེལ་མགྱོགས་མྱུར་གཏོང་རྒྱུ་དེ་ནི་བོད་ཀྱི་ལས་ཀའི་ལྟེ་བའི་ལས་འགན་ཡིན་ལ། ལོ་རྒྱུས་ཐོག་ནས་ལུས་པའི་མི་རིགས་ཁག་དབར་དོན་དངོས་ཐོག་འདྲ་མཉམ་མེད་པའི་གནས་ཚུལ་རིམ་བཞིན་མེད་པ་བཟོ་རྒྱུའི་རྩ་བའི་བྱེད་ཐབས་ཤིག་ཀྱང་ཡིན།”ཞེས་པ་དང་། “ངས་ད་དུང་ནན་བཤད་བྱེད་དགོས་པ་ཞིག་ནི། བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་དཔེར་ན་སྣམ་བུ་དང་། ས་གདན། ཁ་གདན། སྲོལ་རྒྱུན་གྱི་ཨར་ལས་འཛུགས་སྐྲུན་སོགས་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དེ་དག་ནི་མི་རིགས་ཀྱི་ཆེད་མཁོའི་ཚོང་ཟོག་ཐོན་སྐྱེད་འཕར་སྣོན་ཡོང་བ་བྱེད་རྒྱུ་དང་། བོད་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་འཚོ་བའི་ཉེར་མཁོ་སྐོང་ཐབས་བྱེད་རྒྱུ་གང་ལ་མཚོན་ན་ཡང་དོན་སྙིང་ཧ་ཅང་གལ་ཆེན་པོ་ཡོད་པ་ཞིག་རེད།”ཅེས་གསུངས་ཞོར། རང་ཅག་བོད་རིགས་སྤྱིའི་སྒྱིད་ལུག་ཆོག་ཤེས་ཐད་ནས། “ང་ཚོའི་མི་རིགས་འདི་ཟ་ལར་རིགས་དང་། ཧོས་རིགས་ལ་མི་དོ། ཁོ་ཚོས་བདག་གཉེར་བྱེད་ཤེས། ཚོང་རྒྱག་ཏུ་འགྲོ་བ་དང་། ཞོར་ལས་བཙལ་བ། སྐྱེས་པ་ལ་ལ་ལོ་གཅིག་གི་དུས་བཞིར་ཕྱི་རོལ་ཏུ་སོང་ནས་ངལ་རྩོལ་བྱས་ཏེ་སྒོར་མོ་བཙལ་བཞིན་ཡོད། ང་ཚོ་བོད་རིགས་རྣམས་རང་ཉིད་ཀྱི་བདེ་ཞིང་སྐྱིད་པའི་ཁྱིམ་ལས་ཕྱིར་འབུད་མི་འདོད། ཁྱོད་ཚོས་ལྭ་འདབས་ལ་སྲམ་ཞེང་ཆེན་པོ་འཐེན་ཞིང་། བུད་མེད་ཚོས་བྱུ་རུའི་སྐེ་རྒྱན་བཏགས་ཚེ་ཡིད་ཚིམ་པ་དང་། ཚ་ཐབ་དྲོན་མོའི་སྟེང་དུ་ལུག་ཤ་ཚོན་པོ་དང་། མར་རྩམ་བཟའ་རྒྱུ་ཡོད་ཚེ་ཡིད་ཚིམ་ནས་དགའ་སྤྲོ་སྤྲོ་བྱེད། འདི་འདྲའི་བསམ་བློ་ཡོད་ཕྱིར་ང་ཚོའི་མི་རིགས་ཀྱི་རྗེས་ལུས་ནམ་ཡང་བསྒྱུར་མི་ཐུབ།”ཅེས་ཀྱང་གསུངས་པ་དང་། དེ་ནས་མི་རིགས་ཤིག་གི་ལས་དོན་ལེགས་འགྲུབ་ཡོང་བ་ལ་ངེས་པར་དུ། “ཆེད་ལས་ལག་རྩལ་སྣ་ཚོགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་ནི། བོད་ཀྱི་ས་ཁོངས་རང་སྐྱོང་གི་ལས་ཀའི་ནང་གི་ལས་འགན་ཁ་ཚ་དགོས་གཏུགས་ཆེ་བ་ཞིག་རེད།” ཅེས་སོགས་ནན་གྱིས་གསུངས་ཡོད།

དུས་མཚུངས་སུ་ཤེས་ཡོན་འཛུགས་སྐྲུན་གྱི་ཐད་ནས། “སྤྱིར་བོད་རིགས་སློབ་མ་ཚང་མ་སློབ་གྲྭ་ཆེ་གྲས་སུ་འགྲོ་ས་མེད། ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྲིག་འཛུགས་ཀྱང་དེ་འདྲའི་བཟང་བོ་ཞིག་མི་འདུག་མོད། ཕྱིན་ཆད་རྒྱ་ཇེ་ཆེར་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་མ་ནང་དུ་བསྡུ་རྒྱུ་དེ་གོམ་རིམ་དང་པོ་རེད། གོམ་རིམ་གཉིས་པར། བོད་རིགས་ས་ཁུལ་གཞན་དག་ལའང་བོད་ཡིག་གི་སློབ་གྲྭ་ཆེན་མོ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན། དཔེར་ན། མཚོ་སྔོན་དང་། ཁམས་ཕྱོགས། ཀན་སུའུ་སོགས་ལའང་བོད་རིགས་ཀྱི་སློབ་གྲྭ་ཆེན་མོ་འཛུགས་རྒྱུ།”ཞེས་གསུངས་པ་ལྟར་དུ། ཁོང་གིས་དུས་ཐུང་ཞིག་གི་ནང་དུ་པེ་ཅིན་ནང་བསྟན་སློབ་གླིང་དང་། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཆེད་བཙུགས་དང་། གོང་རིམ་གཞུང་འབྲེལ་ངོས་ནས་ཀྱང་‘བོད་ཀྱི་སྐད་ཡིག་སློབ་སྦྱོང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག’་ལ་ཁས་ལེན་གྲོས་འཆམ་བྱུང་ཡོད་པ་བཅས། རང་རེ་བོད་མི་རིགས་ཀྱི་མདུན་ལམ་ལ་ཕྱོགས་སྣ་སྒོར་མོ་ནས་རེ་འོད་གསར་བ་ཞིག་དང་ཐག་གཅོད་གསར་བ་ཞིག་བསྐྲུན་མགོ་བརྩམས་ཐུབ་ཡོད། དེ་ཡང་མདོར་ཧྲིལ་གྱིས་དྲིལ་ན། དམ་པ་ཁོང་གིས་“བོད་རྗེས་ལུས་ཀྱི་རྣམ་པ་འདི་མ་བསྒྱུར་ན། ང་ཤི་ཡང་མིག་མི་བཙུམ།”ཞེས་པའི་ཞལ་གསུང་ཕེབས་པ་འདི་ཉིད་ཀྱིས། བོད་མི་རིགས་ཀྱི་ཚེ་སྲོག་གཉོམ་པོ་ལ་ཕྱོགས་ངོས་ཡོངས་ནས་གསོན་ཤུགས་སྦྱིན་མཁན་གྱི་ཕུལ་བྱུང་སྐྱེས་ཆེན་ཉག་གཅིག་སྟེ། པན་ཆེན་རིན་པོ་ཆེ་མཆོག་གི་ལྷད་མེད་རིགས་ཞེན་ཟབ་མོ་དང་བསྡོངས་པའི་རླབས་ཆེན་མཛད་རྗེས་རྣམས་ངང་ངམ་ཤུགས་ཀྱིས་གསལ་རྟོགས་ཡོང་བ་ཡིན།

 

དེ་ལྟར་ཁ་བཤད་ཆུ་ཡི་ཝུ་བ་ཙམ་མ་ཡིན་པར་མཛད་དཀའི་ལག་ལེན་དངོས་དང་འགྲོགས་ནས་ཚེགས་ཆེ་བའི་སྐུ་ངལ་ཚད་མེད་བསྐྱོན་བཞིན། མཐར་དགུང་གྲངས་ང་གཅིག་པ་ས་སྦྲུལ་༡༩༨༩ ལོར་གློ་བུར་དུ་དགོངས་པ་རྫོགས་ཡོད། བོད་ཀྱི་ལྕགས་རི་མཐོ་ཤོས་དེ་གཞིལ་བར་གྱུར་ཡོད། འདིར་གཙོ་བོ་སྐྱེས་ཆེན་ཁོང་གི་གསུང་དུམ་མང་ཙམ་ཞིག་འདྲེན་དོན་ནི་ཁོང་ལ་རྒྱུས་ལོན་གསལ་བོའི་སྒོ་ནས་རྗེས་སུ་དྲན་པར་བྱ་བའི་ཆེད་དུ་ཡིན། ཁོང་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་སུམ་ཅུ་ཏག་ཏག་འཁོར་ཡོད། བོད་མི་རིགས་དང་གཏན་དུ་གྱེས་ནས་ལོ་ངོ་སུམ་ཅུ་འཁོར་ཡོད། སྒམ་བརླིང་གི་གསེར་ཞལ་མཇལ་ཡུལ་དུ་མ་གྱུར་ནས་ལོ་ངོ་སུམ་ཅུ་འདས་ཡོད། སྐྱེས་པ་རླབས་ཆེ་ཞིང་གསོན་པར་གཟི་བརྗིད་ལྡན་པའི་སྐུ་ཚེའི་དུས་ཡུན་ནི་རིང་བོ་མིན། ལྷག་པར་དུ་གོ་གནས་སླར་གསོ་བྱུང་བའི་རྗེས་ཀྱི་དུས་ཡུན་ནི་ཧ་ཅང་ཐུང་ཐུང་ཡིན། དེ་ལྟ་མོད་ཀྱང་། དམ་པ་ཁོང་གིས་ངོ་ལྐོག་རྒྱབ་མདུན་མེད་པའི་སྒོ་ནས་དཀའ་ངལ་ཁྱད་དུ་བསད་དེ་བོད་མི་རིགས་ཀྱི་ལས་དོན་སྐུ་སྲོག་དང་བསྡོས་ནས་བསྒྲུབས་ཡོད། རིགས་ཀྱི་ལོ་རྒྱུས་གསེར་ནག་གི་ཞུན་ཐིགས་ཀྱིས་བཞེངས་ཡོད། རིགས་ཀྱི་ལ་རྒྱ་ཟུངས་ཁྲག་དྲོན་མོའི་རྒྱུ་བ་དང་བསྒྲེས་ནས་བསྲུངས་ཡོད། ས་ཐོག་ནས་བཞུགས་མི་ཤེས་པའི་ཁྲི་སྟེང་གི་མཛད་རྣམ་དེ་གཙོ་བོར་བསྐྱངས་མེད། རིགས་མཐུན་གྱི་སྤུན་ཟླ་ཚོ་དང་འགྲོགས་ནས་བདེ་སྡུག་མཉམ་མྱོང་གནང་ཡོད། རིགས་དོན་ལ་འབྲེལ་མེད་ཡིན་པའི་ཕྱི་མ་དང་ཐར་བ་མ་འཆད་པར་མིག་མདུན་གྱི་དཀའ་ངལ་དག་སེལ་ཐབས་གནང་ཡོད། འཆི་ལམ་དུ་ཕྱོགས་བཞིན་པའི་རང་གི་མི་རིགས་འགྱེལ་ས་ནས་ལངས་པའི་ལམ་ཆེན་བསྐྲུན་ཡོད། གར་ཕེབས་གར་བཞུགས་གང་དུ་ཡང་སྐད་གསེང་མཐོན་པོས་ཅི་གསུངས་རྣམས་ནི་རང་རིགས་ཀྱི་རྩ་དོན་འབའ་ཞིག་ཡིན། ཅི་བསམ་ཅི་མཛད་མཐའ་དག་ཀྱང་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་བོད་མི་རིགས་ཀྱི་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་སྐོར་ནས་ཡིན། དམ་པ་ཁོང་གངས་རིའི་སྤོ་ན་འགྱིང་སྐབས་རིགས་གཅིག་སྤུན་ཟླར་རང་གི་མགོ་བོ་མཐོན་པོ་དེ་ཡར་དགྱེ་རུ་བཅུག་ཡོད། དེ་ཕྱིར་རང་ངོ་ཟིན་པའི་ཐོག་ནས་རང་འགན་ཕྲག་སྟེང་དུ་ཡོངས་སུ་བཞེས་པའི་སྙིང་སྟོབས་ཅན་གྱི་སྐྱེས་ཆེན་དམ་པ་ཁྱེད་ཉིད་བཞུད་པ་ནི་ཤིན་ཏུ་སྔ་ཨང་། ཧ་ཅང་སྔ་དྲགས་སོང་།

མདོར་ན། མཚུངས་མེད་མཁྱེན་དཔྱོད་དང་ལྡན་པའི་སྒོ་ནས་བོད་དང་བོད་མི་རིགས་ཀྱི་ལས་དབང་སྐྱ་བོ་ལ་དུས་བསྟུན་གྱི་ཐག་གཅོད་མཛད་ཐུབ་པའི་སྙིང་སྟོབས་ཅན་གྱི་སྐྱེས་ཆེན་དམ་པ། ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ཉིད་སྙིང་ཁོང་ནས་རྗེས་སུ་དྲན་ནོ།།

 

 

 

ཟུར་ལྟ་དང་གསུང་དུམ་འདྲེན་ཁོངས་ཀྱི་དཔེ་དེབ།

 

<<བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན།>>

<<དུང་དཀར་ཚིག་མཛོད།>>

<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།>>

<<ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ།>> དེབ་དང་པོ།

<<ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ།>> དེབ་གཉིས་པ།

<<ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ།>> དེབ་གསུམ་པ།