མི་རིགས་རེ་རེ་ལ་རང་གི་རིག་གནས་ཡོད།རིག་གནས་དེ་ཡི་གེའམ་ངག་རྒྱུན་གང་རུང་ལ་བརྟེན་ནས་རྒྱུན་སྐྱོང་གིན་ཡོད་པ་སོ་སོའི་གནས་བབ་མི་འདྲ་མོད་དེ་ནི་རིག་གནས་ཡིན་པ་རྩོད་པ་མེད།སྲིད་པ་ཆགས་ལུགས་ནས་ཚེ་སྲོག་གི་བྱུང་རིམ།འཚོ་བའི་སྙིང་བོ།མི་བུའི་གོ་ཐང་སོགས་འཇིག་རྟེན་ལས་འདས་དང་མ་འདས་པའི་གསང་བའམ་སྙིང་བོ་ལ་རང་རང་གི་ཤེས་རབ་ལས་བྱུང་བའི་དཔྱད་སྡོམ་རེ་རེ་ཡོད།

དེ་ལྟར་མཐར་ཐུག་གི་གནས་ལུགས་སམ་དམིགས་བྱ་ལ་སོ་སོའི་ས་ནས་རང་སྟོབས་རིག་པས་དཔྱད་པའི་རྣམ་བཞག་བགྲང་ལས་འདས་པ་ཡོད་ནའང་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་རྩིས་ཟིན་དང་མ་ཟིན་གྱིས་སོ་སོའི་རིག་གནས་ལ་ངོ་བོའི་ཐོག་ནས་ཁྱད་པར་ཆེ།

ང་ཚོ་ལ་ཐོབ་པའི་སློབ་གསོའི་བག་ཆགས་ལྟར་བཤད་ན།འཛམ་གླིང་གི་དཔལ་ཡོན་ལ་ཤར་ནུབ་གཉིས་ཏེ་ཤར་ཕྱོགས་ནི་རྒྱ་ནག་སྐམ་ས་ཆེན་པོའི་དཔལ་ཡོན་ཡིན།འོན་ཏེ་བག་ཆགས་ཀྱི་རྒྱ་ལས་འགོངས་ཏེ་བཤད་ན།ཤར་ནུབ་གཉིས་ལས་ཤར་ཕྱོགས་ནི་རྒྱ་གར་འཕགས་ཡུལ་ཡིན་འོས།གང་ཞེ་ན།རྒྱ་གར་གྱི་དཔལ་ཡོན་ནི་མཚན་ཉིད་རིག་པས་རྨང་གཞི་བྱས་པའི་རིག་གནས་ཁོ་ལག་རྫོགས་པ་ཞིག་ཡིན།གང་དེས་རྒྱ་ནག་དང་བཅས་པའི་རྒྱལ་ཁམས་མང་བོར་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་།རང་ཅག་བོད་ཡུལ་ཡིན་ན་ཡང་དེའི་གྲལ་གྱི་གཅིག་རེད།

བོད་ལ་དཔལ་ཡོན་གྱི་འགོ་ཁུངས་གཉིས་ཡོད།གཅིག་ནི་བོན་གྱི་ཤེས་རིག་རེད།གཅིག་ནི་རྒྱ་གར་ནས་དྲངས་པའི་ནང་པའི་ཤེས་རིག་ཡིན།

སྐབས་འདིར་གླེང་བར་འདོད་པ་ནི་ཤེས་རིག་འདི་གཉིས་ཀྱིས་བོད་ཀྱི་སྔོན་བྱུང་ལོ་རྒྱུས་ལ་ཕན་གནོད་ཅི་བགྱིས་མ་ཡིན་པར།དེང་སང་གི་ང་ཚོ་ལ་མཚོན་ན་རང་གི་དཔལ་ཡོན་རང་ཉིད་ལ་ཇི་ལྟར་གལ་ཆེ་བའི་རྒྱུ་མཚན་ཨེན་ཙམ་བརྗོད་འདོད་པ་དང་།གཞན་གྱི་གཡོ་སྒྱུ་ལས་འཕྲོས་པའི་བསླུ་བྲིད་དང་།ཤེས་རིག་གི་འགོ་ཁུངས་གཞན་ཞིག་ལ་བསྒྱུར་འདོད་ཀྱི་ངན་ཇུས་གང་དེ་བཟློག་ཐབས་ཙམ་ཨེ་རྙེད་ཀྱི་འབད་པ་བགྱི་འདོད་པ་དེའོ།

མི་རིགས་ཤིག་གི་སྲོག་རྩ་བརྟན་མིན་ནི་རིག་གནས་ལ་ཐུག་ཡོད།སྲོག་རྩ་ཟེར་བ་ངེས་པར་འཆི་གསོན་ལ་འབྲེལ་བ་མེད།སྐབས་སྐབས་སུ་དེ་ནི་རིག་གནས་ཀྱི་རྒྱུན་དང་རིན་ཐང་ལྟ་ཚུལ་ལ་གོ་བ་བླང་ན་འགྲིག་གི་འདོད།

རིག་གནས་དང་འབྲེལ་བའི་མི་རིགས་ཀྱི་སྲོག་རྩ་གླེང་དུས་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས་པ་འདྲ།གཅིག་ན།རིག་གནས་དར་ཡང་མཚན་ཉིད་རིག་པ་མ་དར་བའི་མི་རིགས་དང་།གཉིས་སུ་མཚན་ཉིད་རིག་པ་དར་བའི་མི་རིགས་ཏེ་གཉིས་ཡོད།ཅི་ལ་མཚན་ཉིད་རིག་པ་དམིགས་སུ་བཀར་ཏེ་གླེང་དགོས་པ་རེད་ཅེ་ན།རིག་གཞུང་གཞན་དང་གཞན་ནི་ཆེད་ལས་སམ་ཕྱོགས་གཅིག་ལ་ཤེས་རབ་བསྐྱེད་པའི་རིག་ཚན་ཡིན།མཚན་ཉིད་རིག་པ་ནི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་བསམ་བློ་ཡིན།འཇིག་རྟེན་གྱི་བྱ་དངོས་གང་ཡང་ཆོས་ཉིད་ལས་འདའ་ཡི་མེད་ན་མཚན་ཉིད་རིག་པའི་བསམ་བློས་ཀྱང་དེ་ལ་སྟངས་འཛིན་དང་ཕན་པ་ཡོད་པ་སྨོས་མ་དགོས།

འཛམ་གླིང་དཔལ་ཡོན་གྱི་འགོ་ཁུངས་གཉིས་ནི་ཤར་ནུབ་ཀྱི་ཤེས་རིག་ཡིན།ཤར་ཕྱོགས་རྒྱ་གར་ནས་དར་བའི་ཤེས་རིག་གིས་ཤར་ཕྱོགས་གཙོས་པའི་རྒྱལ་ཁབ་མང་བོ་ལ་ཤུགས་རྐྱེན་མི་དམན་པ་ཐེབས།ནུབ་ཕྱོགས་གྷི་རི་སི་ནས་དར་བའི་ཤེས་རིག་གིས་ཡོ་རོབ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ལ་བག་ཆགས་མཐུག་པོ་བཞག་ཡོད།ཡང་དུས་ཀྱི་ཆ་ནས་བཤད་ན།གནའ་བོའི་དུས་སུ་ཤར་ཕྱོགས་དཔལ་ཡོན་གྱིས་འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེར་བཞག་པ་དང་།དེང་གི་དུས་སུ་ནུབ་ཕྱོགས་དཔལ་ཡོན་གྱིས་འཛམ་གླིང་ཧྲིལ་བོ་བདག་གེར་བཟུང་ཡོད།

འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ལས་ཤེས་རྟོགས་ཐུབ་པ་ལ།བསམ་བློའི་དཔལ་ཡོན་དང་ཡ་བྲལ་བའི་སྟོབས་འབྱོར་ནི་མུན་ནག་ཁྲོད་ཀྱི་གློག་ཞགས་དང་སྐད་ཅིག་མའི་མེ་སྟག་འདྲ་བོ་རེད།དེ་ཡང་ས་ཁམས་གསར་རྙེད་སྐབས་ཀྱི་ཕོ་ཁྲི་ཨ葡萄牙དང་སེ་ཕན་ཨ西班牙ནི་སྐབས་དེའི་འཛམ་གླིང་གི་རྩེ་དང་ཏོག་ཡིན།ཁོ་ཚོས་མཚོ་ཐོག་གི་ཚོང་ལམ་གསར་གཏོད་བྱས་ཤིང་སྒེར་བདག་བགྱིས་པས་སྟོབས་འབྱོར་ཅན་དུ་གྱུར་ནའང་དེའི་རྒྱབ་བརྟེན་ལ་རིན་ཐང་ལྟ་ཚུལ་ཁྱད་དུ་འཕགས་པ་དང་དཔལ་ཡོན་གྱི་སྟོབས་ཤུགས་གང་ཡང་མེད་པས་གནས་སྐབས་ཀྱི་མིག་འཕྲུལ་འདྲ་བའི་འཕེལ་རྒྱས་བྱུང་སྟེ་སླར་ཡང་ཉམས་རྒུད་དུ་ཕྱིན་པ་རེད།བཟོ་ལས་གསར་བརྗེའི་སྐབས་ཀྱི་དབྱིན་ཇི་ལ་ཉི་ནུབ་མེད་པའི་བཙན་པོའི་རྒྱལ་ཁབ་ཟེར།ཁོའི་སྟོབས་ཤུགས་ནི་སུ་དང་གང་གིས་འགྲན་དུ་མེད་ནའང་གོང་སྨོས་ཀྱི་རྒྱུ་མཚན་གྱིས་རྒྱལ་ཁབ་འདི་ཡང་སྐབས་ཤིག་ལ་རྒུད་པའི་ཆོས་ཉིད་ཀྱིས་དམ་དུ་བཟུང་ནས་རྒུད་པར་བཤད།

དེ་བཞིན།འཛམ་གླིང་ལ་སྟོབས་ཤུགས་ཅན་མང་བོ་བྱུང་ནའང་གང་ཞིག་ད་དུང་ཉམ་ང་མེད་པར་འགྲོ་བ་མང་བོའི་བདེ་རྩ་ལ་ཕན་དང་བདེ་བའི་རྒྱུ་བསྐྲུན་པར་གཞན་དྲིང་མི་འཇོག་པ་གང་ཞེ་ན།དེ་ནི་དཔལ་ཡོན་ཡིན།ད་དུང་དཔལ་ཡོན་ལས་འཕྲོས་པའི་རིག་གནས་ཁོ་ལག་རྫོགས་པ་དེ་དག་གོ

རང་ཅག་གངས་རིའི་ཁྱོན་ཆེན་པོ་ན་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་གི་མ་ལག་གཅིག་ཡོད་པ་ནི་བོན་གྱི་ཤེས་རིག་རེད།མི་ལོ་མང་བོར་བག་ལ་ཞ་བའི་ཚུལ་གྱིས་གནས་དགོས་བྱུང་ནའང་གང་དེའི་གཟི་འོད་ནི་དེང་གི་དུས་ན་ཆེ་ནས་ཆེ་རུ་འགྲོ་བཞིན་པ་དགའ་འོས་པའི་གནས་ཤིག་རེད།སྤྱིར་གྱི་ན་བོད་ཀྱི་ཤེས་རིག་གི་མ་ལག་ཆེ་ཤོས་དེ་རྒྱ་གར་ནས་བྱུང་ཞིང་བོད་མིས་བརྒྱུད་འཛིན་དང་ཁ་བསྣོན་བྱས་པའི་ནང་བའི་རིག་གནས་ཡིན།ལ་ལས་དེ་ནི་རྒྱ་གར་ནས་དར་བའི་རིག་གནས་ཏེ་བོད་རང་གི་མིན་ཞེས་བཤད་ཀྱང་།དཔེར་ན་རྒྱ་གར་བས་གསར་གཏོད་གནང་ནས་ཨ་རབ་པས་ཁྱབ་བརྡལ་དུ་བཏང་བའི་ཨང་ཀི་ལ་ཨ་རབ་ཨང་ཀི་ཞེས་བཏགས་པ་དང་འདྲ་བོ་རེད།

སྔོན་བྱོན་བོད་ཀྱི་ལོ་ཙྰ་བ་དག་གིས་སྲོག་བསྡོས་ཀྱི་དཀའ་ངལ་དང་དུ་བླངས་ཤིང་ངང་ཆེན་པོ་བསྲིངས་ཏེ་འཕགས་ཡུལ་གྱི་ཤེས་རིག་ལ་དེ་ལྟར་གྱི་དུང་བ་བཅོས་མིན་འཛིན་དགོས་པ་ནི་ཤེས་རིག་གང་དེར་དོན་གྱི་རིན་ཐང་ཡོད་པ་དང་བོད་མི་ལོ་ཙྰ་བ་དག་ལ་ཡོད་མེད་ཡིན་མིན་བརྟག་པའི་ཤེས་རབ་ཀྱི་སྤྱན་ཟུང་གསལ་བོ་ལྡན་པས་ཀྱང་ལོས་ཡིན།

ས་བབ་ངོས་ནས་བལྟས་ན་རྒྱ་གར་དུ་བགྲོད་པ་ནི་གངས་རིའི་མུ་འཁྱུད་བརྒལ་དགོས་པ་མ་ཟད་ཀྱི་གདོད་མའི་ནགས་ཚལ་དང་གྲོག་རོང་ཟབ་མོ།ལ་མཐོ་རི་གཟར་ཕྲེང་དུ་བསྟར་བ་ལ་གཅན་གཟན་ཆོམ་རྐུན་གྱི་འཇིགས་པ་མཐའ་ཀླས་པ་མྱང་དགོས་པས་ལོ་ཙྰ་བ་དང་རྒྱགས་སྐྱེལ་བ་མང་བོའི་རིན་ཆེན་ཚེ་སྲོག་ཤོར།དེ་ལྟར་ནའང་།ཁོང་རྣམ་པས་སེམས་དཔའ་ཆེན་པོའི་མཛད་སྤྱོད་ལྷུར་བླངས་ཏེ་གཞན་ཡུལ་གྱི་ཤེས་རིག་གི་སྒོ་མོ་ཕྱེས་ཤིང་དེ་ཉིད་བོད་དུ་དྲངས་པ་རེད།དོན་དམ་པར་འཕགས་ཡུལ་དུ་བསྐྱོད་པ་བས་རྒྱ་ནག་ཏུ་བསྐྱོད་པ་ཅུང་འགྲོ་བདེ་བ་ཡིན་ནའང་མེས་རབས་ཚོས་ཅི་ལ་དཀའ་བ་དང་བླང་གིས་ལས་སླ་མོ་དེ་བསྐྱུར་དགོས་པ་རེད།

གནད་དོན་འདི་ལ་བདག་གིས་འདི་ལྟར་བསམ་བློ་གཏོང་གིན་ཡོད།གང་ཞེ་ན།འཕགས་ཡུལ་གྱི་ཤེས་རིག་བོད་ལ་ཆེས་ཆེར་དར་བ་ནི་སྲིད་ཀྱི་དགོས་པའམ་ཆོས་སྤེལ་བའི་དམིགས་ཡུལ་ཁོ་ན་ཙམ་མིན།བོད་ཀྱི་ལོ་རྒྱུས་ལས་ཤེས་རྟོགས་ཐུབ་པ་ལ།བོད་དུ་ཤེས་རིག་གང་ཞིག་དར་མིན་ནི་སྲིད་འཛིན་པའི་དགའ་ཕྱོགས་སམ་དགོས་མཁོའམ་བཀོད་འདོམས་ཁོ་ན་ལ་རག་ལས་མེད།སྐྱེ་བོ་རང་ཉིད་གང་ལ་མོས་པ་དེ་ལ་འཇུག་པའི་གུ་ཡངས་ཀྱི་འཁོར་ཡུག་ཆེན་པོ་ཞིག་ཡོད་པ་དེ་ནི་ནང་གི་མཐུན་རྐྱེན་ཆེས་ཤིན་ཏུ་གལ་ཆེ་བ་དེའོ།འོ་ན་ནང་གི་མཐུན་རྐྱེན་ནི་ལས་འཕྲོ་དང་བསོད་ནམས་ལ་སོགས་རྐྱེན་གང་གིས་ཀྱང་མ་ཡིན་པར་ཆོས་ཉིད་ལ་གཞིར་བཅས་ཤིང་མཚན་ཉིད་རྩོད་སྒྲུབ་ཀྱི་ངོ་བོས་ཡོངས་སུ་ཕྱུག་པའི་ཤེས་རིག་དེས་བོད་ཡུལ་གྱི་སྐྱེས་མཆོག་སེང་གེ་འདྲ་བ་རྣམས་ཀྱི་ཡིད་དབང་དབང་མེད་དུ་ཕྲོགས་པས་རེད།དེ་ལྟར་ལོ་པཎ་སྦྲེགས་མའམ་ཡབ་སྲས་ཀྱི་རྣམ་པའི་ངོས་ནས་འཕགས་ཡུལ་གྱི་ཤེས་རིག་བོད་དུ་འདྲེན་འགོ་བརྩམ།

མི་ལ་ལས་མཚན་ཉིད་ཀྱི་བསམ་བློས་འཇིག་རྟེན་ལ་དངོས་ཕན་མེད་པས་དགོས་པ་མེད་ཟེར་སྲིད།བདེན་ཏེ།མཚན་ཉིད་ཀྱི་བསམ་བློ་ནི་དངོས་ཕན་ལ་གཟས་པ་མིན་པས་འཁང་ར་དེའང་གཞི་མ་གྲུབ་པ་རེད།འོན་ཏེ་ནུབ་ཕྱོགས་ཀྱི་དེང་རབས་དཔལ་ཡོན་ནི་མཚན་ཉིད་ཀྱི་བསམ་བློ་ལ་བརྟེན་ཏེ་འཕེལ་རྒྱས་བྱུང་བ་ཡིན་སྐད།དཔེར་ན་ལུའུ་ཏྲིན་གྱི་འདྲེན་ཤུགས་ཀྱི་ལྟ་བ་ལས་བཟོ་ལས་གསར་བརྗེ་བྱུང་བ་ནི་མཚན་ཉིད་རིག་པའི་བསྐྱེད་འབྲས་ཡིན།འོན་ཏེ་ལུའུ་ཏྲིན་སྐུ་དངོས་ཀྱིས་བཟོ་ལས་གསར་བརྗེ་ལ་ཁ་བསྲེ་ལག་བསྲེ་བྱས་མྱོང་མེད།①འདི་ལས་གང་ཤེས་ཟེར་ན།རིག་ཚན་གང་ཞིག་ལ་ལྕགས་སྲོག་ཞུགས་མིན་ནི་གནས་སྐབས་ཀྱི་དངོས་ཕན་ཙམ་མ་ཡིན་པར་དེ་ལ་མཚན་ཉིད་རིག་པའི་གཟུངས་གཞུག་ཡོད་མེད་ཀྱིས་ཐག་གཅོད་དགོས།འདི་ལའང་ལྡོག་ཕྱོགས་ནས་དཔེ་ཞིག་དྲངས་ན་རྒྱ་ནག་ཉེ་རབས་ལོ་རྒྱུས་ཐོག་གི་ནུབ་ཕྱོགས་ལ་སློབ་སྦྱོང་ངམ་ལད་ཟློས་བྱེད་པའི་ལས་འགུལ་དེ་དག་ཡིན།ལས་འགུལ་དེ་དག་ལམ་ལྷོང་མ་བྱུང་བ་ནི་རྒྱ་ནག་པར་ལད་ཟློས་ཀྱི་ཤེས་རབ་ཙམ་ཡང་མེད་སོང་བས་མིན།ཁོང་ཚོས་ནུབ་ཕྱོགས་ཀྱི་ལག་རྩལ་ལ་ཧ་ལས་པ་ལས་མཚན་ཉིད་བསམ་བློས་གཏམས་པའི་དཔལ་ཡོན་ལ་ངོས་ཟིན་གསལ་བོ་མ་ཐོབ་པའམ་ཡང་ན་ཤེས་བཞིན་ངོས་ལེན་མ་བྱས་པས་ཡིན།

དེང་སང་འཛམ་གླིང་ན་རིག་གནས་ཀྱི་རྣམ་བཞག་ཧ་ཅང་མང་བོ་ཡོད།ཡིན་ཡང་དུས་ཀྱི་བགྲོད་པ་རིམ་གྱིས་སོང་བ་ན་ནམ་ཞིག་ལ་དེ་དག་ཁྲོད་ཀྱི་མང་བོ་ནི་ཉམས་དམས་སུ་འགྲོ་བ་ཐག་གིས་ཆོད།རྒྱུ་མཚན།ཉམས་དམས་སུ་འགྲོ་བ་དེ་དག་ལ་མཚན་ཉིད་ཀྱི་བསམ་བློ་ལས་འཁྲུངས་པའི་གཏན་ཚིགས་ཀྱི་རང་བཞིན་མེད་སོང་བའམ་དེ་ཉིད་འཕེལ་རྒྱས་སུ་གཏོང་མ་ཐུབ་པས་ཡིན་སྙམ་གྱིན་ཡོད།

འཕྲོས་བཤད་ལས་དཀྱུས་སུ་བབས་ན།རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་ནི་རང་ཅག་གིས་དཔལ་ཡོན་ལ་ངོས་འཛིན་གསལ་བོ་དང་ལག་འཛངས་གལ་གཏུགས་ཀྱི་སྐབས་སུ་སྤང་བླང་འཇུག་ལྡོག་གི་བགྱི་བ་ལ་རིག་པ་གསལ་བོའི་ངང་ནས་དཔྱད་འདེམ་མ་ནོར་བ་བྱེད་པ་ཅི་ནས་ཀྱང་གལ་ཆེ་ཞེས་ཡང་ཡང་བརྗོད་འདོད་པ་དེའོ།

རྗེ་འཇིགས་མེད་གླིང་བའི་ཤེས་རབ་ཀྱི་གཏམ་ལས།སྒྲ་ལ་བརྟེན་ནས་ཚིག་འབྱུང་སྟེ།ཚིག་ལ་བརྟེན་ནས་དོན་ངོ་ཤེས།དོན་གྱི་དམ་པ་ཆོས་ཉིད་ཕྱིར།②ཞེས་གསུངས་པ་ལས་ཀྱང་ཤེས་བྱ་མཐའ་ཀླས་པའི་རྒྱབ་ན་མཚན་ཉིད་རིག་པའི་བསམ་བློ་ཡོད་པ་ཤུགས་ཀྱིས་བསྟན།དེ་དང་དེ་བཞིན་གྱི་གསུང་ནི་ང་ཚོའི་རིག་གནས་ལ་བགྲང་གིས་མི་ལང་བ་ཡོད།

ང་ཚོའི་རིག་གནས་ལ་ནང་གསེས་ཀྱི་རིག་ཚན་མང་བོར་བགར་ཡོད་ནའང་དེ་དག་ཧྲིལ་གྱིས་བསྡུ་བ་ལ་མཚན་ཉིད་རིག་པའི་ལྟ་གྲུབ་གཅིག་པུས་འཐུས་པར་སེམས་སོ།།ཅིག་སྲིད་ན་ང་རང་ནོར་ཡོད་ཤས་ཆེ།ཡིན་ཡང་ཕྱོགས་འདི་ལ་ཐོས་བསམ་མཆོག་ཏུ་བགྱིས་པའི་ཤེས་རབ་ཅན་གྱིས་དེ་ལུགས་ཀྱི་གསལ་ཁ་གནང་ན་ཧ་ཅང་ཡག་པོ་རེད་འདོད་ཀྱིན་ཡོད།

ང་ཚོའི་ཁོར་ཡུག་ནི་དངོས་ཕན་ཁོ་ན་དོན་དུ་གཉེར་ཏེ་ཤེས་བྱའི་མཐར་ཐུག་གི་གནས་ལུགས་ལ་མིག་ཟུར་ཙམ་ཡང་མི་ཕྱོགས་ལ་ཕྱོགས་འདོད་ཀྱང་མེད་པའི་ནད་ཡམས་ཤིག་ཆགས་འདུག དེ་ཡང་དཔེར་ཞིག་བཞག་ན།མཉམ་མེད་ཁྲོ་ཕུ་ལོ་ཙྰ་བས་སློབ་དཔོན་བུ་དྡྷ་ཤྲྰི་ཡི་དྲུང་ནས་སློབ་སྦྱོང་གནང་དུས་ལྟད་མོ་བཞི་མཐོང་བས་ངེས་ཤེས་བཞི་སྐྱེས་པའི་གསུམ་པ་སྟེ།ཁོ་པོམ་དང་གུ་ལང་གི་གྲོང་ཁྱེར་དུ་མ་ར་ཡ་ཙེ་བྱ་བ་སྒྱུ་མ་གསད་གསོའི་རྟེན་འབྲེལ་གྱིས་ཆུ་མིག་ཤར་ནུབ་གཉིས་སུ་སོ་སོར་སྔགས་བཏབ་ནས།ནུབ་ཀྱི་ཆུ་མིག་ནས་ཆུ་འཐུངས་ནས་ཤི་བ་ལ་ཤར་གྱི་ཆུ་མིག་ནས་ཆུ་འཐུངས་པས་སོས་པར་འགྱུར་བའི་ལྟད་མོ་གཅིག་ཡོད།དེ་མཐོང་པས་ཡིད་འགྱུ་བ་སྣ་ཚོགས་ཡུལ་དང་བཅས་པ་འདི་གང་ལྟར་སྣང་ཞིང་།ཅིའི་རྣམ་པར་ཤར་ཡང་དོན་ལ་སྐྱེ་འགག་སྤུ་རྩེ་ཙམ་ཡང་བྱེད་པ་པོ་མེད་པར་གོ་པའི་ངེས་ཤེས་སྐྱེས།③འདི་ནི་ཁྲོ་ཕུ་ལོ་ཙཱ་བས་དངོས་སུ་མྱངས་པའི་ལོ་རྒྱུས་ཡིན་ལ་ཁོང་གིས་ཀྱང་ལྟད་མོ་ཞེས་གོ་བ་ཅན་གྱི་ཚིག་ཟུར་སྦྱར་ཡོད།དེ་བཞིན་བོད་ཀྱི་ལོ་ཆེན་རྣམས་ཀྱིས་ཀྱང་ཤེས་རིག་འཚོལ་བསྙེག་གི་ལོ་ཟླའི་ཁྲོད་དུ་དེ་དང་དེ་བཞིན་གྱི་གནས་ཚུལ་ལ་མགོ་རྨོངས་པ་ཆེས་ཆེར་དཀོན།ཡིན་ཡང་དེང་གི་ང་ཚོ་ལ་མཚོན་ན།འདི་ལྟར་གྱི་སྦྱོར་བ་མཐོང་ཚེ་གཉའ་ཆག་ནས་དད་པའི་སྤུ་ལོང་གཡོ་ཁུལ་བྱེད་ངེས་པ་ལས་དེ་ལ་རིགས་པས་དཔྱད་པ་བགྱི་མཁན་ཤིན་ཏུ་ནས་ཀྱང་ཉུང་ཉུང་ཡིན་པ་ཐག་བཅད་ཀྱང་ཆོག་ཆོག་རེད།དེ་དང་དེ་བཞིན་གྱི་བྱ་བ་ཧ་ཅང་བྲིན་པོར་གྱུར་བ་ནི་ང་ཚོའི་ཤེས་རབ་ཀྱི་མིག་ཟུང་ཁེ་ཕན་ཉི་ཚེ་བས་སྒྲིབ་པ་དང་ང་ཚོའི་འགྲོ་འདུག་ཉལ་འཆག་གི་བྱ་བ་གང་ཡང་དཔྱོད་པའི་བློ་དང་ཁད་དང་ཁད་ཀྱིས་གྱེས་བཞིན་པའི་རྟགས་མཚན་ཡིན།

ཅི་ལ་དེ་ལྟར་གྱུར་བ་རེད་ཅེ་ན།ང་ཚོ་དང་དཔལ་ཡོན་བར་གྱི་འབྲེལ་བ་ནི་དངོས་གནས་ཡ་མ་བརླ་གཟུགས་སུ་འགྱུར་གྱིན་ཡོད།དེ་ཡང་མིའི་བྱེད་སྤྱོད་གང་ཡང་རིག་གནས་ཀྱི་བག་ཆགས་ལས་འཕྲོས་པ་ཡིན།རིག་གནས་ཟེར་བ་ནི་མིའི་ཉམས་མྱོང་དང་ཤེས་རབ་ཀྱི་གསོག་འཇོག་ལས་བྱུང་བ་ཡིན།ང་ཚོ་འགྲོ་ན་ཆོག་ལ་འདུག་ནའང་ཆོག ང་ཚོའི་སྐད་ཆ་དང་སེམས་ཀྱི་འཛིན་སྟངས་ཚུན་ཆད་ནི་སྐད་ཅིག་ལའང་རིག་གནས་དང་ཁ་འབྲལ་ཐབས་མེད།དེ་ལྟར་མི་བུ་རེ་རེའི་འཇིག་རྟེན་ལྟ་ཚུལ་ལས་མི་རིགས་ཤིག་གི་འཇིག་རྟེན་ལྟ་ཚུལ་ཆགས་པ་དང་།མི་བུ་རེ་རེའི་རིན་ཐང་ལྟ་ཚུལ་ལས་མི་རིགས་ཤིག་གི་རིན་ཐང་ལྟ་ཚུལ་ཆགས་ངེས་པ་ཤུགས་ཀྱིས་འབྱུང་།ཡིན་ཡང་།རིག་གནས་གང་ལ་རང་གི་སེམས་གཏོད་པ་ལས་མིའི་བྱེད་སྤྱོད་ཀྱང་དེ་བཞིན་གྱུར་དང་འགྱུར་གྱིན་པ་ཐེ་ཚོམ་ཅི་ལ་དགོས།རང་རེའི་གནས་བབ་ལ་བསམས་ན།ང་ཚོས་རང་གི་དཔལ་ཡོན་ལ་ཡིད་གཉིས་ཐེ་ཚོམ་སྐྱེས་པས་རྒྱུན་འཛིན་བྱེད་པ་ལ་སེམས་ཤུགས་ཆེ་བོ་མེད་པ་དང་།ནུབ་ཕྱོགས་དཔལ་ཡོན་ལ་སེམས་འཁྲེང་ཡང་གང་དེའི་སྐྱི་ལྤགས་ཙམ་ལས་དོན་གྱི་སྙིང་བོ་ལོན་མཁན་མེད་ཅེས་བརྗོད་ཀྱང་ཐལ་མི་ཆེ་བ་འདྲ།རྒྱ་ནག་རིག་གནས་ལ་འདྲིས་ཆ་ཆེ་བས་དེའི་བག་ཆགས་འཐུག་པོ་ཡོད་པས།ང་ཚོའི་ལུས་སྟེང་ལ་བོད་ཀྱི་དྲི་མ་བྲོ་ལ་ནུབ་ཕྱོགས་པའི་ཞད་ཀྱང་ཡོད།ད་དུང་རྒྱ་རྒན་སྨ་ར་ཅན་ཚོའི་ཤན་ཡང་ཐེབས་འདུག་པས་ང་ཚོ་ནི་དཔལ་ཡོན་གྱི་དྭ་ཕྲུག་སྟེ་བསྐྱེད་མ་བོར་ལ་གསོ་མ་གང་ཡིན་མི་ཤེས་པའི་བསོད་ནམས་ཡང་ཟད་ཀྱི་ཚོགས་སྤྱི་ཞིག་གོ སྤྱིར་གྱི་ན་རང་གི་དཔལ་ཡོན་ལས་གཞན་ལ་སློབ་སྦྱོང་མི་འོས་ཞེས་བརྗོད་ཀྱིན་མེད།རིག་གནས་ལ་འགོག་སྲུང་རིང་ལུགས་དང་ས་ཁུལ་རིང་ལུགས་བྱེད་པ་ནི་ཐལ་མཐའ་བ་ཡིན་པས་དེའི་བསྐྱེད་འབྲས་ཀྱང་ལེགས་པོ་མིན།འོན་ཏེ་སྒོ་ཡངས་པོའི་ངང་ནས་གཞན་པའི་ཤེས་རིག་གི་སྙིང་བཅུད་ཚུར་ལེན་དགོས་པའི་ལྟ་བ་ནི་བླང་དོར་མེད་པའི་ཉོག་བསྲེ་མིན།གནས་བོའི་གྷི་རི་སི་དང་རའོ་མ་བཙན་རྒྱལ།ཡང་ན་ཡོ་རོབ་གླིང་ཆེན།བོད་བཙན་པོའི་རྒྱལ་རབས་སོགས་འགྲོ་མིའི་ལོ་རྒྱུས་སྟེང་གི་སྐད་གྲགས་ཆོད་པའི་བྱུང་བ་འདི་དག་ཚང་མ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་དེ།དེ་ནི་རང་གི་དཔལ་ཡོན་ནམ་ཡང་ན་རིན་ཐང་ལྟ་ཚུལ་གཞིར་བཅས་ཏེ་གཞན་གྱི་ཤེས་རིག་གི་སྙིང་བཅུད་ཚུར་ལེན་པ་དེའོ།དེ་ལྟར་བགྱིས་པའི་དགོས་པ་གང་ཞེ་ན།རང་ལ་དཔལ་ཡོན་གྱི་འགོ་ཁུངས་ཤིག་ཅི་ནས་ཀྱང་འཚོལ་དུ་ཡོད་པ་དང་།ང་ཚོ་དཔལ་ཡོན་གྱི་མུག་ཕྲུག་ཏུ་མི་འགྱུར་ཞིང་དཔལ་ཡོན་དེའི་མཚན་ཉིད་རྩོད་སྒྲུབ་ཀྱི་ངོ་བོ་མི་ཡལ་བ་དེའོ།ཡང་དགོས་པ་དེ་ལས་འབྲས་བུ་ག་འདྲ་བསྐྱེད་ཟེར་ན།ཚོགས་སྤྱི་ཞིག་གི་སྲོག་རྩ་ཇེ་བརྟན་ནས་ཇེ་བརྟན་དུ་འགྲོ་ཞིང་སྲོག་དབང་དེ་ནི་འཁྱག་རོམ་ལྟ་བུ་མ་ཡིན་པར་ཤེས་རབ་ཀྱི་འོད་སྣང་གིས་ཡོངས་སུ་ཁྱབ་པ་དེའོ།དེ་ཡང་མི་ལོ་སྟོང་ཕྲག་འགའ་ཡང་བོད་བཙན་པོའི་གཟི་འོད་ཀྱིས་རང་ཅག་མ་ཟད་ཀྱི་གཞན་གྱི་ཡིད་དབང་འཕྲོག་ཐུབ་པའི་རྒྱུ་མཚན་ཉག་གཅིག་ནི་དཔལ་ཡོན་ལ་ཐུག་ཡོད།གལ་ཏེ་དམག་ཤུགས་དར་བས་ཕྱོགས་ལས་རྣམ་པར་རྒྱལ་ཟེར་ན།ང་ཚོ་ལས་ལྡབ་སྟོང་འགྱུར་གྱི་སྟོབས་ལྡན་རྒྱལ་ཁབ་ཡོད་མྱོང་མོད་མཐར་ཉམས་པ་རེད།གལ་ཏེ་མི་གྲངས་མང་བས་དགྲ་ཐུབ་ཟེར་ན།ང་ཚོ་ནི་མི་རྒྱུ་གཉིས་ཀ་མ་དར་བའི་འཁོས་ཞན་ཉམ་ཆུང་རྐྱང་རྐྱང་ཡིན།གལ་ཏེ་སྟོབས་འབྱོར་ལྡན་པས་འཐུས་ཟེར་ན།ཀླུ་རྒྱལ་ལ་འགྲན་པའི་བང་མཛོད་ཀྱིས་ཁོ་རང་གི་ལས་མཐའ་བཟློག་མ་ཐུབ།བདེན་ཏེ།གོང་སྨོས་ཚང་མ་ནི་རྒྱལ་ཁབ་སྟོབས་ལྡན་ཞིག་ལ་མེད་དུ་མི་རུང་བ་ཡིན་པ་རྩོད་མེད་ཡིན།ཡིན་ཡང་དེ་དག་བརྟེན་ས་འཁེན་ས་ནི་དཔལ་ཡོན་རྣམ་པར་བཀྲ་བ་ཞིག་ཡིན་དགོས།

ང་ཚོའི་རིག་གནས་ལས་མཚན་ཉིད་རྩོད་སྒྲུབ་ཀྱི་ཆ་དེ་ནི་རིན་པོ་ཆེ་རེད།རིན་པོ་ཆེའི་རིན་ཐང་ང་ལྟ་བུས་ཆད་ལུས་མེད་པའི་འཐུས་ཚང་ཞིག་བཤད་མི་ཤེས།དེ་ནི་རང་སྐྱོན་ཡིན་པ་རང་གིས་ཀྱང་ངོས་ཟིན་ཡོད།ཡིན་ཡང་མི་ཆུང་སེམས་བསྐྱེད་ཀྱི་རྟུལ་ཞུགས་ལྷུར་བླངས་ཏེ་ཆེན་པོ་ཆེན་པོ་ཞིག་གླེང་ཁུལ་བྱེད་པ་ནི་ཕངས་སེམས་སྐྱེས་པས་དང་ཕངས་སེམས་དེ་ནི་ཞེན་ཆགས་ཁོ་ན་མིན་པས་སོ།

ལར་ཤེས་རབ་ཀྱིས་རྨང་གཞི་བྱས་ཤིང་བླང་དོར་ལ་འཇུག་སྒོ་ཡངས་པའི་མཚན་ཉིད་རྩོད་སྒྲུབ་ཀྱི་དཔལ་ཡོན་ཞིག་ལ་རིན་ཐང་མེད་ན་དེ་ལས་ལྷག་པའི་རིན་ཐང་ཅན་ཞིག་གང་ནས་འཚོལ་ཨང་།

 

①རྒྱའི་མཚན་ཉིད་སྨྲ་བ་སྐུ་ཞབས་བང་ཏོང་ཡེན王东岳གྱི་འཆད་ཁྲིད་ལས་གསུངས།

②རྗེ་འཇིགས་མེད་གླིང་པའི་གཏམ་ཚོགས་ལས་ལེའུ་བདུན་ཅུ་པ་ཤེས་རབ་ཀྱི་གཏམ།གངས་ཅན་རིག་མཛོད་ལས་དེབ་བཅོ་བརྒྱད་པ།

③རྒྱའི་མཚན་ཉིད་སྨྲ་བ་སྐུ་ཞབས་བང་ཏོང་ཡེན王东岳གྱི་འཆད་ཁྲིད་ལས་གསུངས།

                                2019 1 16ཉིན།