པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།

༡། རེ་རེའི་དོན་དུ་སྲོག་ཀྱང་གཏོང་འོས་པའི།།
ང་ལ་མངོན་འདོད་སྟོང་ཕྲག་དུ་མ་ཡོད།།
དེ་ཚོའི་ནང་ནས་མང་པོ་གྲུབ་མོད་ཀྱང་།།
ད་དུང་འགྲུབ་རྒྱུར་ལུས་པ་དུ་མ་མཆིས།།

༢། མིག་ཆུ་རྫུན་མ་བརྒྱ་ཕྲག་གི།
རྦ་རླབས་རེ་རེའི་དྲྭ་བའི་ནང་།།
ཟེགས་མ་རེ་ཞིང་མུ་ཏིག་གི།
ངོ་བོར་འགྱུར་སྐབས་ཅི་བྱུང་ལྟོས།།

༣། དཀོན་མཆོག་ཁྱོད་ཀྱི་བྱིན་རླབས་དེར།།
ནུས་མཐུ་ཡོད་པ་བདེན་འགྱུར་ན།།
མས་ཇིད་(ཆོས་ཁང་)སྒུལ་ནས་སྟོན་པར་མཛོད།།
དེ་མིན་མཆོད་ཆང་ཧུབ་གང་བཞེས།།

༤། ང་ནི་བརྩེ་བའི་ཆང་གིས་བཟི་སྟེ་དགའ་མ་ཁུ་དྷཱ་(དཀོན་མཆོག)ཉིད་དུ་བསྐྲུན།།
ཁུ་དྷཱ་སྒེར་ལ་བདག་ཏུ་མེད་ཅེས་དགའ་མས་བརྗོད་དུས་རྣམ་རིག་གསལ།།

༥།དབྱུགས་དབྱུང་གཅིག་ལ་ཤུགས་རྐྱེན་མངོན་པར་མི་ཚེ་ཧྲིལ་པོའི་དགོས་མཁོ་ཡོད།།
ཁྱོད་ཀྱི་ལན་བུ་སི་ལུར་བཟོ་བར་སྒུག་པའི་དུས་ཡུན་སུ་ལ་ཡོད།།

༦། ལྷད་མེད་སྙིང་ཁྱོད་ཅི་ཡིས་ཉེས་གྱུར་ཏམ།།
གང་ལྟར་ནད་འདིར་སྨན་ནི་ཅི་ཡོད་དམ།།

༧། རང་གི་འདོད་ལ་ཡོད་པ་བཞིན།།
བརྩེ་བར་སྟངས་འཛིན་བྱེད་མི་ཐུབ།།
མེ་འདི་སྦར་ནས་འབར་མི་ཐུབ།།
བསད་ནས་ཤི་ཡང་མི་ཐུབ་བོ།།

༨། བརྩེ་ལྡན་བཟོད་བསྲན་དང་དུ་ལེན།།
སྲེད་པས་སྙིང་རྗེ་མེད་པར་གཙེས།།
ཁྲག་ཐིག་ཟགས་ཏེ་མ་གས་བར།།
སྙིང་ལ་ཚོན་མདོག་ཅི་བྱུགས་སམ།།

༩། དུས་ཡུན་རིང་པོ་མི་འགོར་བ།།
ལན་ཞིག་འབྱོར་རེ་བདེན་ན་ཡང་།།
ཁྱོད་ཀྱིས་མ་ཤེས་སྔ་རོལ་དུ།།
ང་ནི་ཐལ་བར་འགྱུར་ངེས་ཡིན།།

༡༠། མ་སླེབས་སྔོན་ལ་ངོ་མཚར་ལྟད་མོ་མེད།།
ཁྱོད་ཉིད་སླེབས་པའི་རྗེས་སུའང་ཡོང་དོགས་མེད།།
ལྷ་ཡུལ་འཆི་བའི་རྗེས་སུ་ཡོད་བརྗོད་མཁན།།
གང་ཟག་དེས་ནི་ཕལ་ཆེར་ཁྱོད་མ་མཐོང་།།