དང་པོ། རྒྱ་གར་ནང་བསྟན་ཟེར་བ་གང་ལ་ངོས་འཛིན།

ནང་བསྟན་ནི་རྒྱ་གར་དུ་ཐོག་མར་བྱུང་བ་དང་བར་དུ་དེ་ག་རང་དུ་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་ཡིན་པས། དེར་རྒྱ་གར་གྱི་ནང་བསྟན་ཞེས་འབོད་དགོས་པ་ནི་སྨྲོས་མེད་ཡིན། རྗེས་སུ་ནང་བསྟན་ཉིད་རྒྱལ་གར་ཡུལ་མཚམས་ལས་འདས་ཏེ་རྒྱ་བསྐྱེད་ཅིང་། ཨེ་ཤ་ཡ་གླིང་ཆེན་ཧྲིལ་གྱིས་ཁྱབ་ཡོད། དེ་ལས་ལྷོ་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན། རྒྱ་བརྒྱུད་ནང་བསྟན། ཉི་ཧོང་ནང་བསྟན་སོགས་སུ་འཕེལ། གོང་བཀོད་ནང་བསྟན་འདི་དག་གི་འཕེལ་རྒྱས་ས་གནས་སོ་སོའི་མི་རིགས་དང་ས་ཁུལ་གྱི་གོམས་གཤིས་དང་མཉམ་བསྲེས་བྱུང་ཡོད། དེ་དང་བསྡུར་ན། རྒྱ་གར་ནང་བསྟན་རང་ལ་ནང་བསྟན་གཞན་དག་ལ་མེད་པའི་ཁྱད་ཆོས་ཡོད། དེར་བརྟེན། རྒྱ་གར་ནང་བསྟན་ཟེར་བའི་དགོས་ངེས་ཀྱི་མིང་འདི་བྱུང་། རྒྱ་གར་ནང་བསྟན་ནི་རྒྱ་ནག་དང་ཉི་ཧོང་གི་ནང་བསྟན་དང་བསྡུར་ན། ཁོར་ཡུག་དང་གོམས་གཤིས་མི་གཅིག་པས། སྒོམ་སྒྲུབ་དང་དཀའ་བ་སྤྱོད་ཚུལ་སོགས་ཀྱི་ཐད་དེ་དག་དང་ཁྱད་པར་ཧ་ཅང་ཆེ། དཀའ་བ་སྤྱོད་ཚུལ་མ་གཅིག་པ་དེ་ཉིད་འདུལ་ཁྲིམས་དང་མདོ་སྡེ་སོགས་གཞུང་དོན་ལས་ཀྱང་མངོན་ཡོད། འདི་ཙམ་ལ་བལྟས་པས་ཀྱང་། ལྷོ་བརྒྱུད་ནང་བསྟན(ཤྲིལངྒ་དང། འབར་མ། གསེར་ལྡན་རྒྱལ་ཁབ་ཀྱི་ནང་བསྟན།)གྱི་གནམ་གཤིས་དང་གོམས་གཤིས་ནི་རྒྱ་གར་རང་དང་འདྲ་ཆེ་ཚུལ་ཤེས་ཐུབ། དེ་བས་ན། ལྷོ་བརྒྱུད་ནང་བསྟན་དང་རྒྱ་གར་ནང་བསྟན་གཉིས་འཚོ་བའི་ཆ་ནས་ཤིན་ཏུ་ནས་འདྲ་ས་མང་པོ་མཆིས། མདོར་བསྡུས་ན། ས་གནས་ཀྱི་དབང་དུ་བཏང་ནས་དབྱེ་བ་ཕྱེས་ཚེ། ནང་བསྟན་ཚང་མར་མངའ་བའི་སྤྱི་ཁྱབ་རང་བཞིན་དང་། ས་གནས་སོ་སོའི་ནང་བསྟན་ལ་བདོག་པའི་ཐུན་མིན་གྱི་རང་བཞིན་ལ་གསལ་བཤད་བསྐྱོན་དགོས་པ་ནི་མ་བསྒྲུབ་ཐུ་མེད་ཀྱི་ལས་སུ་སོང་གཤིས། འདིར་སྟབས་བདེའི་ངང་རྒྱ་གར་ནང་བསྟན་དང་རྒྱ་ནག ཡང་ན་ཉི་ཧོང་ནང་བསྟན་གྱི་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་མདོར་བསྡུས་སུ་སྤྲོ་བར་བྱའོ།།

ནང་བསྟན་ནི་སྟོན་པ་ཤྰཀྱ་ཐུབ་པས(ཤྰཀྱམུཎེ། དོན་ཀུན་གྲུབ་པ།)སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར་གསར་དུ་བཏོད་པ་ཞིག་ཡིན། སྟོན་པ་ཤྰཀྱ་ཐུབ་པ་རྒྱ་གར་ནུབ་བྱང་གི་ཉེ་འགྲམ་བལ་བོའི་ཤྰཀྱ་རྒྱལ་ཕྲན་དུ་སྐུ་འཁྲུངས། རབ་ཏུ་བྱུང་རྗེས་རྒྱ་གར་དབུས་མའི་ཆུ་བོ་གྰང་གའི་ལྷོ་འགྲམ་གྱི་མགྷངྷ་རྒྱལ་ཁབ་ཏུ་ཕེབས་ཤིང་། དེ་ནས་དཀའ་བ་སྤྱད། དགུང་ལོ༣༥ལ་སངས་རྒྱས། (བྱང་ཆུབ་ཀྱི་གོ་འཕང་འཐོབ།)ཁོང་གིས་བྱང་ཆུབ་ཀྱི་གོ་འཕང་འདི་ལ་མྱ་ངན་ལས་འདས་པ་ཞེས་བསྔགས། སྡུག་བསྔལ་འགོག་པའི་ལམ་བདེན་རྙེད་ཡོད་པའང་བསྟན་ཡོད། མི་ཚེའི་ནང་སྡུག་བསྔལ་སྣ་ཚོགས་ཤིག་མཆིས་ཀྱང་། འཆི་བའི་སྡུག་བསྔལ་ནི་ཆེས་བཟོད་གླགས་བྲལ་བ་དེ་རང་ཡིན། དེའི་ཕྱིར། མི་ཚེ་སྡུག་བསྔལ་ལས་གྲོལ་བའི་བདེན་པ་རྙེད་པ་མྱ་ངན་ལས་འདའ་བ་ཞེས་པས་མཚོན་པར་བྱེད། འདི་ལས་འདི་འདྲའི་བརྡ་རྟགས་ཤིག་ཀྱང་མངོན་ཡོད་དེ། སངས་རྒྱས་ཀྱི་སྐུ་ལུས་དགུང་ལོ་བརྒྱད་ཅུ་ལ་སླེབས་དུས་ཞིང་གཞན་དུ་གཤེགས་ནའང་། སེམས་དང་གཡུང་དྲུང་མི་འགྱུར་གྱི་ཆོས་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད་པའོ།། གང་ལྟར་ཀྱང་། མི་ཚེའི་སྡུག་བསྔལ་ནི་མིའི་ནར་མའི་འཚོ་བའི་བརྗོད་གཞི་ཡིན་པས། བརྗོད་གཞི་འདི་ལ་ལན་འདེབས་པའི་གོ་རིམ་ཁྲོད། སྡུག་བསྔལ་ལས་ཐར་བའི་ལམ་ནི་ཆེས་ཡོངས་ཁྱབ་རང་བཞིན་ལྡན་པ་དེ་ཡིན་ངེས། དེར་བརྟེན། ནང་བསྟན་ད་ལྟའི་བར་དུ་འཕེལ་ཞིང་དར་ནས་ཡོང་པ་རེད། ཇི་སྟེ་དེ་འདྲ་ཞིག་ཡིན་ནའང་། ནང་བསྟན་རྒྱ་གར་ནས་རྨེག་མེད་དུ་འགྲོ་དོན་ཅི་ཡིན་ནམ།

སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར་རྒྱ་གར་ནས་བྱུང་བའི་ནང་བསྟན་ལ་མཚོན་ན། སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདའ་སྐབས། སྔར་བཞིན་རྒྱ་གར་ཡུལ་དབུས་སུ་དར་བའི་དགེ་འདུན་གྱི་འདུས་སྡེ་ཙམ་ཡིན་མོད། རྗེས་སུ། སངས་རྒྱས་ཀྱི་གཏད་རབས་དང་སློབ་མ་སོགས་ཀྱིས་བརྩོན་པ་བྱས་པ་བརྒྱུད་དེ། ཐོག་མར་རྒྱ་གར་ནུབ་དང་ལྷོ་རུ་སྤེལ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་སྟེ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སྐབས་ལ། མྱ་ངན་མེད་ནང་བར་སྐྱབས་སུ་སོང་བ་དེས། ནང་བསྟན་མགྱོགས་མྱུར་གྱིས་རྒྱ་གར་ཡོངས་སུ་ཁྱབ་པར་བྱས། ཡིན་ནའང་། དགེ་འདུན་གྱི་སྡེ་ཆེ་རུ་བསྐྱེད་པ་དང་། མི་གྲངས་འཕར་སྣོན་བྱུང་བ་དང་བསྟུན། མདོ་ཡི་གོ་བ་བསྐྱོན་ཚུལ་དང་འདུལ་བའི་ཕྱག་ལེན་ལ་ཁྱད་པར་བྱུང་སྟེ། གཅིག་ཤོས་ཀྱིས་འདི་ཉིད་སྟོན་པའི་གསུང་ལུགས་ཡིན་ཚུལ་གསུང་བ་ལ། གཅིག་ཤོས་ཀྱིས་ཁོས་དེ་ཉིད་ཡིན་ཚུལ་བསྒྲགས་ཏེ་ལྟ་ཚུལ་ཁ་གཏད་དུ་ཆགས། དེ་ལྟར། གནའ་རབས་ནང་བསྟན་དུས་ཀྱི་ནང་བའི་དགེ་འདུན་ཕྱོགས་གཉིས་སུ་གྱེས་པ་སྟེ། ཀུན་དགའ་བོས་སྣེ་ཁྲིད་པའི་གཞོན་པ་མང་ཆེ་བ་ཡིན་པའི་ཕལ་ཆེན་པ་དང་འོད་སྲུངས་ཀྱིས་མགོ་ཁྲིད་པའི་གནས་བརྟན་བགྲེས་པོའི་ཕྱོགས་ཡིན་པའི་རྩ་བའི་སྡེ་གཉིས་བྱུང་། དེའི་རྗེས་སུ། རྩ་བའི་སྡེ་གཉིས་ལས་ཡན་ལག་གི་གྱེས་པ་བྱུང་། མཐར་སྡེ་བ་མང་དུ་གྱེས་པར་བརྟེན། གཞི་ནས་ཉན་ཐོས་སྡེ་བའི་དུས་སྐབས་སུ་སླེབས། སྤྱིར་བཏང་གི་བཤད་སྲོལ་ལ། སྡེ་བ་བཅོ་བརྒྱད་དམ་ཉི་ཤུ་བྱུང་རབས་ཡོད་ཀྱང་། རྡོ་བརྐོས་ཡི་གེར་གཞི་བཅོལ་ན། སྡེ་བ་ཉི་ཤུ་ལྷག་གི་མིང་བྱུང་ཡོད་པ་ཤེས་ཐུབ། དེའི་ཁྲོད། གནས་བརྟན་སྡེ་བའི་གནས་བརྟན་པ་དང་། ཀུན་གྱིས་བཀུར་བའི་སྡེ་བ། མདོ་སྡེ་བ། ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་སྡེ་བའི་ཕལ་ཆེན་པ་སོགས་གཙོ་བོར་ཆགས་ཡོད། སྤྱི་ལོ་ཚུགས་ཁ་མའི་དུས་ལ་ཐེག་པ་ཆེན་པོའི་ཆོས་བྱུང་སྐབས། ཐེག་ཆེན་གྱིས“ཐེག་དམན”ཞེས་དེ་དག་ལ་དམད་ཀྱང་། གཙོ་ཆེར་ཁ་གཏད་ས་ཐམས་ཅན་ཡོད་པར་སྨྲ་བ་ཉིད་ཡིན་འདུག ཐམས་ཅད་ཡོད་པར་སྨྲ་བ་ནི་དགེ་འདུན་གྱི་སྡེའི་སྟོབས་ཆེ་བ་ཙམ་མ་ཟད། གཞུང་འགྲེལ་བསྟན་བཅོས་ཡང་ཕོན་ཆེ་བ་ཡོད་པས། ཐེག་པ་ཆེན་པོའི་ཆོས་དང་མཉམ་གཤིབ་ཀྱིས་བགྲོད་ཐུབ་མཁན་ཡིན་འདུག

དེ་ཡང་མདོར་དྲིལ་ན། ནང་བསྟན་སྡེ་བ་མང་པོར་གྱེས་པ་དང་། མ་ཟད། སྡེ་བ་རེ་རེ་ཚང་མ་ནང་བསྟན་དུ་ཁས་ལེན་པ་དེ་ནི་ནང་བསྟན་གྱིས་མི་སོ་སོའི་རང་དབང་གི་རྣམ་རྟོག་དང་ཤེས་རྟོགས་ལ་དོ་ཁུར་བླ་ལྷག་བྱས་པ་དེས་སོ།། ཡང་གཅིག་བཤད་ན། ནང་བསྟན་ནི་རང་རྟོགས་ཀྱི་ཆོས་ལུགས་ཤིག་གོ། 《འཇམ་དཔལ་དབྱངས་ཀྱིས་ཞུས་པའི་མདོ།》ལས། སྡེ་བ་ཉི་ཤུས་སངས་རྒྱས་ཀྱི་དགོངས་པ་བཀྲལ་བ་ལ། ལྟ་བའི་གནད་ཁ་ཤས་མ་མཐུན་རུང་། དེ་ཚང་མ་སངས་རྒྱས་ཀྱི་བཀའ་ལུང་དངོས་གནས་བར་ཁས་ལེན་ནོ།། ཞེས་སྡེ་བ་གྱེས་ཚུལ་གསུངས་ཡོད་ལ། ཡང་། 《ལྷོ་ཡི་རྒྱ་མཚོ་ནས་ཕྱིར་ལོག་ནང་ཆོས་བཤད་སྲོལ།》 དུ། གསེར་གྱི་འཁར་བ་དུམ་བུ་བཅོ་བརྒྱད་དུ་གས་པའི་རྟོགས་བརྗོད་ལམ་ནས། སྡེ་བ་བཅོ་བརྒྱད་དུ་གྱེས་ནའང་། ནང་བསྟན་གྱི་རྩ་བའི་ངོ་བོ་འགྱུར་མེད་པ་གསུངས་ཡོད། ནང་བསྟན་གྱི་སྡེ་བ་དག་གིས་སྡེ་བ་ཐ་དད་པ་སོ་སོ་ནང་བསྟན་ཡིན་པར་ཁས་ལེན་པ་དེས་ནང་བསྟན་ནི་རྨོངས་ཚོད་ཀྱིས་བྱུང་བ་ཞིག་མིན་པ་གསལ་བཤད་བྱས་ཡོད། འདི་ནི་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་ཡིན་མོད། ཏག་ཏག་ལྟ་ཚུལ་མི་མཐུན་པ་བྱུང་བ་དེ། ནང་བསྟན་ཉམས་དམས་སུ་འགྲོ་བའི་རྒྱུ་རྐྱེན་གྲས་སུ་ཡང་གཏོགས། སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཡས་མས་སུ། དུས་རབས་དང་མཐུན་པའི་ཐེག་པ་ཆེན་པོ་བྱུང་ཞིང་འཕེལ། ཡིན་ནའང་། ཐེག་ཆེན་གྱི་ཁྲོད་དུ་གདོད་མའི་ནང་བསྟན་གྱི་ཁྲོད་མེད་པའི་ལྟ་ཚུལ་གསར་བ་ཁ་ཤས་ཐོན་ཡོད། འོན་ཏེ་སངས་རྒྱས་ཀྱི་དགོངས་པ་འདོར་མེད་ཡལ་མེད་ཡིན། ལྟ་ཚུལ་མི་འདྲ་བར་གཞི་བཅོལ་ནས་བལྟས་ཚེ། ཐེག་པ་ཆེན་པོས་དུས་རབས་དང་མཐུན་ཕྱིར། སངས་རྒྱས་ཀྱི་དགོངས་པ་སྔར་ལས་ལྷག་པའི་སྒོ་ནས་སྤྱོད་མཁས་པོ་བྱུང་ཡོད། ཡིན་ནའང་། གལ་ཏེ་ལྟ་ཚུལ་གསར་བ་འབའ་ཞིག་ལ་མགོ་འཁོར་ཚེ། དུས་རབས་ལ་ཡང་བསྐྱར་འགྱུར་ལྡོག་བྱུང་དུས། ནང་བསྟན་གྱི་བསམ་བློ་ལ་ཆག་ཆེ་ཉམ་ང་དང་གྲྭ་ཟད་གྲུ་ཉམས་ཀྱི་གནས་སུ་ལྷུང་བའི་ཉེན་ཁ་རབ་ཏུ་ཆེ་བ་མ་ཡིན་ནམ།

ཐེག་པ་ཆེན་པོའི་ཆོས་ཀྱི་ཁྲོད། ཆེས་ཐོག་མར་སྔགས་ཀྱི་གྲུབ་ཆས་ཕོན་ཆེན་པོ་བཟུང་ཡོད་ལ། འདི་ནི་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་དང་བསྟུན་ཆེད་ཡིན་པས། ནང་དོན་འདི་འདྲ་མི་འགོད་ཐུ་མེད་ཡིན་ངེས། 《ཤེར་ཕྱིན་གྱི་མདོ།》ལས་སྔགས་ཉིད་གཙིགས་སུ་འཛིན་པར་བྱས་ཡོད་པས། 《ཤེར་ཕྱིན་གྱི་མདོ།》ས་གདོན་བགེགས་བར་ཆད་མ་ལུས་སེལ་ཐུབ་པར་སྨྲ། 《ཤེར་ཕྱིན་གྱི་མདོ།》རུ་དེར་རིག་པ་ཆེན་པོའི་སྔགས་དང་། ལྷ་ཆེན་པོའི་སྔགས་ཞེས་སུ་བརྗོད། 《དམ་ཆོས་པདྨ་དཀར་པོའི་མདོ།》ལས་ཀྱང་འཕགས་པ་སྤྱན་རས་གཟིགས་ལ་དད་པ་བྱས་ན་གདོན་བགེགས་བར་ཆད་མ་ལུས་སེལ་ཐུབ་པར་བསྒྲགས། དེ་དང་འབྲེལ་ཏེ། ཐེག་པ་ཆེན་པོའི་གཞུང་མང་པོའི་ནང་ངྷ་ར་ཎི་དད་མོས་ཆེ་རུ་འཕེལ་ཡོད། སྔགས་ཀྱི་གྲུབ་ཆ་འདི་དག་གིས་རིམ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་ཁྲོད་གྲུབ་ཆ་གལ་ཆེན་ཟིན་པར་གྱུར། དེ་ལྟར་དུས་རབས་དྲུག་པ་ཡས་མས་ཙམ་ནས་བཟུང་། ཐེག་པ་ཆེན་པོའི་ཆོས་ཡུན་གྱིས་རྒྱས་པར་གྱུར། གསང་སྔགས་ནི་ནང་བསྟན་གྱི་གྲུབ་ཆ་ཡིན་མོད། ཕྱི་ཚུལ་གྱི་ཆོ་ག་སོགས་ཧིན་རྡུའི་ཆོས་ལུགས་དང་དབྱེར་མེད་དུ་མཆིས། དེའི་ཕྱིར། གལ་ཏེ་བསམ་བློའི་སྲོག་ཤིང་བོར་ཚེ། གསང་སྔགས་ཧིན་རྡུའི་ཆོས་ལུགས་ཁྲོད་འཐིམ་འགྲོ་བ་ནི་བཤད་མ་དགོས་པ་ཞིག་རེད། ཧིན་རྡུའི་ཆོས་ལུགས་དང་གསང་སྔགས་གཉིས་ཀ་རྒྱ་གར་གྱི་ཡུལ་ཆོས་ཡིན་པའི་རྒྱུ་མཚན་གྱིས། དེ་གཉིས་ཀ་རྒྱ་གར་རང་དུ་ཕན་ཚུན་འདྲེས་སླ་བོ་ཆགས་ཡོད་པ་རེད། དེ་དང་བསྡུར་ན། རྒྱ་ནག་དང་། ཉི་ཧོང་། ལྷོ་བརྒྱུད་ཀྱི་ནང་བསྟན་ནི་རྒྱ་གར་ནང་བསྟན་ས་གཞན་དུ་སྤོས་པའི་ནང་བསྟན་ཡིན་པ་དང་། དེའི་ཁྲོད་ཀྱི་རྒྱ་གར་གྱི་ཡུལ་ཆོས་སམ་ནང་བསྟན་གྱི་ངོ་བོ་དག་ས་གནས་དེ་དག་གི་ཡུལ་ཆོས་དང་འདྲེས་རྒྱུ་ཅུང་ཁག་པོར་སྣང་བས། ཕྱིས་འབྱུང་ནི་ནང་བསྟན་རང་སྟེང་གི་ཁྱད་ཆོས་རྒྱུན་བསྲིངས་ཀྱིས་མུ་མཐུད་ཉར་ཚགས་ཐུབ་པ་བྱུང་ཡོད། གནད་འདི་རྒྱ་ནག་དང་ཉི་ཧོང་གི་གསང་སྔགས་རྒྱ་གར་གྱི་གསང་སྔགས་དང་བསྡུར་བས་རྟོགས་ཐུབ་པ་ཞིག་རེད། རྒྱ་ནག་དང་ཉི་ཧོང་གི་གསང་སྔགས་ཁྲོད། ཧིན་རྡུ་ཆོས་ལུགས་ཀྱི་ཕྱིའི་ཆོ་ག་ཕུད། ནང་བསྟན་གྱི་སྟོང་ཉིད་བསམ་བློ་སྲོག་ཤིང་དུ་གྱུར་ཡོད། དེའི་ཕྱིར། གསང་སྔགས་ཀྱིས་ནང་བསྟན་གྱི་རང་བཞིན་ཡལ་དུ་བཅུག་མེད། ཡིན་ནའང་། རྒྱ་གར་དུ་ནང་བསྟན་ཟམ་མ་ཆད་པར་གསང་སྔགས་ཅན་དུ་གྱུར་བས། རིམ་བཞིན་ཧིན་རྡུའི་ཆོས་ཀྱི་ངོ་བོར་གྱུར། དེ་ལྟར། མཐར་གསང་སྔགས་ཀྱིས་རང་ཉིད་ནང་བསྟན་ཡིན་པའི་རྟགས་མཚན་བོར་བར་གྱུར།

ཐོག་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ། 《ཤེར་ཕྱིན་གྱི་མདོ།》དང་། 《དམ་ཆོས་པདྨ་དཀར་པོའི་མདོ།》 《ཕལ་བོ་ཆེའི་མདོ།》ཕུད། སྟོན་པ་སངས་རྒྱས་ལ་དད་མོས་བྱེད་པ་སོགས་ཀྱིས་ཀྱང་ཟིན་ཡོད་པས། ཕུན་སུམ་ཚོགས་པའི་ཆོས་ལུགས་ཤིག་ཏུ་སྣང་ཡོད། དེའི་རྗེས་སུ། ཧ་ལམ་དུས་རབས་གཉིས་པ་ཙམ་ནས་བཟུང་། མདོ་དེ་དག་གཞུང་ལུགས་ཅན་དུ་འགྱུར་མགོ་ཚུགས་པ་དང་། དེ་དག་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྨྲ་བའི་དབུ་མ་བའི་གྲུབ་མཐའ་འབྱུང་བའི་ཞབས་སྟེགས་སུ་གྱུར། ཡིན་ནའང་། གྲུབ་མཐའ་འདི་ཉིད་འབྱུང་མགོ་ཚུགས་པ་ནས་དུས་ཡུན་གང་འཚམ་ནང་། དེ་དང་ཁ་གཏད་དུ་ལངས་པའི་གྲུབ་མཐའ་གཉིས་པ་ཞིག་མེདཔས། དབུ་མ་བ་ཞེས་ཆེད་དམིགས་ཀྱིས་མིང་བཏགས་ཀྱང་མཛད་མེད། དབུ་མ་བ་ཞེས་པ་དེ་ནི་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་བྱུང་རྗེས་ད་གཟོད་བྱུང་བ་ཞིག་ཡིན་པར་མངོན། རྣལ་འབྱོར་སྤྱོད་པ་བ་ནི་དབུ་མ་བ་བྱུང་རྗེས་ལོ་བརྒྱ་སྐོར་གྱི་རྗེས་བྱུང་བ་ཞིག་རེད། ཆོས་ཐམས་ཅན་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བའི་བསམ་བློའི་རྨང་གཞིའི་སྟེང་བྱུང་བ་ཞིག་གོ། དེ་ཡི་རྗེས་སུ། ལོ་བརྒྱ་སྐོར་དུ་མའི་རིང་། གྲུབ་མཐའ་འདི་གཉིས་ཁ་གཏད་ཀྱི་རྣམ་པར་ཆགས། འོན་ཏེ་ཤེས་དགོས་པ་ནི། རྣལ་འབྱོར་སྤྱོད་པ་བ་མ་བྱུང་བའི་ཡར་སྔོན་ནས་བཟུང་། རྣམ་རིག་པའི་བསམ་བློ་དང་། གཞི་བདེ་གཤེགས་སྙིང་བོའི་བསམ་བློའི་བསྟན་བཅོས། 《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ།》དང་། 《གཞི་བདེ་གཤེགས་སྙིང་བོའི་མདོ།》 《དཔལ་ཕྲེང་སེང་གེའི་ང་རོའི་མདོ། 》 《མྱ་ངན་ལས་འདས་པའི་མདོ། 》སོགས་ཕྱོགས་མཐར་ཁྱབ་ཡོད་པར་བཤད། དབུ་མ་བ་དང་། རྣལ་འབྱོར་སྤྱོད་པ་བ་གཉིས་ཀྱིས་ཕན་ཚུན་ལ་ཤན་ཡང་ངེས་ཅན་ཐེབས་ཡོད་ལ། དུས་དང་བསྟུན་ཏེ་ཕན་ཚུན་མཉམ་བསྲེས་བྱུང་བ་དང་། དེ་ཡི་བརྒྱུད་རིམ་ཁྲོད། གཉིས་ཀ་གསང་སྔགས་ཅན་དུ་གྱུར། གཞན་ཡང་། ཐེག་པ་ཆེན་པོའི་ཆོས་བྱུང་རྗེས། ཉན་ཐོས་སྡེ་བའི་ཆོས་ཀྱང་ཤིན་ཏུ་དར་འཕེལ་འགྲོ་བཞིན་ཡོད། འདི་དུས་རབས་ལྔ་བའི་མགོར་རྒྱ་གར་དུ་ཕྱིན་པའི་བན་ཆེན་པོ་ཆོས་སྣང་གི་《ཆོས་ལྡན་ཞིང་གི་བཀོད་པ།》དང་། དུས་རབས་བདུན་པའི་སྟོད་ལ་རྒྱ་གར་འགྲིམས་པའི་སྡེ་སྣོད་གསུམ་པ་ཞོན་ཙང་གི 《ནུབ་ཡུལ་འགྲིམས་པའི་ཟིན་ཐོ། 》 དེའི་རྗེས་སུ་བྱུང་བའི་བཙུན་པ་དོན་དག་པའི་《ལྷོ་ཡི་རྒྱ་མཚོ་ནས་ཕྱིར་ལོག་ནང་ཆོས་བཤད་སྲོལ།》སོགས་སུ་བཀོད་ཡོད་པས་ཤེས་ཐུབ། ལྷག་པར་དུ། དུས་རབས་གང་འདྲ་ཞིག་ཡིན་ཀྱང་། ཉན་ཐོས་སྡེ་བའི་ཆོས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལས་ཀྱང་གོ་གནས་ངེས་ཅན་ཟིན་ཡོད་དེ། བཙུན་པ་དོན་དག་པ(635-713)རྒྱ་གར་དུ་བཞུགས་སྐབས། ཐེག་པ་ཆེན་པོའི་ཆོས་དང་ཐེག་དམན་གཉིས་ཀྱི་བཅས་མཚམས་དར་སྐུད་ལས་ཀྱང་ཉག་ཕྲ་བར་གྱུར་ཏེ། ཕན་ཚུན་དབྱེ་འབྱེད་མི་ཐུབ་པ་བྱུང་འདུག དུས་འདི་ནས་ཚུགས། གསང་སྔགས་མགྱོགས་མྱུར་ངང་གོང་དུ་འཕེལ། མདོར་ན། ཐེག་ཆེན་ཐེག་དམན་གཉིས་ཀ་གསང་སྔགས་ཐེག་ཆེན་དུ་གྱུར་བ་དང་། དེའི་རྗེས་ཧིན་རྡུ་ཆོས་ལུགས་འཕེལ་རྒྱས་བྱུང་། མི་ཟི་ལམ་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་པས། ནང་བསྟན་གྱི་མ་གཞིའི་སྟོབས་ཤུགས་ཡོངས་སུ་ཉམས་པར་གྱུར། དུས་རབས་བཅུ་གཉིས་པར་སླེབས་དུས། བིཀྲམིལཤྲལ་ལྷ་ཁང་ཞུགས་ལ་སྦྱང་རྗེས། ནང་བསྟན་གཞི་གནས་རྒྱ་གར་རང་དུ་ཤུལ་མེད་དུ་གྱུར། ཡིན་ནའང་། ནང་བསྟན་ཡོངས་སུ་ཉམས་པ་མ་ཡིན་ཏེ། དེའི་རྗེས་བྷང་ག་ལ་སོགས་ས་ཁུལ་དུ་གནས་ཐུབ་པ་བྱུང་བ་ཡོད་ཅིང་། ད་ལྟའི་བྷང་ག་ལ་ཤར་མའི་ས་ཁུལ་དུ་གདོད་མའི་སྐབས་ནས་དར་ཡོང་བའི་ནང་བསྟན་པ་ཉུང་ཤས་ཤིག་ལུས་ཡོད།

མདོར་ན། མི་སི་ལམ་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས། ཧིན་རྡུ་ཆོས་ལུགས་ཀྱིས་སྔར་མུས་བཞིན་གོ་གནས་ཆེན་པོ་བཟུང་ཡོད། འོན་ཏེ། གཅེར་བུ་བའི་དད་འབངས་ཧ་ཅང་ཉུང་ནའང་། རྒྱ་གར་ནས་གཏན་དུ་ནུབ་པ་མ་བྱུང་། ལྟོས་བཅས་ཀྱིས། དུས་སྐབས་གང་འཚམ་ནང“རྒྱ་གར་ནང་བསྟན།”ཞེས་རྒྱ་གར་གྱི་ཡུལ་ཁམས་ཡོངས་སུ་ཁྱབ་མྱོང་བ་དེ། ཆག་འཇིག་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ།

གོང་དུ་སྨྲས་པ་བཞིན། ནང་བསྟན་གྱི་གཞུང་མང་པོ་རིམ་བཞིན་སྟོབས་ཆེ་རུ་བསྐྱེད་པའི་རྒྱུ་རྐྱེན་ནི་ནང་བསྟན་གྱིས་མ་གཞི་ནས་ཡོད་པའི་སྡེ་སྣོད་དག་ཕུད། དེ་ལས་གཞན་པའི་ལྟ་གྲུབ་སྣ་ཚོགས་ཟུར་དུ་མ་འཕངས་པས་ཡིན་སྲིད། འདི་ནི་ཡང་དག་པ་མ་ཡིན་པ་དེ་འདྲ་གཞར་ཡང་མ་ཡིན། མི་རེ་རེའི་ནུས་པ་མི་གཅིག་པ་དང་། དུས་རབས་ཡང་མི་འདྲ་བ། དུས་དང་བསྟུན་པའི་དགོངས་པ་བཞེས་ཚུལ་མི་འདྲ་བ་འབྱུང་ངེས་བ་རེད། ཟུར་ཆུང་ངུ་འདི་ལས་མཐོང་ཐུབ་པ་ནི། སྟོན་པའི་འགན་བབས་ལ་བབས་པའི་སྡེ་སྣོད་ཀྱི་བཀའ་ལུང་དག་དུས་སྐབས་ངེས་ཅན་ཞིག་ལ་ཐོན་ན་འཇིག་ངེས་པ་སྟེ། འདི་འདྲའི་དུས་ཀྱི་ཆོས་ཉིད་ནི་བཟློག་ནུས་པ་ཞིག་མ་ཡིན་ནོ།། ནང་བའི་དགེ་འདུན་གྱི་ཁྲོད་དུ། གནའ་ནས་བཟུང་བསྟན་པ་བསྣུབ་པའི་སྐབས་བྱུང་མྱོང་བ་དང་། ཡང་ན། བསྟན་པའི་གནས་ཚད་ཀྱི་དགོངས་ཚུལ་ཡང་ཡོད་པས། དེ་དག་གིས་གནས་ཚུལ་འདི་འདྲ་སྟོན་གྱིན་པ་མ་ཡིན་ནམ།

ཇི་སྟེ་དེ་འདྲ་ཡིན་ནའང་། ནང་བསྟན་ཁོ་ནར་མནན་བཅག་གི་བཀའ་ལུང་དང་སྡེ་སྣོད་མེད་པ་མ་ཡིན་ཏེ། ཧིན་རྡུ་ཆོས་ལུགས་ཀྱང་དེ་བཞིན་ཡིན། ཧིན་རྡུའི་ཆོས་ལུགས་ཀྱི《དཔལ་ལེགས་ལྡན་ནག་པོའི་གླུ།》 ལ་ཧ་ཅང་རང་དབང་གིས་འགྲེལ་བ་བསྐྱོན་ཡོད། ཧིན་རྡུ་ཆོས་ལུགས་ལ་གནད་དུ་ཐིངས་པའི་བཀའ་ལུང་མེད་པས། ནང་བསྟན་རྒྱ་གར་དུ་ནུབ་པའི་རྒྱུ་རྐྱེན་འདི་ལ་རག་ལས་ཀྱང་སྲིད་མོད། དེའི་ཁྲོད་ཆེས་ཆེ་བའི་རྒྱུ་རྐྱེན་གལ་ཆེན་གཅིག་ནི་ནང་བས(ཚངས་པའམ་བདག)འགོག་པ་དེ་ཡིན་ལ། ནང་བསྟན་གྱིས་ཐོག་མའི་དུས་ནས(བདག་མེད)ལྟ་བ་བཏོན་ཏེ། རྒྱ་གར་གྱི་སྲོལ་རྒྱན་ཆོས་ལུགས་ཀྱི་ཚངས་བདག་གི་ལྟ་ཚུལ་གྱི་ཁ་གཏད་དུ་ལངས་ཡོད། ཚངས་བདག་དང་འཁོར་བའི་ལྟ་ཚུལ་དམ་དུ་འབྲེལ་ཡོད། ཡང་གཅིག་བཤད་ན། འཁོར་བའི་ལྟ་ཚུལ་ནི་རྒྱ་གར་གྱི་མིའི་རྒྱུད་ལ་སྔོན་གོམས་སུ་སོང་ཟིན་པའི་རིག་གནས་ལྟ་གྲུབ་ཅིག་ཡིན་པས། ནང་བས་རྒྱ་གར་དུ་འཁོར་བའི་ལྟ་གྲུབ་དང་ལེན་བགྱིས་ཏེ། འཁོར་བའི་རྣམ་གཞག་ཚགས་དམ་པོ་བྱུང་བར་བྱས་ཡོད། ཡིན་ནའང་། སྟོན་པས་སྲོལ་ཕྱེ་བའི་ནང་བསྟན་གྱིས་འཁོར་བའི་ལྟ་གྲུབ་ཁས་མི་ལེན་པ་མིན་ལ། ཁ་གཏད་དུ་ལངས་པ་ཡང་མིན། སྡུག་བསྔལ་ལས་ཐར་བ་ཞེས་པས་ནི། གསོན་པ་ནི་འཁོར་བ་ཡིན་ཚེ། དེ་ལས་ཐར་བར་བྱེད་དགོས་པ་མཚོན་ཡོད། དེའི་ཕྱིར་ནང་བསྟན་གྱིས་འཁོར་བ་འགོག་དགོས་པའི་དགོས་པ་ཡོད་པ་མ་རེད། དེ་ལྟར། འཁོར་བའི་ལྟ་གྲུབ་ནང་བསྟན་གྱི་ཁྲོད་དུ་འཕེལ་བ་རེད། ཡིན་ནའང་། སངས་རྒྱས་ཀྱི་དགོངས་པའི་དམིགས་ཡུལ་ནི་འཁོར་བ་ལས་ཐར་དགོས་པ་དེ་རེད་དོ།།

གཞན་དུ། གལ་ཏེ་འཁོར་བའི་ལྟ་གྲུབ་ཁས་བླངས་ཚེ། ངེས་པར་དུ་འཁོར་བ་འཁོར་བྱེད་ཀྱི་རྩ་བ་ཞིག་དགོས་སོང་བ་རེད། དེར་དམིགས་ནས་ནང་བས་ཕྱོགས་གཅིག་ནས་བདག་མེད་བཤད་ཅིང་། ཕྱོགས་གཅིག་ནས་འཁོར་བའི་རྩ་བ་དང་ཚངས་བདག་ནི་རྣམ་པ་མི་གཅིག་པ་ཡིན་པ་ཁས་བླངས་ཡོད། རྣམ་རིག་པའི་ཀུན་གཞིའི་རྣམ་ཤེས་དང་། གཞི་བདེ་གཤེགས་སྙིང་བོའི་བསམ་བློ། ཁམས་སམ་རིགས་སོགས་ནི་དོན་གྱི་ཆ་ནས་ཚངས་བདག་དང་འདྲ་བོ་ཆགས་པའི་ལྟ་གྲུབ་ཡིན་པ་རེད། ཡང་། ཉན་ཐོས་སྡེ་བའི་ཁྲོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བས་མཐའ་གཅིག་ཏུ་བདག་མེད་འདོད་པས། རིམ་བཞིན་ཉམས་དམས་སུ་ཕྱིན་ཅིང་། བདག་གམ་གང་ཟག་གི་བདག་འདོད་པའི་ཀུན་གྱིས་བཀུར་བའི་སྡེ་བའི་སྟོབས་ཕྱིས་སུ་རིམ་བཞིན་ཆེ་རུ་ཕྱིན། འདི་དག་བཙུན་པ་དོན་དག་པ་དང་ཞོན་ཙང་གི་ལམ་ཡིག་ལས་ཤེས་ཐུབ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་བསྡུར་ན། སྐབས་དེ་དུས་ཆེས་དར་ཆེ་བ་ནི་མང་བཀུར་སྡེ་ལྔ་ཡིན་འདུག ནང་བསྟན་ཐོག་མར་དར་སྒང་དུ་བདག་མེད་དམ་སྟོང་བའི་ལྟ་གྲུབ་ཤུགས་ཆེན་པོས་སྒྲོག་སྤེལ་བྱེད་མོད། དུས་དང་བསྟུན་ཏེ་རིམ་བཞིན། སྡེ་སྣོད་དག་ལས་ཚངས་བདག་གི་ལྟ་བ་དང་གཞི་གཅིག་ཏུ་འདྲེས་ཏེ། ཕྱིས་ནང་བ་རྒྱ་གར་དུ་ཉམས་དམས་སུ་ཕྱིན་པ་རེད། ནང་བསྟན་ནི་ཐོག་མ་ནས་ཚངས་བདག་སྨྲ་བ་མིན་པས། འདི་ནི་ནང་བསྟན་འཇིག་པའི་རྒྱུ་རྐྱེན་གལ་ཆེན་གཅིག་ཡིན། དེ་དང་མཉམ་དུ། རྒྱ་གར་ནང་བསྟན་ནི་འཁོར་བའི་ལྟ་གྲུབ་དང་མཉམ་འདྲེས་ཀྱི་ཆོས་ལུགས་ཤིག་ཡིན་པ་ནི་རྒྱ་གར་ནང་བསྟན་གྱི་ཁྱད་ཆོས་ཡིན། རྒྱ་ནག་དང་ཉི་ཧོང་གི་ནང་བསྟན་ནི་རྒྱ་གར་ནང་བསྟན་ས་གཞན་དུ་སྤར་བ་ཡིན་ལ། དེར་ཕྱིའི་རྣམ་པའི་ཆ་ནས་འཁོར་བའི་ལྟ་གྲུབ་དང་ལེན་བྱས་པའི་ཚུལ་བབས་བཟུང་ཡོད་ཀྱང་། རང་བཞིན་གྱི་ངོས་ནས་འཁོར་བའི་ལྟ་གྲུབ་སྲོག་ཤིང་ཡིན་པའི་ནང་བསྟན་མ་ཡིན་ཏེ། དེ་ནི་རྒྱ་ནག་དང་ཉི་ཧོང་གི་མིས་གདོད་མ་ནས་རྣམ་ཤེས་ནི་འཁོར་བ་འཁོར་ཚུལ་གྱི་ལྟ་གྲུབ་ལས་བྱུང་བར་མི་འདོད་པས་ཡིན། གནད་འདི་ཧ་ཅང་ཞིབ་ཆ་དོད་པའི་སྒོ་ནས་བཤད་དགོས་པ་ནི་སྨྲས་མ་དགོས་མོད། བརྗོད་དོན་དང་རིང་དྲགས་པས་ཡིག་ཚོགས་ལ་འཇིགས་པས་འདི་བསྐྱུངས་པ་ཡིན། མདོར་ན་གནད་གཉིས་སུ་སྟེ། ནང་བའི་དམིགས་ཡུལ་ནི་སྡུག་བསྔལ་ལས་ཐར་དགོས་པ་དེ་དང་། རྒྱ་གར་ནང་བསྟན་ནི་འཁོར་བའི་རྣམ་གཞག་གི་ནང་བསྟན་ཡིན་ནོ།།

གཉིས་པ། རྒྱ་གར་ནང་བསྟན་ལོ་རྒྱུས་ཀྱི་དུས་རིམ་དབྱེ་སྟངས།

དེབ་འདི་རུ། གདོད་མའི་ནང་བསྟན་དང་། ཉན་ཐོས་སྡེ་བའི་དུས་ཀྱི་ནང་བསྟན། སྔ་མའི་དུས་ཀྱི་ཐེག་པ་ཆེན་པོ། ཕྱི་མའི་དུས་ཀྱི་ཐེག་པ་ཆེན་པོ། གསང་སྔགས་བཅས་ས་བཅད་ལྔ་བཀོལ་ནས་རྒྱ་གར་ནང་བསྟན་ལོ་རྒྱུས་བཤད་ཡོད། དེ་ཡང་ཕྱེད་སྔ་མར་གདོད་མའི་དུས་ཀྱི་ནང་བསྟན་དང་། ཉན་ཐོས་སྡེ་བའི་དུས་ཀྱི་ནང་བསྟན། སྔ་མའི་དུས་ཀྱི་ཐེག་ཆེན་བཅས་པོད་དང་པོ་རུ་བདམས་ཡོད། (གསལ་བཤད། ཉི་ཧོང་པར་མ་སྟོད་སྨད་གཉིས་སུ་ཕྱེས་ནས་དཔར་ཡོད།)ཕྱི་མའི་དུས་ཀྱི་ཐེག་པ་ཆེན་པོ་དང་། གསང་སྔགས་པོད་གཉིས་པར་བསྡུས་ཡོད། ས་བཅད་དང་པོའི་གདོད་མའི་དུས་ཀྱི་ནང་བསྟན་དུ། སངས་རྒྱས་ཀྱི་དགོངས་པ་དང་། མཛད་རྣམ། དགེ་འདུན་གྱི་སྡེ་ཚུགས་པ་སོགས་གདོད་མའི་དུས་ཀྱི་ནང་བསྟན་ཧ་ཅང་ཞིབ་རྒྱས་ངང་བྲིས་ཡོད། སྟོན་པ་མྱ་ངན་ལས་འདས་རྗེས། ནང་བའི་དགེ་འདུན་གྱི་སྡེ་རིམ་བཞིན་དར་འཕེལ་བྱུང་ཡོད་ཅིང་། དེར་རྒྱུ་ཆས་ཤིན་ཏུ་སྟོངས་མོད། དཔྱད་ཡིག་རེ་འགར་བརྟེན་ནས་མྱ་ངན་མེད་བྱུང་བའི་བར་གྱི་ནང་བའི་དགེ་འདུན་གྱི་སྡེའི་དར་འཕེལ་བྲིས་ཏེ། མྱ་ངན་མེད་དུས་ཀྱི་ནང་བསྟན་གྱི་སྐོར་གྱིས་ས་བཅད་དང་པོ་མཇུག་སྒྲིལ་བར་བྱས་ཡོད། སྤྱིར་བཏང་ནང་དོན་གྱི་ཆ་ནས་བལྟས་ན། མྱ་ངན་མེད་དུས་ཀྱི་ནང་བསྟན་ནི་ཉན་ཐོས་སྡེ་བའི་དུས་ཀྱི་ནང་བསྟན་དུ་མི་གཏོགས་པར། གདོད་མའི་དུས་ཀྱི་ནང་བསྟན་དང་རང་བཞིན་གཅིག་ཏུ་ཟད་རྐྱེན། ས་བཅད་དང་པོར་བསྡུས་ཡོད།

གདོད་མའི་དུས་ཀྱི་ནང་བསྟན་སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་ལོ་བརྒྱ་སྐོར་འགའི་རྗེས་སུ་གནས་བརྟན་པ་དང་ཕལ་ཆེན་པ་གཉིས་སུ་གྱེས། ཕྱིས་སུ་དེ་གཉིས་ལས་ཡན་ལག་གི་སྡེ་བའི་གྱེས་པ་བྱུང་སྟེ། ཉན་ཐོས་སྡེ་བའི་དུས་རབས་སུ་སླེབས། ཉན་ཐོས་སྡེ་བའི་ཆོས་ལ་མངོན་པའི་ཆོས་ཟེར། གདོད་མའི་ནང་བསྟན་དང་མི་མཐུན་པའི་ཆ་ཤས་བྱུང་ཡོད་པས། གདོད་མའི་ནང་བསྟན་དང་ཉན་ཐོས་སྡེ་བའི་ནང་བསྟན་ཞེས་དབྱེ་བ་ཕྱེ་དགོས་བྱུང་ཡོད། ཉན་ཐོས་སྡེ་བའི་ནང་བསྟན་ལོ་ངོ་སྟོང་གི་རིང་ལ་རྒྱུན་བསྲིངས་ཏེ་གནས་ཡོད་ནའང་། རང་བཙན་པའི་སྡེ་སྣོད་དག་ཐོག་མའི་ལོ་ངོ་སུམ་བརྒྱའི་རིང་ལ་འགྲུབ་ཡོད་དེ། གསལ་བོར་བཤད་ན། སྤྱི་ལོ་ཚུགས་ནས་ལོ་སུམ་བརྒྱའི་ནང་ཡིན། ཉན་ཐོས་སྡེ་བའི་ནང་བསྟན་སྡེ་བ་བཅོ་བརྒྱད་དམ་ཉི་ཤུ་རུ་གྱེས་ཚུལ་ཡོད་མོད། དོན་གྱིས་དེ་ལས་ཀྱང་མང་པོ་རུ་གྱེས་ཡོད་པར་མངོན། ཉན་ཐོས་སྡེ་བ་འདི་དག་བྱུང་བའི་དུས་ཚོད་དང་མི་འདྲ་བས། ང་ཚོས་ཉན་ཐོས་སྡེ་བའི་ནང་བསྟན་ལ་རྒྱུས་ལོན་ཏོག་ཙམ་མ་གཏོགས་བྱེད་ཐུབ་མི་འདུག དེ་དག་ལ་ཐམས་ཅད་ཡོད་པར་སྨྲ་དང་ཤྲིལངྒའི་གནས་བརྟན་པ་མ་གཏོགས། ཉན་ཐོས་སྡེ་བ་གཞན་དག་ཆ་ཤས་ལས་ཀྱང་ཡང་ཤས་ཙམ་དུ་ཟད། ཡིན་ནའང་། སྤྱི་ལོ་ཚུགས་རྗེས་ཀྱི་མདོ་སྡེ་བ་དང་ཀུན་གྱིས་བཀུར་བའི་སྡེ་བར་སྔར་མེད་པའི་སྡེ་སྣོད་མང་པོ་བྱུང་བར་ངེས་མོད། ང་ཚོས་དེ་དག་ཞིབ་གསལ་གཏིང་མཐའ་ཆོད་པ་ཞིག་ཤེས་ཐབས་བྲལ། གང་ལྟར་ཀྱང་། ཉན་ཐོས་སྡེ་བ་ལོ་ངོ་སྟོང་གི་ཡུན་ལ་རྒྱུན་བསྲིངས་བྱུང་ཡོད། སྤྱི་ལོ༦༧༡ལོའི་ཡས་མས་སུ་བཙུན་པ་དོན་དག་པ་རྒྱ་གར་དུ་འབྱོར་དུས། ད་དུང་གནས་བརྟན་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། ཀུན་གྱིས་བཀུར་བའི་སྡེ་བ། ཕལ་ཆེན་སྡེ་བ་སོགས་དར་བའི་རྩེར་སོན་གྱི་སྐབས་ཡིན། དེའི་རྗེས་སུ་རིམ་བཞིན་ཐེག་པ་ཆེན་པོའི་ཆོས་དང་མཉམ་འདྲེས་ཀྱིས། རིམ་བཞིན་གསང་སྔགས་ཅན་དུ་གྱུར། ཚུལ་དེ་ལས་སྐབས་དེསདུས་ནས་ཉན་ཐོས་སྡེ་བའི་གནས་ཚུལ་མི་ལེགས་པ་ཤེས་ཐུབ།

ཉན་ཐོས་སྡེ་བ་དང་མཉམ་དུ་སྤྱི་ལོ་ཚུགས་རྗེས་སུ་རིམ་བཞིན་བྱུང་བ་ནི་ཐེག་པ་ཆེན་པོའི་ཆོས་ཡིན། ཡང་ན། སྤྱི་ལོ་དུས་རབས་དང་པོ་ལ་ཐེག་ཆེན་གསུང་རབ་སྔར་ནས་བྱུང་ཡོད་ཚོད་རེད། ཐེག་པ་ཆེན་པོའི་ཆོས་ནི་གཞི་རྒྱ་ཆེན་པོའི་སྒོ་ནས་སྟོང་ཉིད་ཀྱི་བསམ་བློ་འདོན་སྤེལ་བྱེད་པའི་ནང་བསྟན་ཡིན། འདི་ནི་བྱེ་བྲག་སྨྲ་བའི་ནང་ཆོས་དང་མི་འདྲ་ས་དེའང་ཡིན། སྟོང་ཉིད་ཀྱི་བསམ་བློ་ནི་གདོད་མའི་ནང་བསྟན་གྱི་དུས་སྐབས་ནས་ཡོད་པ་ཞིག་ཡིན་ནའང་། མངོན་གསལ་ཕྱིར་བཏོན་མཁན་ནི་ཐེག་པ་ཆེན་པོའི་ཆོས་ཡིན། ཐེག་པ་ཆེན་པོའི་ཆོས་ཀྱིས་ནི་སློབ་མའི་ཚུལ་གྱིས་ནང་ཆོས་ལ་སློབ་པ་མ་ཡིན་པར། སངས་རྒྱས་ཀྱི་ས་ལ་སྙེགས་པ་སྟེ། སངས་རྒྱས་དང་མཚུངས་པར་མ་ལུས་སེམས་ཅན་སྐྱོབ་པའི་ལངས་ཕྱོགས་འཛིན་པའི་ནང་ཆོས་ཤིག་ཡིན། ཐེག་པ་ཆེན་པོས་ཉན་ཐོས་སྡེ་བའི་ནང་ཆོས་ལས་ཐོས་སྒྲོགས་ཞེས་འབོད་པ་སྟེ། དོན་ནི་སློབ་མའི་དོན་རེད། དེའི་ཕྱིར་སློབ་སྦྱོང་གི་རྣམ་པ་ཅན་གྱི་ནང་ཆོས་བསྒྱུར་ཏེ་མགོ་འདྲེན་མཛད་མཁན་གྱི་ཆ་རུ་གྱུར་བའི་ནང་ཆོས་ནི་ཐེག་པ་ཆེན་པོའི་ཆོས་རེད། ཐེག་པ་ཆེན་པོའི་ཆོས་ཀྱིས་སངས་རྒྱས་ཀྱི་སློབ་པ་ལམ་གྱི་གནས་སྐབས་ཀྱི་མཚན་ཏེ། བྱང་ཆུབ་སེམས་དཔའ་ཞེས་པ་རང་ཉིད་ལ་འབོད་པར་བྱེད། རང་ཉིད་ཀྱི་ཆོས་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་འབོད། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཐེག་པ་ནི་རྗེས་ཀྱི་ཐེག་ཆེན་དང་ཐེག་དམན་གྱི་རྣམ་པར་གྱུར། མདོར་ན། སྤྱི་ལོ་དུས་རབས་དང་པོ་ཡས་མས་སུ། བྱང་ཆུབ་སེམས་དཔའ་མང་པོས་གསུང་རབ་བསྟན་བཅོས་མང་པོ་བརྩམས་པ། འདི་ནི་སྤྱི་ལོ་སྔོན་ནས་སྤྱི་ལོ་ཚུགས་རྗེས་ཀྱི་ལོ་ངོ་ཉིས་བརྒྱའི་རིང་རེད། ས་བཅད་གསུམ་པའི་ནང་སྔ་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་སུ། ཐེག་ཆེན་ཆོས་ཀྱི་འབྱུང་ཁུངས་གནད་དོན་དང་། སྔ་མའི་དུས་ཀྱི་ཐེག་ཆེན་གསུང་རབ་ཀྱི་ལྟ་གྲུབ་བཤད་ཡོད།

ས་བཅད་བཞི་བ་ཕྱི་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱི་ཁྲོད། སྤྱི་ལོ་དུས་རབས་ལྔ་བར་བྱུང་བའི་དབུ་མ་བའི་བསམ་བློ་དང་། རྗེས་ཀྱི་རྣལ་འབྱོར་སྤྱོད་པ་སྟེ། རྣམ་རིག་པའི་ལྟ་གྲུབ། རྣམ་རིག་པ་དང་མཉམ་དུ་བྱུང་བའི་གཞི་བདེ་གཤེགས་སྙིང་བོའི་བསམ་བློ་སོགས་ལས་གཞན། གཏན་ཚིགས་རིག་པའི་དར་འཕེལ་སྐོར་ཆེད་དམིགས་ཉམས་ཞིབ་བྱས་ཡོད། དབུ་མ་བ་རྗེས་སུ་རང་རྒྱུད་པ་དང་ཐལ་འགྱུར་གཉིས་སུ་གྱེས། འདི་གཉིས་རྣལ་འབྱོར་སྤྱོད་པ་དང་མཉམ་འདྲེས་བྱུང་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་བྱུང་། དབུ་མ་བའམ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་སོགས་དུས་མཚུངས་སུ་གསང་སྔགས་ཀྱི་སློབ་དཔོན་དུ་གྱུར། ཡིན་ནའང་། དུས་རབས་དྲུག་པ་དང་བདུན་པ་ཙམ་གྱི་དུས་སུ་བྱུང་བའི་གསང་སྔགས་དང་ཕྱི་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱི་འབྲེལ་བ་ཇི་འདྲ་ཡོད་མིན་ཁ་གསལ་ཞིག་ཤོད་ཐབས་བྲལ།

མཇུག་མཐའི་ས་བཅད་དུ། གསང་སྔགས་ཀྱི་སྐོར་བཤད་ཡོད། ཡིན་ནའང་། གསང་སྔགས་ལ་ཕོན་ཆེན་པོའི་གསུང་རབ་ཐོན་ཡོད་པ་དང་། མང་ཆེ་བ་ཐ་ན་ལེགས་སྒྲིག་སྤུས་དག་པོ་ཞིག་ཡོང་མེད་པས། ངེས་པ་དོན་གྱི་གསང་སྔགས་ཞིབ་འཇུག་ནི་རྗེས་སུ་ག་ལེར་ཡོང་རྒྱུ་ལ་རེ་བར་བྱ། གསང་སྔགས་ལ་ཞིབ་འཇུག་བྱེད་སྐབས། ཧིན་རྡུ་ཆོས་ལུགས་ནི་ཞིབ་འཇུག་ནི་མེད་མི་རུང། གསང་སྔགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་སྐབས་གོ་བ་བསྐྱོན་པའི་ཐད། གསུང་རབ་མ་ཟད། ནང་དོན་ལ་ཡང་ཞིབ་འཇུག་མི་བྱ་ཐུ་མེད་ཅིག་རེད། གནད་འདི་དག་ལས་བལྟས་ན། གསང་སྔགས་ལ་ཞིབ་འཇུག་བྱེད་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཤིག་ཡིན་པ་ཤེས་ཐུབ། མདོར་ན། གསང་སྔགས་ལ་གསང་སྔགས་ཞེས་འབོད་དོན་ནི། དེའི་ཡར་སྔོན་གྱི་ཐེག་པ་ཆེན་པོའི་ཆོས་ལ་མདོ་ཞེས་བོས་ཏེ་རང་ཉིད་དེ་དང་མི་འདྲ་བ་ཡིན་ཚུལ་གྱི་ཁྱད་ཕྱེས་ཡོད། དེའི་ཕྱིར། གསང་སྔགས་ལ་ཐེག་པ་ཆེན་པོའི་ཆོས་དང་མི་འདྲ་བའི་རང་བཞིན་མངོན་པར་གསལ་ངབ་གསལ་བོར་ཤེས་ཐུབ། དེས་ན། ས་བཅད་ལྔ་བར་བཞག་པའི་གསང་སྔགས་ལ་ཁྱབ་ཁོངས་ངེས་ཅན་ཞིག་ནང་བཞག་སྟེ་སྤྱི་རྣམ་ལྟ་བུ་ཞིག་བྲིས་ཡོད།

གོང་བསྟན་གྱི་རྒྱ་གར་ནང་བསྟན་གྱི་དུས་རིམ་དབྱེ་སྟངས་ཕུད། ད་དུང་རྒྱལ་རབས་ལྟར་དུས་རིམ་དབྱེ་བའང་ཡོད། ཡིན་ནའང་། འདིར་གཙོ་བོ་ནང་བསྟན་གྱི་གསུང་རབ་ཀྱི་དར་འཕེལ་གཙོ་བོ་བྱས་ཏེ་གོང་བཀོད་དབྱེ་བ་བཀར་ཡོད་པ་དེ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་ས་ནས་སྤྱི་ལོ་ཚུགས་རྗེས་ཀྱི་དུས་རབས་བཅུ་བའི་རྗེས་ཀྱི་དུས་ཚོད་ནང་། ནང་བསྟན་རྒྱ་གར་རང་དུ་དར་ཁྱབ་ཆེ་ནའང་། འདིའི་རྒྱ་གར་ལོ་རྒྱུས་ཧྲིལ་བོ་ལས་ཕྱེད་ཙམ་མ་གཏོགས་ཟིན་མེད། སྤྱིར་བཏང་གི་རྒྱ་གར་ལོ་རྒྱས་སུ། ཏུ་རུ་ཁའི་མི་སུ་ལམ་རྒྱ་གར་ལ་བཙན་འཛུལ་བྱས་པའི་དུས་ལ་དུས་རབས་བར་མ་དང་། དེའི་སྔོན་ལ་གནའ་རབས་དང་། དབྱིན་ཇི་བཙན་རྒྱལ་གྱིས་བཙན་འཛུལ་བྱས་པའི་དུས་ནས་ཉེ་རབས་ལོ་རྒྱུས་མགོ་བརྩམས་པ་མཚོན། གལ་ཏེ་འདི་ལྟར་དབྱེ་བ་ཕྱེ་བའི་དབང་དུ་བཏང་ན། རྒྱ་གར་ནང་བསྟན་ནི་གནའ་རབས་སུ་གཏོགས་གཤིས། གལ་ཏེ་རྒྱ་གར་ནང་བསྟན་ལ་ཞིབ་འཇུག་དང་དེ་དང་དུས་མཚུངས་ཀྱི་རྒྱ་གར་གྱི་མཚན་ཉིད་རིག་པའི་ལྟ་གྲུབ་ལ་ཞིབ་འཇུག་བྱེད་ན། རྒྱ་གར་གྱི་བསམ་བློའི་བྱེ་བྲག་ཅིག་ལ་མ་གཏོགས་རྒྱུས་ལོན་བྱེད་ཐུབ་མེད་པས། ཁོ་བོས་གོང་གི་དབྱེ་བ་འབྱེད་སྟངས་ནི་དགོས་ངེས་སུ་གྲུབ་བོ།། །།

 

གསལ་བཤད།

༡ ཉི་ཧོང་མཁས་པ་ཧི་ར་ཁ་ཝ(平川彰)ནི(1915-2002)ནང་བསྟན་ཞིབ་འཇུག་པ་དང་། ཐོ་ཁེ་ཡོ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན།

༣ ཀྲང་ཁོན་མོ་(庄昆木)ལགས་ཀྱི་རྒྱ་འགྱུར་མར་ཁུངས་བྱས་ཏེ་བོད་འགྱུར་ཞུས།

༢ བོད་རིག་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་དེབ་སྔོན་གསར་མའི(སི་ཁྲོན་པར་མའི་པོད་ལྔ་བ། སྟོད་སྨད། )ཤོག་ངོས་དོན་བདུན་པར། ཁོ་བོའི་ཆོས་འབྱུང་ནི་མཁས་པ་ཧི་ར་ཁ་ཝའི་ཆོས་འབྱུང་རྗེས་སུ་འབྲངས་ནས་འཆད་ཀྱི་ཡོད། གང་ལགས་ཟེར་ན་འདིར་ལ་མོ་ཏོའི་ཆོས་འབྱུང་གི་ལེགས་ཆ་བླངས་ཟིན་པར་མ་ཟད་རྒྱ་ནག་གི་བཤད་སྲོལ་སོགས་ཀྱང་ཞིབ་ཆ་གསལ་བའི་རྒྱུ་མཚན་གྱིས་ཡིན། ཞེས་གསུངས་པ་ཇི་ལྟ་བ་བཞིན། གུས་པས་རང་གི་བོད་རྒྱ་གཉིས་ཀའི་ཡིག་རྩ་དམན་པ་ལ་མ་ལྟོས་པར་ཆོས་འབྱུང་རྒྱ་འགྱུར་མ་འདིའི་ཐོག་མར་བྱུང་བ་ཀླད་ཀྱི་གཏམ་བོད་འགྱུར་ཞུས་པས་ཀྱང་བདག་སོགས་ཀུན་གྱི་བློ་གྲོས་འཕེལ་བའི་རྒྱུ་དང་འགྱུར་འདིར་ནོངས་པ་ཅི་མཆིས་མཛུབ་སྟོན་གནང་རོགས་ཞུ།