——-སྐད་ཡིག་གི་ལག་ཆའི་རང་བཞིན་གླེང་བ།

 

སྐད་ཡིག་ནི་གསུང་རབ་བསྟན་བཅོས་ཀློག་ཐབས་དང་རིག་པའི་གནས་གཞན་ལ་འཇུག་ཐབས་ཀྱི་ལག་ཆ་ཙམ་མ་ཡིན་པར། དེ་ལ་དམིགས་གསལ་གྱི་བསླབ་ཚན་གོ་གནས་ཡོད་སྟབས། འབྲི་ཀློག་ལ་བྱང་བ་ཙམ་གྱིས་སྐད་ཡིག་གི་འོས་འགན་ད་དུང་འགྲུབ་མེད། སྐད་ཡིག་ནི་སྐད་ཆ་དང་ཡི་གེ་ཞེས་པའི་བསྡུས་མིང་ཙམ་མ་ཡིན་པར་མི་ཆོས་རང་བཞིན་དང་ལག་ཆའི་རང་བཞིན་གཅིག་གྱུར་གྱི་འགན་ནུས་ཐེག་དགོས་པའི་བསླབ་ཚན་ཁྱད་པར་བ་ཞིག་ཡིན། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་པ་ལྟར། མིང་ཚིག་ཡི་གེ་གསུམ་གྱི་ཀློག་འབྲི་རྩོམ་གསུམ་ལ་བྱང་དགོས་ཤིང་། བཤད་བརྗོད་གཏམ⑴གསུམ་གྱི་ཚུལ་ལ་མཁས་དགོས།དེ་ལ་སྐད་ཡིག་གི་ལག་ཆའི་རང་བཞིན་ཟེར། ཡང་སྐད་ཡིག་ནི༼སྐད་ཆ་དང་ཡི་གེའི༽ལ་མཁས་པ་ཙམ་གྱིས་མི་ཆོག་པར། སྐད་ཡིག་ནི་ཤེས་རབ་ཀྱི་གཏེར་སྒོ་འབྱེད་བྱེད་ཀྱི་རིག་པའི་ལྡེ་མིག་ཏུ་འགྱུར་དགོས་ཤིང་། མི་གཤིས་ཡ་རབས་ཀྱི་ས་བོན་ལ་འབྲས་བུ་སྨིན་བྱེད་ཡིན་དགོས། བརྩེ་བ། བྱམས་པ། དུངས་པ། འགན་འཁྲི། ཕུགས་བསམ་སོགས་མིའི་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་ཀུན་སྤྱོད་ཀྱི་མཛེས་ཆ་དག་མངོན་པར་སྨིན་བྱེད་ཡིན། མདོར་ན་སྐད་ཡིག་ནི་མི་ཆ་ཚང་ཞིག་གསོ་སྐྱོང་བྱ་བར་མེད་དུ་མི་རུང་བའི་བསླབ་ཚན་ཞིག་ཡིན། འདི་ལ་སྐད་ཡིག་གི་མི་ཆོས་རང་བཞིན་ཞེས་ཀྱང་འབོད།

  གཅིག

སློབ་གྲྭ་ཞིག་གི་ལས་ཀའི་སྙིང་བོ་ནི་སློབ་ཁྲིད་ཡིན་ལ༼གནས་ལུགས་ལྟར་ན༽། སློབ་ཁྲིད་ཀྱི་བརྟེན་གཞི་ནི་བསླབ་ཚན་ཡིན། བསླབ་ཚན་ཡོངས་ལས་གཙོ་བོར་གྱུར་བ་ནི་སྐད་ཡིག་ཏེ། དེ་ནི་སྐད་ཡིག་དགེ་རྒན་རེ་ཟུང་གི་ཕྱོགས་རེ་བའི་ལྟ་ཚུལ་ཙམ་མིན་པར། སྐད་ཡིག་བསླབ་ཚན་གྱི་ངོ་བོས་ཐག་གིས་བཅད་ཡོད་པ་ཡིན། ང་ཚོར་མཚོན་ན་སྐད་ཡིག་ཅེས་པ་གསར་བྱུང་གི་བརྡ་ཆད་ཅིག་ཡིན་སྟབས། སྐད་ཡིག་ཅེས་པའི་མིང་གི་སྒྲ་བཤད་ཙམ་ལ་བརྟེན་ནས། དེ་ནི༼སྐད་ཆ་དང་ཡི་གེ་ཁྲིད་པ་དང་སློབ་པ༽ཙམ་ལ་གོ་སྲིད་མོད། གོ་བ་དེ་ནི་སྐད་ཡིག་ཅེས་པ་འདི་བསླབ་ཚན་ཞིག་གི་མཐོ་ཚད་དུ་མ་བཞག་པའི་སྤྱིར་བཏང་གི་གོ་བ་ཚུལ་ཙམ་རེད། ང་ཚོར་སྐད་ཡིག་སློབ་ཁྲིད་ཀྱི་སྲོལ་རྒྱུན་སྔ་མོ་ནས་ཡོད་ཀྱང་། དེང་གི་སློབ་གྲྭའི་སློབ་གསོ་རྩ་བར་བྱས་པའི་སྐད་ཡིག་གི་བསླབ་ཚན་འདི་ནི་སྲོལ་རྒྱུན་གྱི་སྐད་ཡིག་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་དེ། སྔ་མ་ནི་སྐད་ཡིག་གི་སློབ་ཁྲིད་ཡིན་པ་མ་གཏོགས་བསླབ་ཚན་བྱེ་བྲག་ཞིག་གི་ཚུལ་དུ་བྱས་ནས་ཁྲིད་སྲོལ་མེད་པར་སྣང་། དེའི་ཕྱིར། སྤྱིར་བཏང་གི་ཡིག་རྨོངས་སེལ་བའི་སློབ་ཁྲིད་དང་འབྲི་ཀློག་རྐྱང་བའི་སློབ་ཁྲིད་དང་བསྡུར་ན། བསླབ་ཚན་གྱི་དམིགས་ཚད་མི་འདྲ། སྒྲིག་གཞི་མི་མཚུངས། བྱེད་ཐབས་ཀྱང་མི་གཅིག་པ་འདི་ངེས་པར་མཁྱེན་དགོས། དེང་སྐབས་ཁ་ཅིག་གིས་སྐད་ཡིག་ལ༼བོད་ཡིག 藏文༽དང་ཐ་ན༼བོད་སྐད 藏语༽ཞེས་ཡིན་ཅོག་ཅོག་གིས་འབོད་པ་ནི་བསླབ་ཚན་གྱི་ངོ་བོ་ལ་ངོས་འཛིན་ནོར་བའམ་རྒྱུན་ཤེས་ལ་རྨོངས་པའི་རྟགས་ཙམ་དུ་ཟད་དེ། རྟེན་འབྲེལ་མགོ་ནས་ནོར་ཉེན་ཆེ་བའི་མིང་འདོགས་སྟངས་ཤིག་ཀྱང་རེད། སྐད་ཡིག་སློབ་དེབ་ཀྱི་མདུན་ཤོག་སྟེང་དུ༼སྐད་ཡིག༽ཅེས་པའི་ཡིག་འབྲུ་གཉིས་ཆེན་པོར་བྲིས་ཡོད་ཀྱང་། བསླབ་ཚན་ཚད་གཞི་དང་འབྲེལ་ཡོད་དཔྱད་གཞི༼ཚོང་དཔེ་རེ་ཟུང་ཕུད༽དག་གི་སྟེང་དུ༼སྐད་ཡིག༽ཅེས་གསལ་བོར་བཀོད་ཡོད་ཀྱང་། ད་དུང༼སྐད་ཡིག༽ཅེས་པའི་ཡིག་འབྲུ་གཉིས་མ་མཐོང་ཟེར་ན་བོད་མི་དག་ཇི་འདྲའི་རྩིང་བོ་རེད་ཨང་སྙམ་པའི་སྐྱོ་བ་ཞིག་ཀྱང་སྐྱེ་འོང་།

གཉིས། 

སྐད་ཡིག་ནི་སྐད་ཆ་དང་ཡི་གེ་སློབ་པ་ཙམ་མ་ཡིན་པར་དེ་ལ་ལག་ཆའི་རང་བཞིན་དང་མི་ཆོས་ཀྱི་རང་བཞིན་གཉིས་ཆ་ལྡན་ཞེས་པར་གོ་བ་ཞིབ་ཏུ་ཇི་ལྟར་ལེན་ཞེ་ན། ལག་ཆའི་རང་བཞིན་ཞེས་པ་ནི་སྐད་ཡིག་གི་སྤྱི་ཚོགས་རང་བཞིན་ལ་དམིགས་ནས་བཤད་པ་ཞིག་རེད། དེའི་ནང་གི་རྩ་བ་དང་གཙོ་བོར་གྱུར་བ་ནི་ཀློག་འབྲི་རྩོམ་གསུམ་དང་། བཤད་བརྗོད་གཏམ་གསུམ་བཅས་རེད། དང་པོ་ཀློག་ཅེས་པ་དེ་རེད། དེ་ལ་རིམ་པ་དང་པོ་སྒྲ་ཡི་སྦྱོར་ཀློག་རྐྱང་བའི་རིམ་པ། གཉིས་པ་སྒྲ་དོན་ཟུང་འབྲེལ་གྱིས་ཀློག་པའི་རིམ་པ། གསུམ་པ་སྒྲ་མེད་ཁོག་འདོན་གྱིས་དོན་ལ་འཇུག་པའི་རིམ་པ་སྟེ། རྗེས་མའི་གནས་སྐབས་འདི་ནི་ང་ཚོས་རྟགས་པར་གླེང་བའི་དཔེ་ཀློག་གི་རིམ་པ་དེ་ཡིན། དགེ་རྒན་གྱིས་འགན་དུ་བབས་པ་ནི་ཐོག་མར་གསལ་དག་སྙན་གསུམ་གྱི་སྒྲ་འབྱིན་ཚུལ་ཁྲིད་པ། དེ་ནས་ཉན་བྱ་སྒྲ་ཡི་སྦྱོར་བ་དེ་བལྟ་བྱ་ཡི་གེའི་སྦྱོར་བར་དག་ཆ་དང་ལྡན་པར་འབྲི་ཐབས་ཁྲིད་པ། མཇུག་ཏུ་དཔེ་ཆ་ཅི་ཞིག་ཀློག་པ་དང་ཇི་ལྟར་ཀློག་པ། ཅིའི་ཕྱིར་ཀློག་པ་ངོ་སྤྲོད་པའི་རིམ་པ་སྟེ། སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྨང་དུ་གྱུར་བའི་སྔ་ཕྱི་ཡ་མ་བྲལ་བར་ཁྲིད་དགོས། དེའི་ཕྱིར་ཀློག་ཅེས་པ་ཨ་མཆོད་ཀྱིས་ཁ་བཏོན་གསུངས་པ་ལྟར་ཤར་ཤར་འདོན་ཐུབ་པ་ཙམ་གྱིས་ཀློག་གི་འོས་འགན་འགྲུབ་པར་འཛིན་མི་རུང་། གཉིས་པ་འབྲི་བ་རེད། འབྲི་བའང་དང་པོ་ཡིག་གཟུགས་འབྲི་སྦྱོང་ཡིན། སྨྱུ་གུ་འཛིན་སྟངས་དང་ལུས་པོའི་འདུག་སྟངས། སྨྱུག་རིམ་གྱི་དག་ཆ་སོགས་སྟེ། ཡིག་གཟུགས་འབྲི་སྦྱོང་ནི་བྱིས་པའི་ནུས་རྩལ་སྦྱོང་བརྡར་གྱི་ཐབས་སུ་གཏོགས་པ་ཡིན། དེ་ནས་བྲིས་པའི་མྱུར་ཚད་དང་བྱང་ཚད། དེ་ནས་མིང་དང་ཚིག་གི་དག་ཆ་སོགས་རིམ་པ་བཞིན་དུ་ཁྲིད་དགོས། གསུམ་པ་ནི་རྩོམ་པ་རེད། ཡི་གེ་ནི་སྐད་ཆའི་ཚབ་བྱེད་ཡིན། སྐད་ཆ་ནི་བསམ་བློའི་ཕྱིའི་རྣམ་པའི་མངོན་སྟངས་ཡིན། རྩོམ་ཡིག་འབྲི་སྦྱོང་ནི་ཕྱོགས་བསྡུས་ཀྱི་ནུས་པའི་མངོན་སྟངས་ཤིག་ཀྱང་ལགས། རྩོམ་ཡིག་འབྲི་སྦྱོང་ལས་སློབ་མའི་ཤེས་བྱའི་ཆུ་ཚད་ག་འདྲ་ཡིན་པ་དང་སྐད་ཡིག་གི་བྱང་ཚད་ག་འདྲ་ཡིན་པ། བརྩེ་དུང་དང་འདུན་མ་ཇི་འདྲ་ལྡན་པ་སོགས་མངོན་པར་མཚོན་པ་ཡིན། རྩོམ་ཡིག་དག་བཅོས་ནི་ཡིག་ནོར་དག་བཅོས་སུ་འཁྲུལ་མི་རུང་། སློབ་མས་བརྗོད་གང་ཞིག་འདེམས་པ་དང་ཅིའི་ཕྱིར་འདེམས་པ། ཅི་ཞིག་འཆད་འདོད་ཡོད་པ་དང་དེ་ཉིད་ཇི་ལྟར་འཆད་པའི་ཚུལ་ལ་ཞིབ་ཏུ་གཞིགས་ནས་སྣེ་ཁྲིད་བྱེད་དགོས། ལས་བྱ་འགྲུབ་ཐབས་དང་ཡིག་གྲངས་ལོངས་ཐབས་སུ། ལན་རེར་སློབ་མའི་རྩོམ་ཡིག་ཁྲོད་སྟོང་བཤད་ལོང་བཤད་བྱེད་སྲིད་ཅིང་། འུད་བརྗོད་འཁྱོག་བརྗོད་ཀྱང་བྱེད་སྲིད་ལ། ཐ་ན་རྫུན་གཏམ་དང་འཆལ་གཏམ་ཡང་བཤད་མི་སྲིད་པ་མ་ཡིན། དེ་ལྟའི་ཚེ་ན། རྩོམ་ཡིག་ཅིག་ལ་ཞུ་དག་གཏོང་བ་ནི་ཡིག་ནོར་ལ་ཞུ་དག་གཏོང་བའི་སླ་བཅོས་དེས་མི་འོང་བར། མི་གཞི་གསོ་སྐྱོང་གི་ཆ་ཞིག་ཀྱང་ལྡན་པ་མཁྱེན་དགོས།

 གསུམ།     

ཀློག་འབྲི་རྩོམ་གསུམ་ནི་ངག་གི་བརྗོད་པ་ཡི་གེའི་རི་མོར་ཕབ་པ་ཡིན་ན། བཤད་བརྗོད་གཏམ་གསུམ་ནི་སེམས་ཀྱི་རྟོག་པ་ངག་གི་བརྡ་རུ་སྦྲོན་པ་སྟེ། སྐྱེ་བོ་སུ་ཡིན་རུང་ཡི་གེ་ཀློག་འབྲི་རྩོམ་གསུམ་གྱི་ཕན་ཆོད་དུ་སྐད་ཆ་བཤད་བརྗོད་གཏམ་གསུམ་ཡང་ཐུབ་དགོས། དང་པོ་བཤད་ཅེས་པ་ནི། སྨྲ་ཤེས་ཤིང་དོན་གོ་བ་གང་ཟག་མི་ཡི་མཚན་ཉིད་ལགས་པས། ལོ་བརྒྱད་བྱིས་པ་ཡན་གྱིས་རང་གི་ཕ་མའི་ངག་གི་རྗེས་སུ་འབྲངས་པའི་འགྲོ་འཆག་ཉལ་འདུག་གི་གོ་བརྡ་ལེགས་པར་སྤྲོད་ཤེས་ཤིང་། དེ་ནི་བསླབ་ཚན་གཞན་ལ་མེད་པའི་སྐད་ཡིག་གི་སྐད་ཆའི་རྨང་གཞི་ཞེས་པ་དེ་ཡིན། བྱིས་པར་མཚོན་ན། སྐད་ཆ་ཇི་འདྲ་བཤད་ཤེས་པ་དེས་བསམ་བློ་ཇི་ལྟར་གཏོང་ཐུབ་པར་ཤན་ཤུགས་ངེས་ཅན་ཐེབས་སྲིད་པ་ཡིན། རི་མོ་ལ་བརྟེན་ནས་འཆར་ཡན་གྱི་སྐད་ཆ་མཚར་བོ་བཤད་པ། དོན་དག་གི་བྱུང་རིམ་ལ་བརྟེན་ནས་གཏན་ཚིགས་ཀྱི་སྐད་ཆ་སྟབས་བདེ་བཤད་པ། ཕ་མ་དང་དགེ་རྒན་ལ་ཞེ་ཚིག་འཇོག་པ། གྲོགས་པོ་དང་མགྲོན་པོ་ལ་ཚིག་འཇམ་སྨྲ་བ། དོན་དག་གང་ལ་འཕྲད་ན་སྐད་ཆ་གང་འདྲ་བཤད་འོས་པ་སོགས་ཡིན། གཉིས་པ་བརྗོད་ཅེས་པ་ནི་སྐད་ཆའི་རིམ་པ་མཐོ་ཤོས་སུ་བསླེབས་པའི་སྐབས་ཏེ། མིང་བརྡ་ཐ་སྙད་བཅུ་ཕྲག་དུ་མ་དཀྱུས་གཅིག་ཏུ་ཤར་ཤར་བརྗོད་ནས་ངག་གི་ཕྲེང་བ་སྤེལ་བར་ནུས་པའི་དུས་སུ། རང་གི་འདོད་འདུན་དང་དགའ་ཕྱོགས་བརྗོད་པ། དོན་རྐྱེན་དང་ལས་འགུལ་གྱི་མགོ་མཇུག་བར་གསུམ་ཐར་ཆགས་སུ་བརྗོད་པ། འཛིན་ཚོགས་སྐབས་སུ་སྤྱི་བསྡོམས་བྱེད་པ་དང་གྲོས་གཞི་འདོན་པ། རིག་རྩལ་བྱ་འགུལ་ལ་མདོ་འཛིན་བྱེད་པ་སོགས་ནི་འདིའི་སྐབས་ཡིན། གསུམ་པ་གཏམ་ཞེས་པ་ནི། ༼སྐྱེ་བོ་མང་བོའི་ཁྲོད་དུ་གཙུག་ལག་ལས་དྲངས་པའི་གཞུང་འཆད་པ།དོན་གཉེར་དང་ལྡན་པའི་སློབ་སུ་རྣམས་ལ་གཞུང་ཁྲིད་བྱེད་པ། ཕས་ཀྱི་རྒོལ་བ་ལ་བརྒལ་ཞིང་བརྟག་པའི་སྒོ་ནས་རྩོད་པ་བྱེད་པ། སྐབས་ཀྱི་དོནདམིགས་ཕུག་པའི་ཆེད་དུ་ཟུར་ཟ་དང་ཤགས་འགྱེད་བྱེད་པ། ཐ་ན་གྲོགས་ཕན་ཚུན་མཛའ་འདྲིས་ཀྱི་ཀུན་སློང་མཚོན་པའི་སླད་དུ་མོལ་མཆིད་དང་།  གླེང་མོལ་བྱེད་པ་ཚུན་གྱི་ཚིག་སྦྱོར་སྤེལ་བའི་ཚེ་ཡང་། རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་དང་ལྡན་པ་སུས་ཀྱང་གོ་སླ་བ།  ཞེས་དང་ཡང་། གཞན་ཡིད་དགའ་བར་བྱེད་པ་ལ། ཀུ་རེའམ་ངོ་མཚར་བའི་གཏམ་དང་འབྲེལ་ཚེ་ཐོས་པ་ཙམ་གྱིས་འཛུམ་དམུལ་བར་བྱེད་པ་དང་། གཞན་ཡིད་སྤ་བཀོང་བར་བྱེད་པ་ལ། སྡིགས་མོའམ་མཚང་འབྲུའི་གཏམ་དང་འབྲེལ་ཚེ་གླེངས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པ་སོགས་་་⑵༽ཡིན་ཏེ། སྤྱིར་གཏམ་གྱི་རྩལ་ནི་མི་དང་མིའི་བར་འབྲེལ་འདྲིས་བྱེད་པ་དང་། ཚོགས་པའི་ཁྲོད་དུ་འཇོན་ཐང་ངོམ་པའི་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན་ལ། དེང་རབས་མི་དོན་སྨྲ་བའི་དབང་བོ་ཁར་ནི་གེ༼ Dale Carnegie༽ལགས་ཀྱིས་མི་ཞིག་ལ་གཏམ་རྩལ་ལྡན་མིན་ནི་དོན་བྱ་ལེགས་པར་འགྲུབ་མིན་ལ་འབྲེལ་བ་ཆེན་པོ་ཡོད་པར་གསུངས་པ་ལྟར་ལགས། འོན་ཏེ་ད་ལྟའི་ང་ཚོའི་སྐད་ཡིག་སློབ་ཁྲིད་ཁྲོད་དུ་བཤད་བརྗོད་གཏམ་གསུམ་གྱི་སློབ་ཁྲིད་ལ་དོ་སྣང་བྱས་པ་ཤིན་ཏུ་མི་འདང་བ་སྟེ།འདི་ལ་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་ལ། དང་པོ་ནི་ཤོག་ངོས་ཀྱི་ཤེས་བྱ་རྐྱང་བ་གཙོ་བོར་བྱས་པའི་རྒྱུགས་གཞིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་ཐག་བཅད་པས་དཔྱད་འཇོག་ལམ་ལུགས་ཆིག་རྐྱང་དུ་གྱུར་བ་་དང་། གཉིས་ནི་སྐད་ཡིག་ཅེས་པ་ཡི་གེ་ཀློག་འབྲི་རྩོམ་གསུམ་ཁོ་ནར་གོ་བ་བླངས་པས་ཁྱབ་ཆུང་བར་གྱུར་བའོ།།

————༼མུ་འགོད༽

མཆན།

ཀློག་འབྲི་རྩོམ་གསུམ། བཤད་བརྗོད་གཏམ་གསུམ་ཞེས་པ་ནི་སློབ་པའི་རིམ་པ་ལྟར་གྲངས་སུ་བསྡུས་པ་ཡིན།

⑵《སྙན་ངག་སྤྱི་དོན》ལས་དྲངས།

 

ཤན་སྦྱར།

སློབ་གསོའི་ཐ་སྙད་རྒྱ་བོད་ཤན་སྦྱར།

教育术语藏汉对照

སློབ་གསོ།    教育

སློབ་ཁྲིད།    教学

བསླབ་ཚན།    课程

བསླབ་གཞི།   教材

བསླབ་དེབ།   课本

སློབ་ཁང་སློབ་ཁྲིད། ཐུན་ཐོག 课堂教学

སློབ་ཁྲིད་སྨྱན་ཆས།    教学媒体

བསླབ་ཚན་ཐོན་ཁུངས།    课程资源

བསླབ་ཚན་ཚད་གཞི།   课程标准

སློབ་ཁྲིད་ཇུས་འགོད།    教学设计

ཁྲིད་ཡིག།    教案

ཁྲིད་ཆས།   教具

སློབ་ཁྲིད་གྲ་སྒྲིག   备课

སློབ་རིམ།   学段

ལོ་རིམ།   年级

ཐུན་ཕྱིའི་ལྟ་ཀློག   课外阅读

གྱེར་ཀློག   朗读

ལྟ་ཀློག   阅读

ཁོག་འདོན།   默读

སྐད་ཚོར།  语感

ཤེས་བྱ་དང་ནུས་རྩལ།  知识与技能

བརྒྱུད་རིམ་དང་ཐབས་ཤེས།  过程与方法

ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ།  情感态度与价值观

རང་ཚུགས།  自主

མཉམ་ལས།  合作

འཚོལ་དཔྱད།  探索

ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་།  综合性学期

ལག་ཆའི་རང་བཞིན།  工具性

མི་ཆོས་རང་བཞིན། 人文性