སྤྱི་ལོ་2018ལོའི་སྟོན་ཟླ་ར་བར་སོས་དལ་ཅན་གྱི་གནས་སྐོར་བ་ཆུང་ཆུང་ང་རང་གཅིག་པུ་ཞ་ལུ་ལོ་ཆེན་གྱི་རྣམ་ཐར་ལས་“བོད་ཀྱི་རྡོ་རྗེ་གདན་”དུ་བསྔགས་པའི་དཔལ་ལྡན་ས་སྐྱ་གཙུག་ལག་ཁང་དུ་འབྱོར། ཁོ་བོ་འདི་གར་འབྱོར་དུས་འཁོན་དཀོན་མཆོག་རྒྱལ་པོས་དགོན་འདི་ཉིད་ཕྱག་བཏབ་ནས་མི་ལོ་945ཙམ་འགོར་འདུག།

ཕྱི་ཡི་བཀོད་པ་རྔམ་ཞིང་བརྗིད་ལ་མཐའ་བཞིར་བསྐོར་བའི་ལྕགས་རི་ནི་སུ་ཞིག་གི་ཧམ་སེམས་འགོག་སླད་དུ་བརྩིགས་པ་དང་འདྲ་ལ། ཡུལ་གྲུ་གཞན་ལས་མཐོང་དཀོན་པའི་ལྕགས་རིའི་ཁ་དོག་གིས་ཀྱང་དཔལ་ལྡན་ས་སྐྱ་བའི་རྒྱལ་མཚན་མངོན་པར་བསྟོད་འདུག། ནང་གི་གཟི་བྱིན་ནི་དེ་ལས་ཀྱང་ཧང་སངས་སུ་འཇུག་སྟེ། མ་བཅོས་རང་བྱོན་གྱི་སྟག་ཕོ་ཀ་བ་དང་ནག་པོ་ཁྲག་འཛག་གི་ཀ་བ་སོགས་ནི་ཚར་དུ་དངར་ཞིང་མ་གཏོར་ལྷུན་གྲུབ་ཀྱི་ཐུབ་དབང་འཛམ་གླིང་གཡས་བཞག་ནི་ཡང་ཡང་མཇལ་སྙིང་འདོད་པ་ཞིག་རེད། ཆོས་བརྩིགས་བྲག་རི་མའི་རྔམ་བརྗིད་ལས་མེས་པོ་གོང་མ་ཚོའི་རྔུལ་ཆུ་དང་བློ་གྲོས་མཐོང་འོང་བས། ངོ་མཚར་སྤྲུལ་བའི་ལྷ་ཁང་ཆེན་མོ་ནང་དུ་ཁོ་བོ་རང་དབང་མེད་པར་ལན་གསུམ་སྐོར་དགོས་བྱུང་། གཙུག་ལག་ཁང་འདིའི་ཕྱི་ནང་ཀུན་ལ་ཉུལ་ཞོར་དྲན་འཛིན་ཀློང་ལས་ས་སྐྱའི་སྐོར་བཙལ་ནས་རྙེད་པ་ནི་ལོ་ཙཱ་བ་རྣམས་དང་འབྲེལ་བའི་མཛད་རྣམ་སྣ་ཟིན་སྤུ་ཟིན་འགའ་རེད།

སྤྱི་ལོ་1102ལོ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པས་བླ་མ་འཁོན་གྱི་རྗེས་ནས་ས་སྐྱའི་གདན་ས་བཟུང་ནས་མི་ལོ་བརྒྱད་ལ་བསྐྱངས།

སྤྱི་ལོ་1220ལོ། ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་བཅས་རིགས་པས་འདུལ།

སྤྱི་ལོ་1263ལོ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ས་སྐྱར་ཕེབས་ནས་ཆོས་འཁོར་ཆེན་མོ་ལ་དགེ་འདུན་ཇི་སྙེད་ཚོགས་པའི་དབུ་མཛད། བླ་མ་ཆེན་པོ་ཤར་པས་དབུ་དྲངས་པའི་ཆེ་ཆེ་ལ་དབང་བསྐུར། ལ་ལ་ལ་སྡོམ་པ་ཕོག ། ལ་ལ་སྐྱབས་འགྲོ་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་དང་སེམས་བསྐྱེད་ལ་བཀོད་དོ།།

སྤྱི་ལོ་1276ལོ། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་ཆོས་གྲྭ་ཆེན་པོ་འདིར་ཞབས་ཀྱིས་བཅགས་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཞལ་འཛོམས།

གཞན་ཡང་རྒྱ་ནག་རྒྱལ་པོ་ལྷ་བཙུན་ཆོས་ཀྱི་རིན་ཆེན་འདི་ནས་རབ་བྱུང་བསྒྲུབས་ནས་ཕྱིས་ལོ་ཙཱ་མཛད་པས་བཀའ་བསྟན་དུ་ཁོང་གིས་བསྒྱུར་ཞུས་གནང་བའི་ཆོས་ཚན་གསུམ་འདུག་ཅིང་། ཤོང་ལོ་ཁུ་དབོན་དང་། དཔང་ལོ་ཁུ་དབོན་སོགས་ཀྱིས་ཀྱང་འདི་གར་ཐོས་བསམ་ལ་གཞོལ་ནས་ལོ་ཙཱ་མཛད་པ་མ་ཡིན་ནམ།

སྤྱི་ལོ་1444ལོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱ་དཔེ་འཚོལ་ཕྱིར་ས་སྐྱ་དགོན་པར་ཕེབས།

སྤྱི་ལོ་1478ལོ། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོས་ས་སྐྱ་དགོན་པའི་སྒོ་རུམ་ལྷ་ཁང་གི་རྒྱ་དཔེ་རྣམས་ལ་ཞིབ་ཏུ་གཟིགས་ཤིང་། ཁ་ཅིག་བོད་དཔེ་དང་གཏུགས་ཏེ་ཞུ་ཆེན་མཛད་པར་མ་ཟད་སྔར་བསྒྱུར་མ་མྱོང་བའི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱུད་ཅེས་པ་བསྒྱུར་བར་དགོངས་ནས་བསྣམས་ཏེ་ཞ་ལུ་རི་ཕུག་ཏུ་བོད་སྐད་དུ་བསྒྱུར་བར་གྲགས།

སྤྱི་ལོ་1934ལོ། ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་མཆོག་གིས་རྒྱ་གར་གྱི་མཁས་པ་རཱ་ཧུ་ལ་དང་ལྷན་དུ་དགོན་འདིའི་ཕྱག་དཔེ་ལྷ་ཁང་ནས་རྒྱ་དཔེ་པོད་ཆེ་ཆུང་སུམ་ཅུ་ལྷག་རྙེད་པའི་ཐོ་《གཏམ་རྒྱུད་གསེར་ཐང་》དུ་གསལ་བ་དེའོ། །

ལོ་རྒྱུས་འདི་དག་ལ་སེམས་དུས་གཙུག་ལག་ཁང་ཆེན་པོ་འདི་ནི་བོད་ཀྱི་ཐ་སྙད་རིག་གནས་ཀྱི་འབྱུང་གནས་ཙམ་མིན་པར་བོད་བརྒྱུད་ནང་བསྟན་གྱི་ཆུ་མགོ་ལྟ་བུ་ཞིག་ཏུ་ཆགས་འདུག་ཨང་སྙམ་བྱུང་། དེ་ལྟ་དེ་ལྟར་སྤྲུལ་བའི་སྐྱེས་མཆོག་རྣམས་དང་ལྷན་གཙུག་ལག་ཁང་འདི་ཉིད་ཀྱི་འདས་སོང་ལ་རྒྱང་མཇལ་ལན་གཅིག་བྱས་ནས་འཁྲེང་བའི་སེམས་ཀྱིས་མི་འདོད་བཞིན་དུ་གནས་འདི་དང་གྱེས་དུས་སེམས་ལ་གནས་མཆོག་འདི་ནས་འཕགས་བོད་ཀྱི་ལོ་པཎ་རྣམས་ཀྱིས་གཙུག་ལག་ག་ཙམ་བསྒྱུར་མྱོང་ངམ་ཞེས་རང་གིས་རང་ལ་དྲིས་པ་ན་《སྙན་ངག་མེ་ལོང་》དང་《སྤྲིན་གྱི་ཕོ་ཉ་》ལས་གཞན་ཅི་ཡང་མི་ཤེས་པས་ཕྱིར་རང་མལ་དུ་ལོག་རྗེས་འགྱུར་བྱང་གི་ངོས་ནས་ས་སྐྱའི་གཙུག་ལག་ཁང་གི་དྲན་པ་སྐྱོང་བར་དམ་བཅས་པ་ཡིན།

བཀའ་བསྟན་གྱི་དཀར་ཆག་རྣམས་ལ་གཞིགས་ན་རྒྱ་གར་གྱི་པཎྜི་ཏ་ཤྲཱི་པྲ་ཛྙཱ་གུ་པྟ་དང་། རཏྣ་ཤྲཱི། ཤྲཱི་ལཀྵྨཱི་ཀ་ར། སཱ་དྷུ་ཀཱིརྟི། དྷརྨ་དྷ་ར། ཐམས་ཅད་མཁྱེན་པས་བསྲུང་བ། བདེ་བར་གཤེགས་པའི་དཔལ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་། སོ་མ་ནཱ་ཐ། སུ་མ་ན་ཤྲཱི། བོད་ཀྱི་པཎྜི་ཏ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ། བོད་ཀྱི་ལོ་ཙཱ་བ་ཡར་ལུངས་གྲགས་པ་རྒྱལ་མཚན་དང་། སྒྲ་ཚད་པ་རིན་ཆེན་རྒྱལ་མཚན། ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེ། ལྡན་མ་ཚུལ་ཁྲིམས་སེང་གེ། ལོ་ཆེན་བྱང་རྩེའི་དངོས་སློབ་ཆོས་ཀྱི་རྒྱལ་མཚན། ནམ་མཁའ་བཟང་པོ་བཅས་ཀྱང་གཙུག་ལག་ཁང་ཆེན་པོ་འདི་གར་ཕེབས་ནས་མདོ་རྒྱུད་རིག་གནས་ཅི་རིགས་གངས་རིའི་སྐད་དུ་བསྒྱུར་བའི་མཛད་པ་བསྐྱངས་འདུག །

ཉེ་བའི་ལོ་འདི་གཉིས་ལ་གུས་པས་དགོས་དབང་གིས་《བཀའ་བསྟན་དཀར་ཆག་》འགའ་ལ་མཇལ་བ་ཡིན་ལ། ཡང་ཡང་མཇལ་བའི་བྱིན་རླབས་ལ་དཀར་ཆག་ནི་དཀར་ཆག་ཙམ་མིན་པ་ངོས་ཟིན་ཟབ་མོ་ཐོབ། ལོ་པཎ་རྣམས་ཀྱི་འགྱུར་བྱང་རྣམས་ལས་ལོ་པཎ་རྣམས་ཀྱི་བླ་སློབ་ཀྱི་འབྲེལ་བ་དང་། མཚན་གྱི་རྣམ་གྲངས།  ཡུལ་གྲུ་གང་ལ་ཕེབས་པ་སོགས་ཆོས་འབྱུང་དང་རྣམ་ཐར་ལས་མཐོང་དཀོན་པའི་ལོ་རྒྱུས་ཀྱི་ཞིབ་ཆ་ཡང་ཤིན་ཏུ་གསལ་བོས་ཤེས་ཐུབ་སྟེ། ཞུས་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ནུབ་བྱང་ཀྭ་ཅུ་མཁར་དུ་ཕེབས་མྱོང་བ་ཁོ་བོས་དཀར་ཆག་ལས་ཤེས་ལ། གནུབས་ནམ་མཁའི་སྙིང་པོ་དཔལ་ནཱ་ལེནྡྲ་རུ་སློབ་གཉེར་ལ་བསྐྱོད་མྱོང་བ་ཡང་ངོ་། ། ལོ་ཆེན་རིན་བཟང་གི་གཞན་མཚན་ལ་དགེ་སློང་བྱའི་གདོང་པ་ཅན་ཞུ་བ་ཁོ་བོས་འགྱུར་བྱང་ལས་རྙེད་ལ། འདར་བ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱི་མཚན་ལ་ཚེ་དབང་རབ་བརྟན་རྡོ་རྗེ་རུ་འབོད་པ་ཡང་ངོ་། ། ཆག་ལོ་ཕྱི་མ་འཕགས་ཡུལ་ལ་སྐྱོད་དུས་ཀྱི་ལམ་གྲོགས་ལྡན་མ་ཚུལ་ཁྲིམས་སེང་གེ་ནི་ལོ་ཙཱ་བ་ཞིག་ཡིན་པར་མ་ཟད་བསྟན་འགྱུར་དུ་ཁོང་གིས་བསྒྱུར་བའི་ཆོས་ཚན་བདུན་ལྷག་བཞུགས་པའང་བཀའ་བསྟན་དཀར་ཆག་ཁག་ལ་བསྡུར་ནས་ཤེས་པ་ཡིན་ཞིང་། པཎ་ཆུང་དཱ་ན་ཤཱི་ལ་མཆོག་གིས་བོད་ཡིག་མཁྱེན་པས་དྲང་སྲོང་སྲིན་པོ་རིར་ཆོས་ཚན་ལྔ་ཙམ་རང་འགྱུར་མཛད་པ་ཡང་དེ་བཞིན་ནོ། ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་གཙུག་ལག་བསྒྱུར་མྱོང་བ་ནག་ཚོ་ལོ་ཙཱ་བ་དང་པ་ཚབ་ལོ་ཙཱ་བའི་འགྱུར་བྱང་ལས་མཐོང་བ་དང་། པཎ་ཆེན་ནགས་རིན་དང་རྩེད་ཐང་ལོ་ཙཱ་བ་འགོས་གཞོན་ནུ་དཔལ་གྱིས་བསམ་ཡས་མཆིམས་ཕུ་ནས་《དབང་མདོར་བསྟན་པའི་མདོར་བཤད་》བསྒྱུར་བའང་《བསྟན་འགྱུར་དཀར་ཆག་》ལ་མཇལ་ནས་རྟོགས།

གཤམ་དུ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་《བསྟན་བཅོས་ཀྱི་དཀར་ཆག་》དང་། སི་ཏུ་པཎ་ཆེན་གྱི་《སྡེ་དགེ་བཀའ་འགྱུར་དཀར་ཆག》 ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་《བསྟན་འགྱུར་དཀར་ཆག་》 《བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་》བཅས་ལ་བསྡུར་ནས་བསྟན་པ་ཕྱི་དར་སྐབས་ལ་འཕགས་བོད་ཀྱི་ལོ་པཎ་རྣམས་ཀྱིས་དཔལ་ལྡན་ས་སྐྱར་ཆོས་རིག་བསྒྱུར་བའི་མཛད་པ་ག་ཙམ་བསྐྱངས་པ་སེམས་ཀྱིས་མཇལ་ཆེད་ཆོས་ཚན་རྣམས་དྲངས་པར་བྱ་སྟེ། འགྱུར་བྱང་ཕལ་ཆེར་བར་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའམ་བཅོས་ཞེས་འབྱུང་ལ། ཡང་ཁ་ཤས་ལ་ས་སྐྱ་དང་ས་སྐྱའི་དབེན་གནས་ཞེས་གསལ་བས་དེ་དག་ལ་ཧེ་བག་ཅུང་ཙམ་ཡོད་ཀྱང་འདིར་དཀྱུས་གཅིག་ཏུ་དྲངས་ཡོད།

དང་པོ། བཀའ་འགྱུར་ལས་བསྒྱུར་བའི་ཆོས་ཚན།

  1. ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ། རྒྱའི་ལོཙྪ་བ་ཐང་སམ་ཙང་ཞེས་བྱ་བས་རྒྱ་གར་དངོས་ལས་རྒྱ་ནག་ཏུ་ལེགས་པར་བསྒྱུར། ཕྱིས་ས་སྐྱའི་གཙུག་ལག་ཁང་ཆེན་མོར་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་བསྒྱུར།
  2. མི་གཡོ་བའི་རྒྱུད་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ་ཞེས་བྱ་བ་ལུས་ཀྱི་རིམ་པར་ཕྱེ་བ་ལ་སོགས་པས་རབ་ཏུ་ཕྱེ་བའི་ལེའུ་ཉི་ཤུ་རྩ་ལྔ་བ། པཎྜི་ཏ་རཏྣ་ཤྲཱིའི་ཞལ་སྔ་ནས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར།
  3. དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད། རྒྱ་གར་གྱི་མཁན་པོ་བདེ་བར་གཤེགས་པའི་དཔལ་དང་སྒྲ་བསྒྱུར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར།
  4. དཔལ་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། ཁ་ཆེའི་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་བོད་ཀྱི་ལོཙྪ་བ་དགེ་སློང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར།
  5. འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། རྒྱ་གར་གྱི་པཎྚི་ཏ་བདེ་བར་གཤེགས་པའི་དཔལ་དང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།

གཉིས་པ། བཀའ་འགྱུར་ལས་བཅོས་པའི་ཆོས་ཚན།

  1. མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལེའུ་ལྔ་བ་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་། སླད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཆེན་པོར་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ཞུས་པ།
  2. བཤད་པའི་རྒྱུད་དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་མཆོག་ཏུ་རྨད་དུ་བྱུང་བ་ལེའུ་སུམ་ཅུ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་པྲ་ཛྙཱ་གུ་པྟས་བསྒྱུར་ཅིང་། སླད་ཀྱིས་དཔལ་ས་སྐྱར་ཞུ་ཏིག་བགྱིས་པ།
  3. དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་རྣལ་འབྱོར་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་པྲཛྙཱ་གུཔྟས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་དཔལ་ས་སྐྱའི་དབེན་གནས་ཞུ་ཐིག་གཡར་ཁྲལ་བགྱིས།
  4. འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་བསྒྱུར་བ་ལས། དུས་ཕྱིས་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་དབེན་གནས་སུ་རྒྱ་དཔེ་ལ་གཏུགས་ནས་དག་པར་བྱས།

གསུམ་པ། བསྟན་འགྱུར་ལས་བསྒྱུར་བའི་ཆོས་ཚན།

  1. ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས་བར་སྐབས་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དགོན་པར་སྦྱར།
  2. བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ་རྒྱ་གར་གྱི་པཎྜི་ཏ་སྙན་དངགས་མཁན་ཆེན་པོ་ལཀྵྨཱི་ཀ་རས་སྦྱར་བ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  3. རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཀ་དཱ་ཤས་མཛད་པ། ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  4. དཔལ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་ཞེས་བྱ་བ་བལ་པོའི་པཎྜི་ཏ་ཆེན་པོ་ཛ་ག་ཏ་ཨཱ་ནནྟ་ཛཱི་ཝ་བྷ་དྲས་མཛད་པ། བོད་ཀྱི་པཎྜི་ཏ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར།
  5. ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར།
  6. སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ་སློབ་དཔོན་ཆེན་པོ་ཉི་མས་སྦས་པས་མཛད་པ། ཁ་ཆེའི་པཎྜི་ཏས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།
  7. རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ་རྗེ་བཙུན་མ་ཧི་མས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ར་དང་ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  8. ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་རྒྱའི་དཔེ་ལས་སློབ་དཔོན་དབྱིག་གྱིས་མཛད་པར་སྣང་། དེང་སང་བོད་རྣམས་དཔལ་ལྡན་ཆོས་སྐྱོང་གིས་མཛད་ཅེས་གྲགས་སོ། ། དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་ངས་ཙང་ཞེས་བྱ་བས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང་། ཕྱིས་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  9. རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ལཀྵྨཱི་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  10. རིགས་པ་ལ་འཇུག་པའི་སྒོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།
  11. ལུང་དུ་སྟོན་པ་ཙནྡྲ་པའི་སུ་པ་ཀྱི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ་གནས་བརྟན་རབ་འབྱོར་ཟླ་བས་མཛད་པ། ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་ས་སྐྱར་བསྒྱུར་ཅིང་ཞུས་པ།
  12. ལུང་དུ་སྟོན་པ་ཀ་ལཱ་པའི་མདོ་ཞེས་བྱ་བ་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་དཔལ་ལྡན་ས་སྐྱར་བསྒྱུར།
  13. སྙན་དངགས་ཀྱི་མེ་ལོང་པཎྜི་ཏ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵྨཱི་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར།
  14. སྙན་དངགས་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་ནག་མོ་ཁོལ་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་སུ་མ་ན་ཤྲཱི་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བྱང་ཆུབ་རྩེ་མོ་དང་ལོ་ཙཱ་བ་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར།
  15. མིའི་མཚན་ཉིད་བསྟན་པ་རྒྱ་མཚོ་ཞེས་བྱ་བ་སྡེ་སྣོད་འཛིན་པ་ཆེན་པོ་བྷོ་ཊ་པཎྜི་ཏའི་གསུང་ལ་བརྟེན་ནས། པཎྜི་ཏ་དྷརྨ་དྷ་ཏའི་ཞལ་སྔ་ནས་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར།

བཞི་པ། བསྟན་འགྱུར་ལས་བཅོས་པའི་ཆོས་ཚན།

  1. མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དུས་འཁོར་གྱི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང་། ལོ་ཙཱ་བ་ཆེན་པོ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ།
  2. དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ན་རོ་པའི་ཞབས་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བ་ལ། སླར་ཡང་ལོ་ཙཱ་བ་ཆེན་པོ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ལེགས་པར་བཅོས་ཤིང་གཏན་ལ་ཕབ།
  3. འཕགས་མ་སྒྲོལ་མ་ལ་བསྟོད་པ་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་སཱ་དྷུ་ཀཱིརྟི་དང་བོད་ཀྱི་ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་བསྒྱུར་བ་ལ་ཕྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་དག་པར་བྱས།
  4. ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱའི་སྐད་དུ་བསྒྱུར་བ་ལས། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཤིང་། རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར།

སྤྱི་ལོ་2019ལོའི་ཟླ་1པོའི་ཚེས་20ཉིན་ཕ་ཡུལ་སྒོ་དམར་སྟོང་སྡེ་རུ་ཆོས་འབྱུང་དང་། རྣམ་ཐར། དཀར་ཆག་བཅས་ལས་བཏུས་ནས་བྲིས་ཏེ་གཏན་ལ་ཕབ་པའོ། །