མི་གཤིས(人格)ཞེས་པ་འདི་ལ་དཔེ་དེབ་དང་དྲ་ངོས་སོགས་སུ་འགྲེལ་ལུགས་འགའ་རེ་སྣང་ཞིང་། དེ་དག་མདོར་དེད་ན་བདག་གི་འདུ་ཤེས་ཡོད་པ། རང་གིས་རང་ལ་རྟོག་པའི་ནུས་པ་ལྡན་པ། ཚོར་བ་དང་བརྩེ་དུང་། འདུན་པ་སོགས་ལྡན་པའི་ཡུལ་ཅན་གྱི་ཁྱད་ཆོས་ཤིག་ལ་གོ་དགོས་པར་སྣང་། སྔོན་མ་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི༼རིག་གནས་དང་མི་གཤིས༽ཞེས་པའི་དེབ་ཏུའང་འདི་དང་འདྲ་བ་ཞིག་བྲིས་ཡོད་པར་སྣང་། དེའང་འགྲོ་བ་མི་ཡི་རིགས་སུ་སྐྱེས་པ་སུ་ཞིག་སྐྱེས་གཟུགས་ཡག་བཙོག་དང་ཤ་མདོག་དཀར་ནག འབྱོར་བ་ཡོད་མེད་དང་སྐྱེ་ཁུངས་མཐོ་དམན་སོགས་ལ་ལྟོས་པ་མེད་པར་སོ་སོའི་བསམ་བློའམ་གཤིས་ཀའི་རང་བཞིན་གྱི་སྟེང་ན་ལྡན་པའི་ཐུན་མིན་གྱི་ཁྱད་གཤིས་ཤིག་ལ་གོ་བ་འདྲ། འདི་དང་ང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་དུ་བརྗོད་པའི་མི་གཤིས་ཞེས་གཉིས་ལ་གོ་བའི་སྟེང་ནས་ཁྱད་པར་ཅུང་ཟད་འབྱེད་དགོས་པ་སྟེ། དེ་ཡང་རྒྱུན་ལྡན་དུ་བཤད་པའི་མི་གཤིས་ཞེས་པ་དེ་ལ༼ཕྱི་ཡི་ཤུན་ལྤགས་དང་ནང་གི་སྙིང་བོ༽གཉིས་སུ་དབྱེ་རུང་བར་སྙམ། མི་གཤིས་ཀྱི་ཕྱི་ངོས་ཀྱི་ཆ་དེ་ག་འདྲ་རེད་དམ་ཞེ་ན། ང་ཚོ་མི་རེ་རེས་མི་ཚེ་ཞེས་པའི་གར་སྟེགས་འདིའི་སྟེང་དུ། རང་གི་གནས་ཚོད་དང་དགོས་དབང་ལ་བསྟུན་པའི་འཁྲབ་སྟོན་གྱི་གདོང་འབག་མང་པོ་གྱོན་དགོས། དཔེར་ན་ང་ཚོ་རང་གི་ཕ་མ་ལ་ལྟོས་པས་བུ་ཕྲུག་ཡིན་ལ། བཟའ་ཟླ་ལ་ལྟོས་པས་ཁྱོ་ཀའམ་ཆུང་མ་ཡིན། བུ་ཕྲུག་ལ་ལྟོས་པས་ཕ་མ། ལས་གནས་ལ་ལྟོས་པས་མགོ་བ་དང་ལས་བཟོ་བ། སློབ་མ་ལ་ལྟོས་པས་དགེ་རྒན། ད་དུང་མིང་སྲིང་དང་གཉེན་ཉེ། གྲོགས་པོ་དང་དགྲ་བོ་སོགས་སྐྱེ་བ་གཅིག་ལ་མི་སྣ་མང་པོ་འཁྲབ་དགོས། ང་ཚོས་འབད་པ་དང་རྩོལ་བ་ཆེན་པོ་བསྐྱེད་ནས་འཁྲབ་བྱའི་མི་སྣ་དེ་ཉིད་ཀྱི་ཆས་སུ(角色)སུ་ཧུར་གྱིས་འཇུག་ངེས་ཀྱང་། དེ་ཉིད་རང་གཞན་ཀུན་གྱི་བློ་ཡིད་ཚིམས་པ་ཞིག་འཁྱོངས་བའི་ངེས་པ་ཁྱོན་ནས་མེད་དེ། ང་ཚོ་བུ་ཕྲུག་ཡག་པོ་ཡིན་ཡང་བཟའ་ཟླ་བཟང་བོ་ཡིན་པའི་ངེས་པ་མེད་ཅིང་། གྲོགས་པོ་བཟང་བོ་ཡིན་ཡང་ལས་གྲོགས་ཕུལ་བྱུང་ཅན་ཞིག་ཡིན་པའི་ངེས་པ་མེད་པ་ལྟ་བུ་རེད། 

འོན་ཏེ་ཕལ་བའི་སྐྱེ་བོ་དག་གིས་མིའི༼ཕྱི་ཤུན་གྱི་ཆ༽ཁོ་ནར་གཞིགས་ནས་ང་ཚོའི་མི་གཤིས་ལ་བསྡོམས་ཚིག་འཇོག་པར་བྱེད་དེ། ལྷག་ཏུ་ནམ་རྒྱུན་ཀུན་སྤྱོད་ཀྱི་སློབ་གསོ་ཁ་ལ་ཁྱེར་བའི་མི་དག་ནི་ཕྱོགས་རེ་བའི་སྒོ་ནས་ཀུན་སྤྱོད་ཀྱི་འཆིང་བ་སྐོན་པར(道德绑架)དགའ། ཞིབ་ཏུ་བསམ་ན། མི་རེ་རེས་འཚོ་བའི་ཁྲོད་དུ་བསམ་བཞིན་དང་བསམ་བཞིན་མ་ཡིན་པ། དགོས་དབང་དང་ལྟས་དབང་གང་རུང་གིས་སོ་སོ་འཁྲབ་སྟོན་པ་སྣ་ཚོགས་ཀྱི་ཆས་སུ་ཞུགས་པས་ན། ང་ཚོའི་གོམས་གཤིས་སུ་ཆགས་པའི་བཤད་སྟངས་ལྟར༼མི་བཟང་བོ༽ཞིག་བྱེད་རྒྱུ་དེ་སླ་མོ་ཞིག་གཏན་ནས་མིན།  དགེ་སྒྲུབ་སྡིག་སྤོང་། བྱམས་དང་སྙིང་རྗེ་སོགས་ཀྱང་སྤྱིར་བཏང་གི་ཁ་བརྡ་སློབ་གསོ་ཙམ་ལ་བརྟེན་ནས་མིའི་རྒྱུད་ལ་འཇོག་དཀའ་སྟེ། ང་ཚོའི་ལས་ཀ་ལ་ལ་མི་འདོད་ནན་གྱིས་འཇུག་དགོས་པའི་སྐབས་ཡོད་ཅིང་། འགའ་རེ་འདོད་ཀྱང་བཙན་གྱིས་འགོག་དགོས་པའི་སྐབས་ཀྱང་མང་ངོ་།། དེ་བས་མིའི་ཕྱི་ཚུལ་གྱི་གཤིས་ཀ་ནི་འགལ་འདུའི་ཕུང་བོར་གྲུབ་ཅིང་། འགལ་འདུ་དེའི་ཁྲོད་དུ་ང་ཚོས་དགའ་སྐྱོ་ཆགས་སྡང་གི་ཟློས་གར་སྣ་ཚོགས་འཁྲབ་ཅིང་། འགལ་འདུ་དེའི་ཁྲོད་ནས་མི་ཞེས་པ་དང་མི་ཚེ་ཞེས་པའི་རང་བཞིན་གྱི་ཟུར་ཞིག་མཐོང་ཐུབ་པ་ཡིན་ནོ།། 

མི་ནི་ཤིང་སྡོང་རྐང་གཅིག་བཞིན་ནམ་ཡང་ཁེར་རྐྱང་དུ་སྡོད་མི་ཐུབ་ཅིང་། དུད་འགྲོ་ཁྱུ་གཅིག་མཉམ་དུ་འདུས་པ་བཞིན་གདོད་མའམ་ལྷན་སྐྱེས་ཀྱི་གཤིས་ཀ་ཁོ་ན་རྒྱུན་བསྲིངས་ནས་སྡོད་དཀའ། ང་ཚོ་འཇིག་རྟེན་འཁོར་བའི་གནས་སུ་སྐྱེས་ཡོད་ཙང་། མི་སྣ་འདྲ་མིན་གྱི་གདོང་འབག་མི་གྱོན་ག་མེད་ཡིན་པས། ལྟོས་མེད་ཀྱི༼མྱི་བཟང་༽བྱེད་ཐབས་མེད་ཅིང་། ལྟོས་མེད་ཀྱི༼མྱི་ངན༽དུའང་འགྱུར་ཐབས་མེད་དེ། སོ་སོའི་འཁྲབ་བྱ་གང་དེའི་མི་སྣ་ཇི་ལྟར་འཁྲབ་སྟོན་བྱེད་མཁས་མིན་ལ་བལྟ་འོས་སོ།།

དེ་ལྟ་བུའི་འཁྲབ་སྟོན་པའི་གདོང་འབག་གི་རྒྱབ་ཏུ། མི་སོ་སོར་རྩ་བའམ་གཙོ་བོར་གྱུར་བའི་རིན་ཐང་གི་ལྟ་བ། དད་མོས་ཀྱི་སེམས་ཁམས། མཛེས་དཔྱོད་ཀྱི་རྟོག་པ་སོགས་འདུས་པའི་སེམས་ཁམས་ཀྱི་སྒྲིག་གཞི་ཞིག་གྲུབ་ཡོད་ཅིང་། དེ་ཁོ་ནས་ཁྱོད་རང་སྒེར་ཚུགས་ཅན་གྱི༼མི་བུ༽ཞིག་ཡིན་པ་བདེན་དཔང་བྱེད་པ་ཡིན། ལ་ལས་མི་བུའི་སྒེར་ཚུགས་ཞེས་པ་གང་ལའང་མི་བསྟུན། ཀུན་ལ་མི་འདྲ་བའི་གཤིས་གྱོང་གཡག་རྭ་སྐམ་པོ་ལྟ་བུ་ཞིག་ཏུ་འདོད་ནས། དེ་མི་བཟང་ཚུལ་དང་མི་ལེགས་ཚུལ་ཤོད་པ་ནི་མི་གཤིས་ལ་གོ་བ་ཅུང་མ་ལོན་པའི་རྟགས་སོ།། མི་གཤིས་ཀྱི་ཁྱད་པར་ལས་སྐྱེ་བོ་སོ་སོའི་ཐུན་མིན་གྱི་ཆ་མངོན་པར་གསལ་ཐུབ་ཅིང་། མིའི་ཁེ་དབང་། བརྩིས་ཐང་། གསར་གཏོད་སོགས་ཀྱང་འདི་ལས་འབྱུང་བ་ཡིན། ང་ཚོས་འཇིག་རྟེན་འདི་ནས་ཁ་ལ་ཟས་ཟོས། རྒྱབ་ལ་གོས་གྱོན། འགྲོ་འཆག་ཉལ་འདུག་གི་ནར་མའི་སྤྱོད་ལམ་རྒྱུན་བསྲིངས་ནས་སྡོད་པ་ནི་རང་བྱུང་གི་འཚོ་ལུགས་ཙམ་ཡིན་ལ། ཐོབ་འོས་པའི་ཁེ་དབང་ལོངས་སུ་སྤྱོད་པ། ལྡན་འོས་པའི་བརྩིས་ཐང་ལ་བརྩི་འཇོག་ཐོབ་པ། དད་མོས་དང་བརྩེ་དུང་ལྡན་པ། རང་གི་ལྟ་བ་དང་བསམ་བློ་ལྡན་པར་འཚོ་བ་ནི་འགྲོ་བ་མི་ཡི་ཐུན་མིན་གྱི་འཚོ་སྟངས་དང་། མིའི་འགྲོ་བ་ཁྱད་དུ་འཕགས་པའི་ཆ་གཅིག་པུ་ཡིན་ཏེ། ལྷ་དང་དཀོན་མཆོག་གིས་གནང་བའི་བླ་ན་མེད་པའི་དངོས་གྲུབ་ནི་འདི་ཡིན་ལ། ༼མི་ལུས་རིན་པོ་ཆེ་ཐོབ་དཀའ་བའི༽རྒྱུ་མཚན་ཡང་འདི་ལ་བཞག་ཆོག་གོ། 

 མི་གཤིས་ནི་དེ་འདྲའི་གལ་ཆེ་ཞིང་། དེ་འདྲའི་རིན་ཐང་ལྡན་པ་སྟེ། མི་ཉིད་མི་རུ་སྐྱེས་པའི་དོན་གོ་གལ་ཆེ་བ་ཞིག་ནི་འདི་ཡིན་སྟབས། རང་གི་མི་གཤིས་ལ་བརྩི་འཇོག གཞན་གྱི་མི་གཤིས་ལ་རྒྱུས་ལོན་བྱེད་པ་ནི་གལ་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་ཡིན། གང་དུ་ཆབ་སྲིད་ཀྱི་ལམ་ལུགས་དང་རིག་གནས་ཀྱི་ལྟ་གྲུབ་ཀུ་ཡངས་པོ་ལྡན་ས་དེར་མི་གཤིས་ལ་བརྩི་འཇོག་དང་རྒྱུས་ལོན་གྱི་གོ་སྐབས་ཐོབ་པར་འགྱུར་ཞིང་། གང་དུ་ལམ་ལུགས་དང་ལྟ་གྲུབ་དོག་པོ་དང་སྣ་གཅིག་མཆོག་འཛིན་ཅན་དུ་གྱུར་བ་དེར་དེ་ལས་ལྡོག་པ་ཡིན་ངེས། འཚོ་བའི་ཁྲོད་དུ། མི་ཕལ་མོ་ཆེས་ལྭ་བ་རྫིག་པོ་གྱོན་པ། རྒྱན་ཆ་འཕྱོར་བོ་འདོགས་པ། ཡང་ན་རླངས་འཁོར་དང་ཁང་ཁྱིམ་སོགས་རྒྱས་སྤྲོས་ཆེན་པོ་ཅན་ངོམ་སོ་བྱེད་པར་དགའ་ཞིང་། དེའང་གལ་ཆེ་བ་གཅིག་ནི་སོ་སོའི༼ཐུན་མིན་གྱི་ཆ༽ཕྱིར་མངོན་པར་འདོད་པ་ཡིན། ཞིབ་ཏུ་བསམ་ན། མི་རྣམས་ཀྱི་རང་བྱུང་གི་འཚོ་བའི་རྣམ་པར་གཏོགས་པའི་ཆ་འདི་དག་གི་སྟེང་ནས་རང་ཉིད་ཀྱི༼ཁྱད་ཆོས༽མངོན་འདོད་པ་ལ་རྒྱུ་རྐྱེན་གལ་ཆེ་བ་གཉིས་ཡོད་དེ། གཅིག་ནི་ལམ་ལུགས་དང་རིག་གནས་ལྟ་གྲུབ་དོག་མོའི་འོག་ཏུ་རང་གི་ནང་གི་མི་གཤིས་མངོན་པར་མ་ནུས་པས་ན་དེ་ལྟར་མི་བྱེད་ཐབས་མེད་དུ་གྱུར་བ་ཡིན་ལ། གཉིས་ནི་མི་སོ་སོའི་རང་གི་རྩ་བའམ་གཙོར་གྱུར་བའི༼མི་གཤིས༽ལ་ངེས་ཟིན་ཅི་ཡང་མ་ཐོབ་པ་ལས་བྱུང་བར་སྣང་། འདིར་རང་བྱུང་གི་འཚོ་སྟངས་ལས་བྱུང་བའི༼ཁྱད་ཆོས༽ཕྱིར་མངོན་པ་མི་ལེགས་པའི་དོན་ཅི་ཡང་མེད་དེ། དེའང་མི་ཡུལ་བཀྲག་མདངས་ལྡན་པ་དང་། མི་ཚེ་ཕུན་ཚོགས་སུ་སྒྱུར་བའི་ཐབས་ཤིག་ཡིན་མོད། ཇི་སྲིད་མི་གཤིས་ཀྱི་ནང་གི་སྙིང་བོ་དེ་ཉིད་མངོན་མ་ཐུབ་པ་དེ་སྲིད་དུ། ང་ཚོར་ཡིད་ཚིམས་པ་དང་ཞེ་སིམ་པའི་ཚོར་བ་དངོས་མ་ཞིག་འབྱུང་དཀའོ།།

མི་གཤིས་ནི་རིག་གནས་ཀྱི་སྐྱེད་འབྲས་ཡིན་ལ། མི་གཤིས་ནི་འཚོ་བའི་འབྲེལ་བ་སྣ་ཚོགས་ཀྱི་བཙོ་སྦྱངས་ལས་བྱུང་བའང་ཡིན། འགྲོ་བ་མིའི་རྒྱུད་ན་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ལྷན་སྐྱེས་ཉིད་ནས་ཡོད་ཅིང་། དེ་ཡོད་པས་སྐྱོན་ཆ་བཟོ་སྲིད། ནོར་འཁྲུལ་འབྱུང་སྲིད། རྨོངས་བའི་བྱ་བྱེད་ཅི་རིགས་པ་རྩོམ་སྲིད་པ་ཁས་ལེན་དགོས། དེས་ཕྱིར། ཁྲིམས་དང་སྒྲིག་སྲོལ་སོགས་དྲག་པའི་ཐབས་དང་། ཆོས་དང་སློབ་གསོ་སོགས་ཞི་བའི་ཐབས་ཀྱིས་ལེགས་སྤེལ་ཉེས་འགོག་བྱེད་པའི་དགོས་པའང་བྱུང་བ་རེད།  སྤྱིར་ན་དེ་ནི་དགོས་ངེས་ཤིག་ཡིན་མོད། ལན་རེར་སྒྲིག་ཁྲིམས་དང་ཀུན་སྤྱོད་ཀྱི་བཅས་པ་མང་པོ་ཞིག་གིས་མིའི་གཤིས་ཀ་འབུར་འཇོམས་གཏོང་བ་ཐལ་དྲགས་པར་འགྱུར་སྲིད་ཅིང་། ལྷག་ཏུ་སྲིད་ཁྲིམས་དང་ཆོས་ལུགས་སོགས་དང་ཚོགས་སྡེ་ག་ག་གེ་མོའི་དམིགས་ཡུལ་སྒྲུབ་པའི་ཐབས་དང་གྲོགས་ཁོ་ནར་གྱུར་བའི་ཚེ་ན་གཞི་མི་གཤིས་ཁྱད་དུ་གསོད་པའི་སྦྱོར་བ་དེ་འདྲ་མངོན་སུམ་དུ་རྩོམ་སྲིད།

མི་གཤིས་ལ་བརྩི་འཇོག་བྱེད་པ་ནི་དོན་གྱིས་མིའི་རིན་ཐང་ལ་བརྩི་འཇོག་བྱེད་པ་ཡིན་ལ། མིའི་རིན་ཐང་ལ་ཁས་ལེན་དང་ཁེ་དབང་ལ་གོང་བཀུར། གསར་གཏོད་ཀྱི་ནུས་པ་སྐྱེད་བསྲིངས་དང་དད་མོས་དང་བརྩེ་དུང་ལ་རང་དབང་སྤྲོད་པ་ཡིན།  རིག་གནས་དང་ལྟ་བ་སྣ་མང་ཅན་གྱི་དགེ་མཚན་ཡང་འདི་ནས་མངོན་དགོས་པར་སྣང་། མི་གཤིས་ལ་ཁས་ལེན་མེད་པའམ་མི་བརྒྱ་ཐམ་པའི་བསམ་བློ་དང་ལྟ་བ།  དད་མོས་དང་བརྩེ་དུང་ལ་ཁྱད་པར་ཅི་ཡང་མེད་པར་དཔར་ཀོང་གཅིག་ལས་བཏོན་པ་ལྟ་བུ་ཞིག་ཡིན་ན་ལེགས་པར་སྙམ་པའམ།  དེ་འདྲ་ཞིག་ཏུ་བསྒྱུར་ཨེ་ཐུབ་ཀྱི་རྩོལ་བ་བྱེད་པ།  སྒྱུར་བྱེད་ཀྱི་ལམ་ལུགས་འཛུག་པ་སོགས་ནི་མིང་གི་ཅོད་པན་ཇི་འདྲ་ཡག་དོགས་ཟོན་བྱ་དགོས་པ་ཉིད་དོ།།