དེ་སྔོན་མངའ་རིས་པ་གཞུང་པ་ཨ་ཞང་ཚེ་རིང་ཆོས་འཕེལ་གྱིས་རྩོམ་སྒྲིག་གནང་བའི་((མངའ་རིས་ལོ་རྒྱུས་དེབ་ཐེར))བརྒྱུད་ནས་འོམ་ལྷ་ཡུལ་ལ་སྟོད་ཀྱི་ཡུལ་ཚོ་དྲུག་དང་བར་གྱི་ཡུལ་ཚོ་བདུན། གཙང་ལ་ཡུལ་ཚོ་ལྔ་ཞེས་བཤད་སྟངས་མང་པས་རེ་ཞིག་མགོ་བོ་འཐོམ་པ་ལས་འོམ་ལྷའི་ཡུལ་མི་རེ་ལ་འབྲེལ་གཏུགས་བྱེད་མ་ཐུབ་པར་ལུས་ན།

ཡང་སྟེས་དབང་མིན་ནམ་སྙམ་པའི་དུས་ཤིག་ཤར་ནས་གཡང་དྲུང་བོན་གྱི་གདན་ས་སྨན་རི་གླིང་གི་དགེ་བཤེས་དོལ་པོ་ཆོས་འཁོར་ཚང་ཉི་མ་འོད་ཟེར་དང་དགེ་བཤེས་མར་ནང་ཁྲི་གཡང་དྲུང་། གྲྭ་གཞོན་དང་དོད་ཅན་ར་མདའ་བ་སོགས་བརྒྱུད་ནས་འོམ་ལྷའི་ཡུལ་མི་དགེ་བཤེས་ཚེ་དབང་མཆོག་ལ་འབྲེལ་མཐུད་བྱེད་པའི་སྐལ་བ་སྨིན་ན།

དགེ་བཤེས་མཆོག་གདན་སའི་ཕྱག་ལས་སྟབས་ཀྱིས་དུས་ཚོད་འདང་ངེས་ཤིག་མེད་པ་བདེན་མོད་ཀྱང་། གུས་པས་རང་གཤིས་ལྟར་ཡང་དང་བསྐྱར་དུ་ དགེ་བཤེས་མཆོག་ལ་འོལ་ལྷ་ལུང་པ་ནི་རྒྱལ་ཁོངས་དང་མངའ་སྡེ། རྫོང་གང་ན་ཆགས་པའི་སྐོར་བཀའ་འདྲི་ཞུ་རྒྱུ་རེག

འོམ་ལྷའི་ཡུལ་ནི་སྟོན་པ་གཤེན་རབ་མི་བོ་ ཆེ་བྱིན་གྱིས་རླབས་པའི་ཞང་ཞུང་གི་བླ་རི་གངས་དཀར་ཏི་སེ་དང་། བླ་མཚོ་མ་ཕམ་གཡུ་མཚོ་གཉིས་དང་ཉེ་བའི་ནུབ་ཕྱོགས། བལ་ཡུལ་གྱི་(NEPAL)བྱང་ནུབ་མཚམས་ཀྱི་ཀཱར་ནཱ་ལཱེ(karnal)མངའ་སྡེ་དང་འོམ་ལྷ(humla)རྫོང་ན་ཆགས། སྤྱིར་འོམ་ལྷ་ནི་དོན་དངོས་ཐོག་འོམ་ལྷ་མིན་པར་ཧཱུྃ་ལྷ་ཞེས་ཧཱུྃ་ནི་ལྷ་ཚོགས་དང་། དགྲ་བགེགས་ལ་སོགས་ཚུར་དབང་དུ་བསྡུད་པ་དང་། ལྷ་ནི་གཙང་མ་ཞང་ཞུང་གི་ལྷ་ཚོགས་འདུ་བའམ་བཞུགས་པའི་གནས་ཡིན་པས་དེ་སྐད་ཟེར་བ་བཤད། ད་ཆ་འོམ་ལྷ་རྫོང་གི་ཁྱབ་ཁོངས་སུ་གཏོགས་པའི་ཡུལ་སྡེ་ལ་སྟོད་སྨད་བར་གསུམ་དུ་ཡོད་པ་ཚང་མའི་ཡུལ་སྲོལ་གོམས་གཤིས་ནི་རིག་གཞུང་རྙིང་པ་ཞང་ཞུང་དང་འབྲེལ་བ་དམ་ཟབ་ཞིག་ཆགས་ཡོད། དུས་རབས་བདུན་པའི་ཡར་སྔོན་དུ་ཞང་ཞུང་གི་མངའ་འབངས་དང་། དེ་ནས་དུས་རབས་ཉི་ཤུ་པའི་སྟོད་ཙམ་ཡན་ལ་བོད་ཀྱི་ཁྱབ་ཁོངས་སུ་གཏོགས་པ་ཡིན།

འཛམ་གླིང་གི་ཡུལ་དབུས་གངས་དཀར་ཏི་སེའི་ཉེ་འཁོར་སྟག་གཟིག་འོལ་མོ་ལུང་རིང་དང་ཉེ་སའི་སྐྱེས་ཆེན་དམ་པ་དང་། ལྷ་སྲུང་དམ་ཅན་རྣམས་ཀྱིས་རྟག་ཏུ་གཟིགས་པའི་པའི་ས་གནས་ཞིག་ཏུ་ངེས་ཏེ། རང་བྱུང་གི་སྒྲུབ་ཕུག་དང་། སྒྲུབ་ཆུ་བཀའ་རྟགས་ཕྱག་རྗེས་ད་ལྟ་དངོས་སུ་མཇལ་ཡུལ་ཡོད།
འོམ་ལྷ་སྟོད་སྨད་བར་གསུམ་ལས་འོམ་ལྷ་སྟོད་ནི་མངའ་རིས་པུ་ཧྲེང་རྫོང་གི་ཉེ་འགྲམ་ལྷོ་ནུབ་ཕྱོགས་ནས་ད་ཆ་བལ་པོའི་བྱང་ནུབ་བོད་ཀྱི་ས་མཚམས་བོད་སྐད་དུ་ཡུལ་སའམ་གཡུལ་ས་སྟེ། མོན་སྐད་དུ་ཧིལ་ས་ཞེས་པའི་ཡུལ་དེ་ཡིན། དེ་ནས་མར་ཡུལ་ལུང་ཆེན་པོ་གླེ་མི་ཡུལ་ཚོ་གསུམ་དང་ཡུལ་ཚོ་བདུན་ནི་༡ཡན་རིག་དང་། ༢དུམ་བུ། ༣མུ་ཛུ། ༤ཡང་གར། ༥ཡོལ་འབངས། ༦ཙལ་ལལ།༧ ཟངས་རག་བཅས་ཡུལ་ཚོ་བདུན་ཡོད། དེ་དག་གིས་འབྲི་གུང་བཀའ་བརྒྱུད་པའི་ཆོས་ལ་དད་མོས་ཆེན་པོ་བྱེད་ཀྱིན་ཡོད།

དེ་ནས་མར་དྲུག་ཆུ་ལུང་ཞེས་འབབ་ཆུ་དྲུག་གི་གླིང་ན་གཞིས་ཆགས་པའི་གྲོང་ཚོ་ཐོག་མ་ནི།༡ཟངས་རག ༢བཅའ་ཐོག ༣ཁམས་གུང་། ༤ཁ་ལོ་ཡི། ༥ཛར་ཁོལ་ཅི། ༦ལ་ག།༧ཟབ་དུང་པ། ༨ཡབ་ཀ།(9) ༡༠དམ་གྷིན་བཅས་ཡུལ་ཚོ་བཅུ་ཡོད་པ་འདི་དག་ཕལ་ཆེར་སྔ་འགྱུར་རྙིང་མ་པ་དང་། འགའ་ཞིག་གིས་དཔལ་ལྡན་ས་སྐྱ་བའི་ཆོས་སྒོར་ཞུགས་མཁན་རེད་འདུག

འོམ་ལྷ་བར་པ་ནི་ཉིན་ཡུལ་ཚོ་བཞི་ནི། ༡དྲང་ཤེད། ༢སྟོད་པ། ༣བར་གང་། ༤ཉི་མ་འཕྲང་བཅས་བཞི་དང་། ཡུལ་ཚོ་ཆུང་བ་བདུན་ནི། ༡གླང་ཀླུ། ༢ཤམ་ཉི། ༣འུར་རི། ༤བཀྲ་སྐྱིད། ༥གདུང་ལུང་པ། ༦ཛལ་ཐག ༧གཙང་བཅས་ཆགས་ཡོད།

དེ་ལ་ཉིན་ཡུལ་ཞེས་པ་ནི། འོམ་ལྷའི་ཤར་ཕྱོགས་ཀྱི་གནས་ཆེན་ཤེལ་མོ་གངས་ཀྱི་ཕྱོགས་ནས་ཞོགས་པ་སྔ་མོར་ཉི་མ་ཤར་ཞིང་དགོང་མོར་ཉི་མ་མ་ནུབ་པ་བར་དུ་ཉིན་གང་བོར་ཉི་མའི་ཕྱོགས་སུ་ཁ་གཏད་པ་ལྟ་བུ་ཡོད་པས་ཉིན་ཡུལ་ཞེས་བཏགས་པ་བཤད། ཉིན་ཡུལ་གྱི་སྡེ་བ་རྣམས་ཀྱིས་གནའ་བོའི་རིག་གཞུང་ལྷ་གསོལ་བ་དང་། ཆས་གོས་འཚོ་ཐབས་སོགས་ནི་ད་དུང་ཡང་གནའ་བོའི་སྲོལ་མ་ཉམས་པ་ཡོད། མི་དམངས་ཚོར་གནས་སྐབས་ནད་དང་འགལ་རྐྱེན་སྣ་ཚོགས་བྱུང་ཚེ། མྱུར་དུ་ལྷ་པའི་མདུན་ཕྱིན་ནས་ལྷ་པར་ལྷ་ཕབ་ཏུ་བཅུག་ནས་ཞབས་རིམ་གང་དགོས་ཞུ་གིན་ཡོད། ལྷ་སྐད་ལས་ཡུལ་སྐད་དུ་བསྒྱུར་མཁན་གྱི་ལོ་ཙཱ་བའམ་ཡུལ་སྐད་དུ་དྲང་རིག་ཟེར་བ་ཞིག་ཡོད་པ་དེས་ལྷས་གང་གསུངས་པ་བསྒྱུར་གྱིན་ཡོད། ལྷ་པ་ནི་སྡེ་བའམ་ཡུལ་ཚོ་སོ་སོའི་ནང་ཁྱིམ་ཚང་གཅིག་གི་ནང་དུ་ཕའི་ཤུལ་བུ་འཛིན་པ་ལས་ཁྱིམ་ཚང་གཞན་པའི་བུ་རྒྱུད་ཡོང་སྲོལ་མེད་པ་འདྲ། དཔེར་ན་ཁྱིམ་དེའི་ཕ་དེ་ལྷ་པ་ཡིན་ཚེ་ཕ་དེའི་རྗེས་འཛིན་ལྷ་པ་ལ་ཁྱིམ་ཚང་དེའི་ནང་གི་བུ་དང་། ཚ་བོ་གང་རུང་ཞིག་བསྐོ་པ་ལས་ཁྱིམ་གཞན་པ་ཞིག་གི་བུ་སོགས་འཇོག་སྲོལ་མི་འདུག ལྷ་སྐད་ལས་ཡུལ་སྐད་དུ་བསྒྱུར་མཁན་གྱི་དྲང་རིག་དེ་ཡང་ལྷ་པ་ལྟར་ཁྱིམ་ཚང་གཅིག་གི་བརྒྱུད་པ་དགོས་པར་བཤད། ལྷ་པ་དང་། ཡུལ་མིའི་ཆས་གོས་ནི། ལྷ་གོས་གཞི་མ་དཀར་ལ་མཐའ་དམར་པོས་བརྒྱན་པ། ཐོད་པར་དར་དཀར་གྱིས་ཐོད་བཅིང་ཞིང་ཐོར་ལྕོག་ཀྱང་བཅིང་གི་ཡོད་པ་རེད། ཉིན་ཡུལ་ཚན་སྤྱི་ཁྱབ་ཀྱི་དབང་དུ་བཤད་ན་ཡུལ་ལྷ་སྤུན་ལྔ་ནི་དྲང་ཤེད་ཡུལ་ལྷ་དོན་གྲུབ་དཀར་པོ་དང་། སྟོད་པའི་ཡུལ་ལྷ་གུང་དཀར་པོ། བར་གའི་ཡུལ་ལྷ་སེང་གེ་རལ་པ། མགོན་པོ་ཕྱག་དྲུག ཉི་མ་འཕྲང་གི་ཡུལ་ལྷ་གཞི་བདག་དང་ལྔ་བཅས་བརྩི་སྲོལ་འདུག ཉིན་ཡུལ་གྱི་ཡུལ་མིའི་རྣམས་ཀྱི་འཚོ་ཐབས་གཙོ་བོ་ནི་ས་མ་འབྲོག་ཡིན། ཚོང་ལས་ཡང་སྟོད་མངའ་རིས་སྤུ་ཧྲེང་རྫོང་ནས་ཚྭ་གཏེར་ལས་ཚ་ལེན་ནས་སྨད་འོམ་ལྷའི་རིང་ཡུལ་རོང་སའི་འབྲུ་རིགས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་འབྲས། སྲན་མ། གྲོ་ ནས། ཏིལ་བཅས་ལུག་ལ་ཁལ་འགེལ་ཏེ་ཚ་དང་འབྲུ་ལ་བརྗེས་ཚོང་བྱེད་ཀྱིན་ཡོད། ཁྱིམ་ཚང་འགའ་རེའི་བུ་སྤུན་མང་རིགས་ལ། བུ་འགའ་ཞིག་གིས་ཞིང་ལས་དང་། རེ་འགས་འབྲོག་ལས་དང་། ཞོར་དུ་འབྲས་དང་ཚྭའི་ཚོང་ལས་བྱེད་ཀྱིན་ཡོད། ཡུལ་མི་འདི་དག་ལོ་སར་སྐབས་སུ་འབྲོག་ལས་བྱེད་མཁན་རྣམས་མཉམ་དུ་འཛོམས་ནས་རི་མཐོ་སར་འགྲོ་ནས་ལྷ་ཤུག་ལྷ་ཤིང་ལ་དར་རས་འདོགས་ནས་ཟས་ཕུད་དཀར་གསུམ་མངར་གསུམ་དང་ཞལ་ཏིམ་༼ཞལ་ཏ་༽དང་འབྲང་རྒྱས་བཅའ་སྟེ་ལྷ་ཤིང་ལྷ་དར་བཙུགས་ནས་བསང་གསོལ་རྒྱས་པ་བྱེད་ནས་འབྲོག་ལས་གཉེར་བར་བྱེད་པ་དང་། དེ་བཞིན་ཞིང་པ ཚོས་དཔྱིད་ཀ་དང་སོས་ཁར་སྔོ་ལྗང་ཐིང་ངེ་ཆགས་པའི་ཐོག་མར་༼བེ་ཤག་༢༠དང་༢༡གྷ་ཏེ་ལ་སྔོ་དབྱངས་མཆོད་༼ཨོ་དབྱངས་གསོལ་མཆོད་རྒྱས་འབུལ༽དབྱར་ཁར་༼ཨ་སར་༢༠གྷ་ཏེ་ཡུལ་མི་ཚོས་ཡུལ་སར་གསོལ་མཆོད་རྒྱས་འབུལ་བྱས་ཏེ་ཆང་གླུ་བྲོ་གར་རྩེད་ནས་དགའ་སྤྲོའི་ངང་ནས་མཇུག་བསྡུ་པ་དང་སྟོན་ཁར་ཡུལ་མི་ཚོར་སྒྲ་བླའམ་དགྲ་ལྷར་ཆང་དང་མར་ཞུན་མཆོད་མེ་བཤམས་ནས་གསོལ་མཆོད་རྒྱས་འབུལ་བྱེད།དེ་བཞིན་དགུན་ཟླ་བའི་མག་ཟླ་ཚེས་༡༣་ལ་སྲུང་མ་མཆོད་སྤྲིན་རྒྱས་པར་གསོལ་མཆོད་གནང་པའི་ཡུལ་ཚོ་འི་ལུགས་སྲོལ་ཞིག་མ་ཉམས་པར་ད་ལྟའི་བར་གནས་ཡོད། འོམ་ལྷ་སྨད་ནི་དེང་དུས་མོན་པ་ཞེས་རྒྱ་ཆེ་ཙམ་ཡོད་ན། ཞིབ་ཕྲ་ཞུ་རྒྱུ་མི་འདུག།