—འཆི་ཞགས།

དང་ཐོག་གླུ་བ་རིག་དགའི་དོན་རྐྱེན་བཤད་དགོས་དོན་ནི་གཅིག་ནས་གུས་པ་རང་ཉིད་དེ་དགོང་གནས་དེར་ཡོད་པས་དོན་རྐྱེན་གྱི་ཐོག་མཐའ་བར་གསུམ་མཐོང་ཐོས་བྱུང་བས་དྲྭ་གྲོགས་མང་པོས་དྲྭ་ལམ་དང་འཕྲིན་ལམ་ཁ་པར་བརྒྱུད་ནས་དེ་དོན་འདྲི་མཁན་མང་བས་དེང་སྐབས་ལས་དོན་གྱིས་བྲེལ་བས་རེ་རེ་བཞིན་ལན་འབུལ་མ་ཐུབ་བས་དྲི་ལན་གྱི་དོད་དུ་དང་། གཉིས་ནས་ཉེ་ཆར་དྲྭ་ལམ་ཁག་ཏུ་འཁྱོག་བཤད་དང་འཆལ་གཏམ་མང་པོ་སྤེལ་ཞིང་དོན་དངོས་ལས་ལྡོག་པའི་གནས་ཚུལ་གླེང་བཞིན་པ་དེ་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་ལགས།

དང་པོ།

སྤྱིར་ན་གླུ་བ་རིག་དགའ་ཞེས་ཕོ་ཉམས་དོད་ལ་སྐད་ངག་སྙན་ཞིང་གླུ་ཚིག་བཟང་བའི་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པས་ཆུང་བྱིས་པའི་དུས་ནས་གླུ་བ་ཁོང་གིས་བདག་སེམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་མྱོང་བས་ཁོང་མཇལ་འདོད་ཀྱི་རེ་བ་ཤིན་ཏུ་ཆེ། དེར་བརྟེན་༢༠༡༤ ༡༠ ༦ཉིན་གུས་པ་ནག་ཆུར་སླེབས་ནས་ཟ་ཁང་ཞིག་ཏུ་ཟ་མ་བཟའ་བཞིན་འཕྲིན་ཕྲན་གྲོགས་ཚོམས་ཁ་ཕྱེས་ནས་བལྟས་པས་གྲོགས་པོ་ཞིག་གི་བར་སྟོང་ནང་ལ་གླུ་བ་རིག་དགའ་ནག་ཆུ༼སྦྲ་ནག་མི་རིགས་གླུ་གར་གླིང་༽(黑帐篷民族大演艺宫)དུ་གདན་འདྲེན་ཞུས་ནས་གླུ་གཞས་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞེས་པའི་བརྡ་སྦྱོར་ཞིག་མཐོང་བྱུང་བས་གྲོགས་ཁ་ཤས་ལ་གླེང་ནས་མཉམ་དུ་ལྟད་མོར་འགྲོ་རྒྱུར་གྲོས་མཐུན་བྱུང་། དེ་བཞིན་དགོང་མོ་དུས་ཚོད་བཅུ་པ་ཡོལ་ཙམ་ཞིག་ལ་དངོས་སུ་གླུ་གར་ཁང་དུ་ཕྱིན་པས་གནས་དེར་མི་ཚོགས་མང་ལ་ཡར་མར་འཚང་ཁ་ཤིག་ཤིག་གི་ངང་ནས་བསྡད་ས་ཚང་མ་ཁེངས་ཚར་བས་མ་ཚད། སྡོད་ས་གསར་པ་མང་པོ་བཟོས་ནས་ནང་མའི་སྟེང་འོག་གཉིས་ཀར་རྒས་མགོ་དཀར་ལག་རྟེན་བཟུང་བ་དང་ཆུང་བྱིས་པ་ནུ་མ་འཇིབ་པ་ཡན་གྱི་མི་ཚོགས་མང་པོས་ཁེངས་འདུག དེ་ནས་ང་ཚོ་འགྲོ་ལམ་ནང་དུ་བསྡད་ས་གསར་པ་ཞིག་བཟོ་རོགས་ལབ་ནས་ལྟད་མོ་ལ་རོལ་བཞིན་གླུ་བ་རིག་དགའ་ནམ་ཐོན་ཡོང་བསམ་ནས་རེ་སྒུག་བྱེད་བཞིན་བསྡད་པ་ཡིན།

འོན་ཀྱང་དུས་ཚོད་གཅིག་སོང་གཉིས་འདས་ཡུན་རིང་ཞིག་ལ་སྒུག་མཐར་དུས་ཚོད་གསུམ་པ་ཙམ་ཞིག་ལ་མདོ་འཛིན་པས་འཚམས་སྦྱོར་གྱི་ལམ་ནས་ཆེ་བཤད་དང་བསྟོད་བསྔགས་གང་མང་ཞིག་ཕུལ་མཐར་གངས་ལྗོངས་པི་ཝང་དཀར་པོའི་མཚན་སྙན་ཐོབ་པའི་གླུ་བ་དེ་སུ་རེད་ཅེས་དྲི་བ་ཞིག་བཏང་བས་ལྟད་མོ་བ་རྣམས་ཀྱིས་རིག་དགའ་རེད་ཅེས་ལན་འདེབས་གནང་སོང་།

གླུ་བ་རིག་དགའ་གར་སྟེགས་སུ་ཕེབས་པའི་རྣམ་པ།

གླུ་བ་རིག་དགའ་གར་སྟེགས་སུ་ཕེབས་པའི་རྣམ་པ།

དེ་ནས་སྐྱེས་པ་ཕོ་ཡི་ཉམས་ལ་ཟ་མ་མོ་ཡི་འཛུམ་ཡོད་པ་བོད་ལྭ་དག་མའི་རྒྱན་གྱིས་སྤྲས་པའི་གླུ་བ་ཁོང་དངོས་སུ་གར་སྟེགས་སྟེང་དུ་ཐོན་ནས་དང་ཐོག་ཁམས་བདེའི་འཚམས་འདྲི་དང་འབྲེལ་ནས་༼དཔའ་བོའི་བསྟོད་གླུ་༽ནང་གི༼མངག་བཅོལ༽(格萨尔王的嘱托)ཞེས་པའི་གླུ་གཞས་དེ་ལྟད་མོ་བ་རྣམས་ལ་གྱེར་གནང་སོང་། དེ་འཁྲབ་སྟོན་བྱེད་བཞིན་ལྟད་མོ་བ་རྣམས་ཀྱིས་མཇལ་དར་འབུལ་ཞིང་ལག་འཇུ་གནང་བ་དང་པར་བརྒྱག་ཅིང་བརྙན་ལེན་པ་སོགས་གར་སྟེགས་སྟེང་དུ་མི་ཚོགས་ཀྱིས་ཁེངས་ནས་གླུ་བ་ཁོང་མི་མཐོང་བས། འོག་ཏུ་བསྡད་པའི་ལྟད་མོ་བ་རྣམས་ཀྱིས་སྐད་ཅོར་རྒྱག་བཞིན་ཤེལ་དམ་དང་འགྱིག་དམ་སྟོང་བ་ཁ་ཤས་གར་སྟེགས་སྟེང་དུ་གཡུགས་སོང་།

དེས་རྐྱེན་པས་བལྟ་མོ་བ་ཕན་ཚུན་བར་ལ་གང་ཡིན་འདི་ཡིན་མེད་པར་ཤེལ་ཕོར་དང་ཨར་དམ་མང་པོ་ཕར་འཕེན་ཚུར་གཡུག་བྱས་ནས་བསྡད་བཟོད་མི་བདེ་བ་བཟོས་ནས་གླུ་གཞས་དེ་གྱེར་ཚར་ནས་གླུ་བ་ཁོང་ཡར་ནང་དུ་འཛུལ་སོང་། ལྟད་མོ་བ་རྣམས་ཀྱང་ཟང་ཟིང་ལོང་ལོང་མང་པོ་བྱས་ནས་གར་སྟེགས་སྟེང་དུ་ཤེལ་ཕོར་དང་ཨར་དམ་མང་པོ་གཡུགས་གནང་སོང་།

དེ་ནས་མདོ་འཛིན་པས་མཐུན་སྒྲིལ་དགོས་ལུགས་དང་ནང་འཛིང་བྱེད་མི་འོས་པའི་སྐད་ཆ་མང་པོ་ཞིག་བཤད་ནས་ཏོག་ཙམ་ལྷིང་འཇགས་ལྟ་བུའི་ངང་ནས་ཞབས་ཞུ་བ་རྣམས་ཀྱིས་གར་སྟེགས་གད་བདར་གཙང་ཕྱགས་བྱས་ནས་གླུ་བ་རིག་དགའ་ཡང་བསྐྱར་གར་སྟེགས་སྟེང་ལ་ཐོན་གི་ཡོད་པའི་གསལ་བསྒྲག་གནང་བ་དང་ལྷན་དུ་ང་ཚོ་ལངས་ཡོད་པའི་གར་སྟེགས་གཡས་ཕྱོགས་ཀྱི་འཁྲིས་སུ་ཕོ་གསར་རྒན་མིན་གཞོན་ཁ་ཤས་ཤིག་གིས་ཆོས་ལུགས་ལ་ཕྱོགས་རིས་དང་དབྱེ་འབྱེད་བྱེད་གི་འདུག་པ་མ་ཟད་དམའ་འབེབས་དང་ངན་སྨྲས་བྱེད་གི་འདུག་པས་ད་ཐོན་ཤོག་ལྟད་མོ་ལྟོས་ཨ་ཟེར་ནས་ཤེལ་ཕོར་དང་ཨར་དམ་མང་པོ་ལག་ཏུ་བཟུང་ནས་བསྡད་འདུག

དེ་ནས་སྔར་བཞིན་གླུ་བ་རིག་དགའ་སྐད་སྦུགས་ལག་ཏུ་བཟུང་ཞིང་གར་སྟེགས་སྟེང་དུ་ཐོན་ནས་དཀྱིལ་ཙམ་དུ་སླེབས་པ་དང་ཁོང་གིས་༼རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཁྱེད་རྣམས་བཀྲིས་བདེ་ལེགས༽ཞེས་བརྗོད་མ་ཐག་གར་སྟེགས་ཀྱི་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོས་ཁོང་གི་གདོང་ལ་དམིགས་ནས་ཤེལ་ཕོར་ཞིག་འཕངས་གནང་སོང་།

གར་སྟེགས་སུ་ཤེལ་དམ་གཡུག་པའི་ངང་ཚུལ།

གར་སྟེགས་སུ་ཤེལ་དམ་གཡུག་པའི་ངང་ཚུལ།

དེ་ནས་གོང་དུ་གྲ་བསྒྲིགས་བྱས་པའི་ཨར་དམ་དང་འགྱིག་དམ་མང་པོ་ཞིག་འཕངས་ཤིང་ཀི་སྒྲ་དང་བཅས་ཁོང་ལ་ངོ་རྒོལ་བྱས་ནས་ཁོང་གར་སྟེགས་སྟེང་ནས་བྲོས་དགོས་འཁེལ་སོང་། དེང་སང་དྲྭ་ལམ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་དེ་ནི་ཁོང་ཐེངས་གཉིས་པར་གར་སྟེགས་སྟེང་དུ་ཐོན་དུས་དངོས་སུ་ངོ་རྒོལ་བྱེད་བཞིན་པའི་རྣམ་པ་རེད།

གླུ་བ་རིག་དགའ་གར་སྟེགས་ལས་བུད་པའི་རྣམ་པ།

གླུ་བ་རིག་དགའ་གར་སྟེགས་ལས་བུད་པའི་རྣམ་པ།

དེ་ནས་གཡོན་ཕྱོགས་ན་བཞུགས་པའི་ལྟད་མོ་བ་རྣམས་ཀྱིས་གཡས་ཕྱོགས་སུ་ཨར་དམ་དང་ཤེལ་དམ་མང་པོ་གཡུགས་བྱུང་ལ་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོ་གཙོ་བྱས་པའི་མི་ཁ་ཤས་ཀྱིས་ཀྱང་ཕར་ལ་མང་པོ་འཕངས་གནང་བས། ནང་འཁྲུག་ལངས་ནས་ནང་མའི་ནང་དུ་འཁྲུག་འཁྲུག་ལོང་ལོང་ངང་ནས་ཡར་བྲོས་མར་འབྲོས་མང་པོ་བྱེད་དགོས་བྱུང་བས་རྒས་འཁོག་དེ་ཚོ་དང་བྱིས་པའི་ཕ་མ་དེ་ཚོ་ངོ་མ་ཁག་པོ་བཟོས་སོང་།

དེ་འདྲའི་ངང་ནས་མདོ་འཛིན་པས་དགོང་འཚོགས་མཚམས་འཇོག་གནང་གི་ཡིན་ཟེར་ནས་གསལ་བརྡ་གནང་བ་དང་ཆབས་ཅིག་ཉེན་རྟོག་པ་མང་པོ་སླེབས་ནས་ནང་མའི་ཕྱི་ནང་ཚང་མར་ཉེན་རྟོག་པས་ཁེངས་སོང་ལ། ནང་མའི་ནང་དུ་ཡང་མི་ཉུང་ཤས་ལས་མི་འདུག་པས་གུས་པ་གླུ་གར་ཁང་དང་ཁ་བྲལ་ནས་མགྲོན་ཁང་དུ་ལོག་པ་ཡིན།

དེ་ནས་དེ་དགོང་གི་མཐོང་ཐོས་ངོ་མ་ལས་རྟོག་བཟོ་དང་སྦས་གསང་གང་ཡང་བྱས་པ་མེད་པར་དྲྭ་གྲོགས་དེ་དོན་དྲི་མཁན་ཡོངས་ལ་དྲི་ལན་གྱི་ཚུལ་དུ་དང་ཕྱི་ནང་གང་སར་བཞུགས་པའི་སྤུན་ཟླ་རྣམས་ལ་དོན་རྐྱེན་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ཡིན་པས་དེ་གོ་ཆོད་པར་སྨོན།

གཉིས་པ།

དེང་སང་དྲྭ་ལམ་གང་སར་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་རིས་དང་ཁ་བརྡ་དེ་བཞིན་བཅད་རྩོམ་དང་ལྷུག་མ་མང་པོ་སྤེལ་ཞིང་དོན་རྐྱེན་དེའི་རྒྱུ་རྐྱེན་ཐད་ལ་བཤད་ཚུལ་འདྲ་མིན་མང་པོ་གླེང་བཞིན་དོན་དངོས་ལས་ལྡོག་པའི་འཁྱོག་བཤད་དང་འཆལ་གཏམ་གྱིས་དྲྭ་ལམ་ཁྱབ་འདུག་པས་དེ་ལ་གསལ་བཤད་ཀྱི་ཚབ་དུ་དོན་དངོས་དང་མཐུན་པའི་འགྲེལ་བཤད་ཅིག་མི་ཞུ་ཀ་མེད་བྱུང་སོང་།

སྤྱིར་ན་གནས་ཚུལ་གང་ཡིན་ཡང་ལྷག་ཆོག་ལ་ཡོད་ཀྱང་དགོས་སྲིད་པ་འཇིག་རྟེན་འདི་ན་མི་སྲིད་པ་ཞིག་གང་ཡང་མེད་མོད། འོན་ཀྱང་དོན་རྐྱེན་དེའི་རྒྱུ་རྐྱེན་ངོ་མ་ནི་ཆོས་ལུགས་ལ་ཕྱོགས་ཞེན་གྱི་དབང་གིས་བྱུང་བ་ཞིག་ཡིན་པ་ལས་གཞན་གང་གི་ཆེད་དུ་མ་ཡིན་པ་གསལ་པོ་མངོན། རྒྱུ་མཚན་ནི་སྦྲ་ཆེན་དང་གཉན་རོང་ཕྱོགས་ཀྱི་བོན་ལུགས་འཛིན་པ་རྣམས་ཀྱིས་གེ་སར་གླིང་སྒྲུང་ལ་མི་དགའ་བར་མ་ཟད་དེ་ལ་འཛེམ་མངའ་བྱེད་པའི་ལུགས་སྲོལ་ཡོད་པ་དང་། དེ་ནས་གཙོ་བོ་ཧོར་གུར་དཀར་ལ་གཉའ་སྒ་སྤྲད་པ་སོགས་རྒྱུ་མཚན་དུ་བྱས་ནས་གེ་སར་གླིང་སྒྲུང་ལ་མི་དགའ་བ་ལས་གཞན་བོན་པོ་ཡོངས་ཀྱི་དེ་འདྲའི་བལྟ་སྟངས་ཡོད་མིན་ཆ་མ་འཚལ།

རྒྱུ་གེ་སར་གླིང་སྒྲུང་ལ་ཐུག་ཡོད་ཅིང་རྐྱེན་རིག་དགའ་ཁོ་རང་གི་གྱེར་བཞིན་པའི་གླུ་ཚིག་ནང༼སེར་པོ་ཧོར༽ཟེར་བ་སོགས་ཀྱི་ཐ་སྙད་ཀྱིས་རྐྱེན་པས་དོན་རྐྱེན་དེ་ལྷག་པ་རེད། དེང་སང་དེ་ལས་ལྡོག་པའི་བཤད་ཚུལ་མང་པོ་ཞིག་གི་ནང་ནས་གླེང་མང་ཤོས་ནི་དོར་ཚོགས་དང་འབྲེལ་བ་ཡོད་བསྐོར་བརྗོད་པ་ནི་དོན་རྐྱེན་དེ་ལ་རྒྱུས་མངའ་མེད་པ་དང་དངོས་སུ་མ་མཐོང་བའི་ལོག་བཤད་གཅིག་རེད། རྒྱུ་མཚན་ནི་གླུ་བ་རིག་དགས་དེ་དགོང་གོ་ས་མཆོག་ལ་བསྟོད་གླུ་བླངས་པས་ཤུགས་ལྡན་ཚོགས་པ་མ་དགའ་བར་ངོ་རྒོལ་བྱས་པ་རེད་ཟེར་བ་དང་རིག་དགའ་ནི་རིགས་ཞེན་ལྷག་བསམ་ཅན་ཞིག་ཡིན་པས་སྐྱོན་བརྗོད་དང་དམའ་འབེབས་བྱས་པ་རེད་ཟེར་བ་སོགས་རྫུན་གཏམ་ངོ་མ་ལས་མ་འདས།

གང་གི་ཕྱིར་ཞེ་ན་གླུ་བ་རིག་དགས་དེ་དགོང་བསྟོད་གླུ་ཚིག་གཅིག་གྱེར་མ་སོང་ལ་དེ་དང་འབྲེལ་བའི་ཁ་བརྡ་ཙམ་ཡང་གླེང་མ་སོང་། ཁ་གཞན་ལ་གཡར་ནས་དེ་འདྲའི་ངོ་རྒོལ་ཡིན་ན་མ་གཏོགས་དེ་མིན་ནས་དེ་འདྲའི་རྣམ་པ་ཙམ་ཡང་མི་འདུག་པས་ལྷ་འདྲེ་སུ་ཞིག་གིས་དྲྭ་འབུ་དེ་ཚོའི་རྣ་ལམ་ལ་བླུགས་པ་ཡིན་ནམ།

བོད་པ་ནང་ཚུན་ལ་ངོ་རྒོལ་དང་ནང་འཁྲུགས་ཡོད་ཚད་ཤུགས་ལྡན་ཚོགས་པས་བསླངས་པ་རེད་ཟེར་ན་ངོ་མ་ཁྱོད་མིག་ཡ་གཅིག་ལོང་ཚར་བ་ཡིན་པས་ཁྱོད་ཀྱིས་ཕྱོགས་གཅིག་མ་གཏོགས་མཐོང་མི་ཐུབ་བས་ཁྱོད་ལ་ཐུགས་ཁག་ལར་ནས་མེད། འདས་པའི་ལོ་རྒྱུས་ལ་གཟིགས་ཙམ་གནང་དང་ང་ཚོ་བོད་པ་ཚོའི་གདོང་རིས་ངོ་མ་དམར་རྗེན་དུ་མངོན་ཡོང་ལ་ད་ལྟའི་གནས་བབས་ལ་ལྟོས་དང་ང་ཚོ་གདོང་དམར་ཚང་གི་མི་གཞིའི་ཀུན་སྤྱོད་དང་སློབ་གསོའི་རིན་ཐང་མཐོང་ཐུབ། དེ་ནས་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ཆེས་སྤྱིར་བཏང་བ་ཞིག་དང་རྒྱུན་ལྡན་ཅན་ཞིག་ཡིན་པ་ལས་ཧ་ལས་ཧང་སང་དགོས་པ་གང་ཡང་མ་ཡིན་མོད། དེ་ནས་སློབ་གསོའི་གོ་སྐབས་ཐོབ་མ་མྱོང་པར་ནང་མ་དང་ཨར་ཁང་ནང་དུ་མི་ཚེ་བསྐྱལ་ཞིང་དུ་ཆང་དང་རྒྱན་འཇོག་ལ་རོལ་བའི་ལུགས་གཉིས་ཀྱི་བླངས་དོར་ལ་རྨོངས་ཤིང་ལྦུ་སུབ་ཀྱིས་ལ་རྒྱ་འཛིན་པའི་མི་བུ་དཀྱུས་མ་རྣམས་ཀྱི་བྱ་སྤྱོད་རྒྱུན་ལྡན་ཅན་ཞིག་ཡིན་པ་སྨོས་མ་དགོས།

འོན་ཀྱང་དེ་ལས་མཚར་བ་ནི་མཁས་པའི་ཆོ་ལོ་ཐོབ་ཅིང་མི་རིགས་ཉམས་ཆུང་འདིའི་སྣེ་ཁྲིད་དུ་རློམ་པའི་སྨྱུག་འཛིན་པ་རྣམས་ཀྱིས་དོན་རྐྱེན་དེ་ལ་བརྟག་དཔྱད་གང་ཡང་མེད་པར་ལོག་བཤད་དང་འཆལ་གཏམ་སྤེལ་བས་མ་ཚད་ངོ་རྒོལ་བྱེད་མཁན་དང་མི་བྱེད་མཁན་གྱི་དབྱེ་མཚམས་མེད་པར་ནག་ཆུའི་ཀླ་ཀློ་དང་དམུ་རྒོད་ཅེས་མི་གཞི་ལ་དམའ་འབེབས་དང་ཁྱད་གསོད་བྱས་ནས་ད་དུང་མཁས་མདོག་དང་འཇོན་མདོག་སྟོན་པ་ནི་ངོ་མ་ཅི་འདྲའི་ཐབས་སྐྱོ་ལ།

དེ་དང་འདྲ་བའི་དོན་རྐྱེན་མང་པོ་ཞིག་ལ་ཅི་འདྲའི་ལོག་བཤད་ཅིག་དང་རྫུན་གཏམ་ག་ཚོད་སྤེལ་ཡོད་ན། དོན་རྐྱེན་དེ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས་མང་ཚོགས་ནང་ཐོན་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། ཚེ་འདི་ཕྱིའི་ལམ་སྟོན་གནང་མཁན་བླ་སྤྲུལ་མཁན་གསུམ་གྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་དམར་པོ་ཁྲག་གི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ཡོད་ལ། གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་མི་མང་གི་བསམ་བློའི་སྲོག་ཤིང་དུ་གྱུར་བའི་མཁས་ཆེན་དཔོན་ཆེན་རྣམས་ཀྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་ཆབ་སྲིད་ལ་ཁ་གཡར་ནས་ཆོས་ལུགས་གྲུབ་མཐའ་ག་ཚོད་བརྩད་མྱོང་ཡོད་ལ་ད་དུང་ག་ཚོད་རྩོད་བཞིན་ཡོད།

དེ་ཚོར་བསམ་ན་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ག་འདྲ་ཞིག་ཡིན་མིན་གཞི་ནས་མཁྱེན་ཡོང་། དེ་མིན་ཁྲོམ་པའི་སྦལ་རྒན་གྱི་ངང་ཚུལ་བཟུང་ནས་བལྟས་ན་ངོ་མ་ཧ་ལས་དགོས་པ་ཞིག་ཀྱང་ཡིན་ཚོད་རེད། འོན་ཀྱང་དེང་སང་དུས་རབས་ཉེར་གཅིག་པ་ནི་སྔར་དང་མི་འདྲ་བར་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་སྤེལ་རེས་དང་ལེགས་ཆ་ལེན་རེས། དེ་བཞིན་ཕྱི་ནང་གི་ཆོས་ལུགས་མང་པོ་ལྟ་བ་མཉམ་གནས་སྤྱོད་པ་འཆམ་མཐུན་གྱི་ངང་ནས་མི་བུའི་རང་དབང་འགྲོ་མིའི་ཐོབ་ཐང་སྲོག་ལྡན་ཡོངས་ཀྱི་ཚེ་སྲོག་འདྲ་མཉམ་གྱི་ངང་ནས་གོ་ལར་སྲུང་སྐྱོབས་དང་འཛམ་གླིང་ཞི་བདེར་འབད་བཞིན་པའི་སྒང་འདིར། ང་ཚོ་བོད་པ་ཚང་ད་དུང་དུས་རབས་བར་མའི་སྐབས་ལྟར་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་གྲུབ་མཐའ་རྩོད་རེས་དང་ལྟ་བ་ཕྲན་བུ་མི་མཐུན་པ་ཙམ་གྱིས་ཕུ་ནུ་ནང་འཁྲུག་བསླང་པ་དང་། མི་ཡུལ་འདི་མི་བུ་རང་ཉིད་ལ་དབང་བ་མི་ཤེས་པར་ཡོད་ཚད་ལྷ་འདྲེ་ལ་བློ་གཏད་བཅོལ་ཞིང་འདུག་པ་ནི་ངོ་མ་ངོ་ཚ་ཞིང་བློ་ཕམས་དགོས་པའི་གནས་སོ། །

༢༠༡༤ ༡༠ ༩དགོང་མོ་མགྱོགས་བྲིས་བྱས་ནས་འཕྲལ་མར་དྲྭ་ཐོག་བཀོད་པ་ཡིན་པས་དག་ཕྲད་ནོར་བ་མང་པོ་ཡོད་ངེས་པས་དྲྭ་གྲོགས་རྣམ་པས་དགོངས་འཁྲོལ་གནང་རོགས།