—-བོད་ནང་དུ་ཕྱིར་ལོག་པའི་ལྷ་རམས་པ་རེ་ཟུང་གི་སྤྱོད་པ་ལ་གཞིར་བྱས་ཏེ་བྲིས།

༼བཀའ་སློབ་རིན་པོ་ཆེ་ལས། “རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས། སྤྱོད་པ་གང་བྱུང་བྱས་ན་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུའི་ཚབ་ཏུ་ཞབས་འདྲེན་དུ་འགྲོ་གི་ཡོད།”
“སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ན་མདོ་སྔགས་སྤྱིའི་འགྲོ་སྟངས་ཤིག་ཡོད་པ་དེ་མཚུངས་འགྲོ་དགོས་ཀྱི་རེད་མ་གཏོགས། སོ་སོ་གང་འཚམས་རྟོག་པ་མཐོ་བོ་ཡིན་མདོག་བྱས་ཏེ་གང་བྱུང་བྱས་ན་ཡག་པོ་མེད།”༽

ང་ནི་དགོན་སྡེའི་རིག་གནས་ལ་སྙིང་ནས་དུངས་མཁན་ཞིག་དང་དེའི་དར་རྒུད་ལ་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་མི་ཞིག་ཡིན་པ་དེ་ལྟར་ན་ཡང་། དགོན་སྡེ་དང་ནང་བསྟན་གྱིས་བོད་ཀྱི་ཡོད་ཚད་སྐྱོབ་ཀྱིན་འདུག་ཟེར་མཁན་དེའི་གྲས་མིན་ལ། དགོན་སྡེ་དང་ནང་བསྟན་གྱིས་མི་རིགས་ཀྱི་ཡོད་ཚད་བརླག་གིན་འདུག་སྙམ་པའི་སེམས་ཚོར་ཡོད་མཁན་དེའི་གྲས་ཀྱང་མིན། དེ་བས་ཟེར་ཚད་བདེན་པར་བཟུང་བ་ཙམ་མ་ཡིན་པར་བདེན་པར་མཐོང་བ་དང་ཐོས་པའི་ངོས་ནས་དགེ་བཤེས་རེ་ཟུང་དང་། དམིགས་བསལ་འཕགས་ཡུལ་ནས་ཕྱིར་བོད་ཡུལ་དུ་ཕེབས་པའི་ལྷ་རམས་པ་རེ་ཟུང་གི་བྱེད་བབ་སྐོར་ཞིག་གིས་སེམས་པ་སྐྱོ་ནས་ལག་པ་འགུལ་དུ་བཅུག་སོང་བས་བོད་ཀྱི་རིག་གཞུང་དང་ནང་བའི་བསྟན་པ་ལ་སྲི་ཞུ་བཅོས་མིན་དུ་བསྒྲུབས་དང་སྒྲུབ་ཀྱིན་པའི་ལྷ་རམས་པ་གཞན་འགའ་རེའི་ཐུགས་ཞེན་ཕྱོགས་ཀྱིས་དཀྲུག་སོང་ཚེ་དགོངས་དག་ཞུ་རྒྱུ་ཡིན།

ཁྱེད་ཅག་ནི་སེམས་ཅན་གྱི་སྐྱབས་ཡུལ་དུ་གྱུར་ཡོད་པས་ལེགས་སོ་དང་ཐུགས་བདེན་ཟེར་བའི་ཞེ་ས་དང་བཅས་པའི་གཏམ་ལ་གོམས་པ་ལས། འདི་དང་གན་འགྲིག་གི་མི་འདུག་ཟེར་བ་ལྟ་བུའི་གཏམ་མི་སྙན་པ་གོ་མི་ཐུབ་པའི་སྐྱེ་བོ་ཁྱད་དུ་འཕགས་པ། དུག་གསུམ་རིང་དུ་དོར་ནས་ཕྱིན་དྲུག་གི་ཉམས་ལེན་ལ་གཞོལ་ནས་ཡོང་མཁན། རྒྱལ་བའི་བཀའ་དགོངས་འགྲེལ་མདོ་སྔགས་རིག་གནས་དང་བཅས་པ་ཤ་ཐང་དུ་སྦྱངས་ནས་མཐར་ཕྱིན་པའི་སྐྱེས་བུ་དམ་པ་རྐྱང་རྐྱང་ཡིན་ན། རྩོམ་ཐུང་འདིའི་ཁྲོད་མི་སྙན་པ་རེ་ཡོད་ན་ཆོས་ཀྱི་ཉམས་ལེན་ལ་ཞུགས་ནས་བདག་ལ་གུ་ཡངས་དང་། བདག་ཅག་གི་སྟོན་པ་མཆོག་གིས་བསྩལ་གནངས་པའི་ཆོས་ལ་ཁྱེད་ཚོས་སློབ་སྦྱོང་བྱས་ཡོད་པ་བཞིན་དེའི་ཉམས་ལེན་ལ་དངོས་སུ་ཞུགས་ཐུབ་ཀྱི་ཡོད་མེད་རང་ལ་བརྟག་དཔྱད་དང་བཅས་སེམས་སུ་དྲན་ཚད་དང་ལག་གིས་གང་འཇོན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བའི་རེ་བ་ཡོད། དེ་ལྟར་མཛད་མཁན་དག་ལ་ནི་ཕྱག་འཚལ་རྐྱང་ཡིན་ནོ།།

ཟླ་ཤས་སྔོན་ནས་དགེ་བཤེས་བསོད་ནམས་བཟང་བོས༼སྐབས་ཤིག་ལ་ཁོང་ཉིད་གླེང་ནས་མཚན་གཞི་ལྟ་བུར་གྱུར་པ་ལས་མིང་བཟུང་དོན་བཟུང་བྱས་པ་མིན།༽་གུ་ཡངས་ཡིན་མདོག་གིས་ནུ་ཁེབ་ལས་མེད་པའི་བུ་མོ་ན་ཆུང་ཞིག་གི་སྐེ་དང་ལག་པར་འཇུས་ནས་གུ་ཡངས་མདོག་གི་གླེན་རྟགས་དང་། ཆོས་འདུལ་བའི་གཞུང་ལུགས་དང་ཡོངས་སུ་འགལ་བའི་ཐོ་ཅོའི་སྤྱོད་པ་དོན་དུ་གཉེར་བས་བར་མཚམས་ཤིག་ལ་ཀུན་གྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཁོང་ལ་སྨད་ར་ཆེས་ཆེར་བྱས་སོང་ན་ཡང་། དགེ་བཤེས་བྱབ་ཆུང་དེས་སྲིང་མོར་ལག་པ་འཆང་ཆོག་ཚུལ་སོགས་སྨྲས་ཏེ་བསྡུས་གྲྭའི་རིགས་པ་བཏང་ནས་མིན་པ་ཡིན་པར་བསྒྲུབ་པའི་རྩོལ་བ་ཆེས་ཆེར་བྱས་བྱུང་ཁར་གཞན་གྱི་མིག་ལ་མི་མཛེས་ཤིང་ཡིད་ལ་མི་འབྱོར་བའི་སྤྱོད་པ་འཆལ་བོ་འབའ་ཞིག་བསྟན་པ་དེས་ཀུན་པོ་འུར་ཆིལ་ལེར་བཏང་བ་རེ་ཞིག་འཇགས་ཐབས་མ་བྱུང་། སྐབས་དེར་ཡང་ངའི་བསམ་པར་འཕགས་ཡུལ་གྱི་གདན་སའི་གྲྭ་བ་དག་ནི་ལྟ་རྒྱ་ཆེ་ལ་མཐོང་རྒྱ་ཡངས་པས་ད་ལྟའི་བོད་ནང་གི་དགོན་སྡེ་དག་ལས་ཧ་ཅང་གུ་ཡངས་པས་ལྷ་རམས་པ་དེས་གུ་ཡངས་པོ་བྱེད་པའི་ཟོལ་གྱིས་ཐལ་དྲག་པའི་སྤྱོད་པ་ཞིག་གཉེར་སོང་སྙམ་ནས་ཁོང་གི་སྤྱོད་སྟངས་དང་ཁ་ལས་ལ་སེར་སྣ་སྐྱེས་བྱུང་། དེའི་མུར་འཕགས་ཡུལ་ནས་ཕྱིར་ཕེབས་པའི་ལྷ་རམས་པ་དག་ལ་རེ་བ་ཤིན་ཏུ་ཆེ་བ་ལྟར་མིག་གིས་ཟིན་ཚོད་དག་གི་སྤྱོད་པ་ལ་མཉམ་འཇོག་ཀྱང་ཕྲན་ཙམ་རེ་བྱས་པ་ན། དགེ་བཤེས་བསོད་ནམས་བཟང་བོ་གཅིག་པུའི་བྱེད་བབ་དེས་སེམས་ཕམ་པ་ཙམ་མིན་པར་འཕགས་ཡུལ་གྱི་གདན་སར་སློབ་གཉེར་བྱས་ཏེ་ལྷ་རམས་པའི་དམ་བཅའ་བཞག་མ་བཞག་གཉིས་ཀའི་ཁྲོད་འགའ་རེ་ཕྱིར་བོད་ཡུལ་དུ་འབྱོར་བ་འགའ་རེའི་བྱེད་བབ་ཀྱིས་ཡིད་ཧ་ཅང་མུག་ཏུ་བཅུག་ཡོད། གང་གིས་ཞེ་ན་འཕགས་ཡུལ་གྱི་གདན་སར་མི་ལོ་ཉི་ཤུ་ལྷག་ལ་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་མེད་དུ་བྱས་ཏེ། མདོ་སྔགས་རིག་གནས་ལ་ནང་བྱན་ཆུད་པར་སྦྱངས་པའི་མཐའ་མར། ཁ་ཅིག་གིས་ནི་ཐར་བའི་གོ་འཕང་མཆོག་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཏུ་གཟས་ཏེ་མི་ཚེ་མི་རྟག་པ་ལ་རྟག་པའི་འདུ་ཤེས་ཇེ་ཆེར་སོང་བ་དང་། ཁ་ཅིག་ཕྱིར་བོད་ནང་དུ་ལོག་ན་ཡང་བསྟན་པ་སྐྱ་ཆད་སྔོ་སྡུག་གི་སྐབས་འདིར་བསྟན་པའི་ཁུར་ཆེན་འདེགས་པའི་འགན་རང་ཉིད་ལ་ཡོད་པ་དང་། རང་ཉིད་བསླབ་པ་མཐར་སོན་གྱི་བར་དུ་བསྐྱངས་པའི་མགོན་པོ་གང་གི་དགོངས་གཞི་ལྟར་གྱི་ལས་ཀ་གཉེར་རྒྱུ་ལས། མི་ཚེ་མི་རྟག་པ་ལས་རྒྱ་སྒོར་རྟག་པར་བཟུང་བའི་འཁྲུལ་ཤེས་ཀྱིས་མཐར་ཐུག་གི་གདུལ་བྱ་རྒྱ་ནག་ནང་ཁུལ་དུ་ཡོད་པར་བྱས་ནས་བོད་མི་རིགས་དང་བོད་ཀྱི་དགོན་སྡེ་དག་དང་རྒྱང་དུ་གྱེས་འགྲོ་བ་དང་། ལྷ་རམས་པ་གཅིག་གིས་ལུགས་འགལ་གྱི་སྤྱོད་པ་དོན་དུ་གཉེར་ན་ཅིག་ཤོས་ཀྱིས་དེ་ལ་སྐྱོན་ཆེན་པོ་མངའ་བ་ཤེས་བཞིན་དུ་དེའི་རྒྱབ་རྩ་བྱས་ཏེ་ཕལ་བ་ལས་ཀྱང་ཕལ་བ་དག་གི་སྤྱོད་པ་དོན་དུ་གཉེར་བར་བྱེད།

སྤྱིར་ན་སངས་རྒྱས་པའི་བསྟན་པ་འདི་ཉིད་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་སྤེལ་ཐུབ་ན་ཤིན་ཏུ་ནས་ལེགས་ན་ཡང་། ནང་པའི་རིགས་སུ་གཏོགས་པ་ལས་ནང་པ་དངོས་མར་འགྱུར་མ་ཐུབ་པའི་བོད་པའི་ནང་བ་ཉི་ཚེ་བ་དག་ལ་ཁྱེད་ཅག་གི་སློབ་སྦྱོང་དེ་མ་མཁོ་བ་རེད་དམ། དེ་སྤྲོད་མ་འདོད་པ་རེད། ཡང་ན་ཁ་བཏགས་ལས་སློབ་ཡོན་མེད་པའི་བོད་ཀྱི་ཐུན་མིན་དགོན་སྡེའི་སློབ་གསོའི་ལམ་ལུགས་དེར་ཡིད་ཆད་སོང་བ་རེད། དེ་སྔ་གཞུང་ཆེན་སློབ་གཉེར་གྱི་རིམ་པ་ཤིན་ཏུ་ལེགས་པོ་ཡོད་པ་ནས་རིག་གསར་གྱིས་རྨག་མེད་དུ་བྱས་ཤིང་། ༡༩༨༠ནང་ཆོས་སྒོ་སླར་ཡང་ཕྱེས་པ་ནས་ད་ལྟའི་བར་དུ་སློབ་གཉེར་གྱི་དབུ་ཡང་བསྐྱར་འཛུགས་མ་ཐུབ་པར་ལུས་པ་འམ། དབུ་ཙམ་བཙུགས་ན་ཡང་དབུ་མའི་ཡན་གྱི་ཁྲིད་རྒྱུན་ཆད་པའི་དགོན་པ་རེ་ཟུང་དང་། སྒྲུབ་སྡེ་ཡིན་པར་བསྙད་ནས་ཚོང་ལས་ཙག་ཙིག་དང་། རླངས་འཁོར་གང་རྫིག་དང་ཁ་པར་གང་ལེགས་འཛིན་པའི་འགྲན་བསྡུར་ཁྲོད་ན་མི་རྐྱང་གི་འཚོ་བར་བྲོ་བ་དེ་ཙམ་མེད་པར་འདོད་པའི་རིགས་བཅས་ཀྱི་གྲྭ་བ་དག་ལ་ནི། ལམ་རིམ་བློ་སྦྱོང་ཙམ་གྱི་ཁྲིད་ཀྱང་མ་ཐོབ་པར་འཚོ་སྟངས་གྲོང་བ་ཕལ་བའི་ལུགས་དང་། འཆི་སྟངས་གྲོང་བ་ཕལ་བའི་ལས་སུ་གྱུར་ཏེ་ལུས་པ་དག་ཀྱང་ཁྱོད་ཚོའི་སྙིང་རྗེ་ཡུལ་དུ་མ་གྱུར་པ་སོགས་ནི་ཤིན་ཏུ་ཕངས་པ་ལའང་།

ལྷ་རམས་པ་ཚོས་འཕགས་ཡུལ་གྱི་འདུས་པ་རྒྱ་མཚོ་ལྟ་བུའི་དཀྱིལ་ནས་མང་དུ་ཐོས་པའི་ཡོན་ཏན་གྱི་སྙེ་མ་མང་དུ་བསྣམས་ནས་བོད་དུ་ལོག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདིས་དེང་གི་རྩོད་ལྡན་དུས་ཀྱི་བསྟན་པ་ལ་རྔོ་ཐོགས་པར་ཐེ་ཚོམ་མི་འདུག་སྙམ་ནས་དེ་དག་ལ་རེ་བའི་མིག་གིས་ཅེར་ཞིང་སྙིམ་པ་སེམས་མགོར་བརླན་ནས་བསྡད་ཡོད་པའི་སྐབས་འདིར། རེ་ཟུང་གིས་རང་ཉིད་ཀྱི་འཇོན་ཐང་སོགས་བེད་སྤྱོད་རྒྱུ་བཞག་ནས་རྒྱུས་མངའ་མེད་སའི་སྲིད་ཀྱི་རྩོད་རྙོག་རིགས་འདུམ་འགྲིག་སོགས་ལ་ཞུགས་ནས་ཁྲིམས་དཔོན་བྱེད་པར་དགའ་ལ། འགའ་རེ་ནི་རང་ཉིད་ཀྱིས་དགོན་སྡེའི་སློབ་གསོ་ལས་སྐྱ་བོའི་སློབ་གསོ་ལ་མྱོང་རྒྱུས་ཞན་པ་དང་། ལྷག་ཏུ་བུ་ཕྲུག་གཉོར་སྐྱོང་བྱེད་ཚུལ་སོགས་ཆ་ག་ཡ་སྡེབ་ཀྱི་ལས་ཀའི་སྐོར་ལ་ཐེ་གཏོགས་དང་། དེའི་སྐོར་འཆད་ཁྲིད་སོགས་ལ་ཧབ་ཐོབ་ཀྱིས་མཚན་གྱི་སྙན་པ་ཁོ་ན་དོན་དུ་གཉེར་བར་དགའ། འགའ་རེ་ནི་ཁྲི་མཐོན་པོ་རེའི་སྟེང་དུ་བསྡད་ནས་དམངས་ལ་མཇལ་ཁ་འཇོག་པ་སོགས་སྤྲུལ་སྐུའི་སྤྱོད་པ་དོན་དུ་གཉེར་བར་སྤྲོ་བ། འགའ་རེ་ནི་ཨ་གསར་དང་རྨོངས་དད་ཀྱིས་དེད་དེ་ནང་བའི་ཆོས་ལ་སྦྱང་བ་དཔེ་གསར་དང་། གྲྭ་བར་འགྲོགས་པ་ལ་རྒྱ་རུ་བསམ་བཞིན་པའི་རྒྱ་མོ་དག་བླ་མ་བཞིན་གོང་དུ་བཀུར་ནས་དེ་ལ་སྤྲེལ་ལད་འཁྲབ་སྟེ་འཚོ་བ་རོལ་རྒྱུར་དགའ། འགའ་རེའི་ནི་བུ་མོ་མཛེས་མ་རེའི་ལག་པ་ལ་འཇུ་བཞིན་དཔུང་བ་ལ་འཁྱུད་བཞིན་གུ་ཡངས་མདོག་དང་སྐྱོན་མེད་ལུགས་བཤད་དེ་འདུལ་བའི་ཁྲིམས་ལ་སྣང་མེད་བྱེད་རྒྱུར་དགའ་བ་མ་ཟད། རྒྱ་ནག་ནང་ལོག་ལ་ཁ་གཅིག་ཏུ་ཕྱོགས་ནས་དབྱར་དུས་ཤིན་ཏུ་ཐུང་བའི་བོད་ཡུལ་ནས་བཞུགས་ན་བསྟེན་པའི་ཟས་མི་འཕྲོད་ཅིང་། གནམ་ཟླའི་གྲང་ངར་མི་ཐེགས་པ་སོགས་ལ་ཁ་གཡར་ནས་རང་གི་སྣང་བ་སྐྱིད་སྐྱིད་འདྲ་གཏོང་བ་ལས། ཚོགས་གྲལ་ཆོས་རར་འགྲིམས་པ་སྡུག་ཏུ་མཐོང་ཞིང་། ཆོས་ཕུག་བྲག་གཏོད་པ་གཏིང་ནས་བརྗེད། ཁྲིད་ཀྱིས་སློབ་མ་སྐྱོང་བ་དཀའ་ལས་སུ་འདོད་ནས་ད་ལྟའི་བར་དུ་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དགོངས་ལ་སློབ་སྦྱོང་བྱས་པའི་འབྲས་བུར་ཡང་ཅི་མི་སྙམ་པར་འཕགས་ཡུལ་ནས་སློབ་གཉེར་བྱེད་སྐབས་གཞན་ལ་གྲོང་ཆོག་ཏུ་འགྲོ་ས་སོགས་མེད་པས་དཔལ་འབྱོར་འབེལ་འབེལ་ལྷུག་ལྷུག་མེད་པར་སྙིང་ནད་ལྟ་བུ་ཞིག་རྩད་ནས་དཔལ་འབྱོར་དོན་གཉེར་ལ་ཤུགས་ཆེན་གཞོལ་བཞིན་པ་ནི་ཆོས་ཀྱི་སྙིང་བོ་ལྟ་བུར་སེམས་ཀྱིན་པ་ནི་ཁ་སང་དེ་རིང་གི་དེང་རབས་པའི་ལྷ་རམས་པ་ཁ་ཅིག་རེད། ཁྱེད་ཅག་ནི་རེ་བཞག་ས་ནས་ལུང་རྡིབ་ཟེར་བ་འདི་ལོས་ཡིན།

ནང་བའི་བསྟན་པ་དར་རྒྱས་དང་གོང་འཕེལ་ནི་ལྷ་ཁང་དང་མཆོད་རྟེན་རྫིག་པོ་རེ་བཞེངས་པས་འཐུས་པར་འདོད་དེ་ཐོས་བསམ་སྒོམ་གསུམ་གྱིས་མི་ཚེ་འཁྱོལ་བར་བྱེད་པའི་དགོན་པ་ཧ་ཅང་ཉུང་ཉུང་བོ་དེ་ཡང་། དཔལ་འབྱོར་གོང་སྤེལ་བྱེད་པ་འགྲན་བསྡུར་དང་དགོན་སྡེ་ཕྱུག་པོར་བཟོ་བ་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་བ་སོགས་ལ་ཡིད་མུག་པ་དང་། གཤིས་ཀ་གྱོང་ཞིང་ཤེས་ཡོན་གྱིས་དབུལ་བའི་དགེ་འདུན་པ་འགའ་ཞིག་གི་ཨུ་ཚུགས་དང་གཤིས་ཀས་ཁོར་ཡུག་དེར་སྡོད་འདོད་ཆེར་མེད་པར་ཁག་མེད་མོད། ནང་བའི་བསྟན་པ་སྐྱ་ཆད་སྔོ་སྡུག་ཏུ་གྱུར་པའི་སྐབས་འདི་འདྲ་ཞིག་ལ་བསྟན་པ་ལྷ་ཡུལ་གྱི་ལོངས་སྤྱོད་ལྟ་བུའི་ཁྲོད་ནས་སྤེལ་བར་འདོད་པ་ནི་ཁྱེད་ཅག་གིས་ད་ལྟའི་བར་དུ་སློབ་སྦྱོང་བྱས་པའི་གྲུབ་དོན་དང་ཡོངས་སུ་འགལ་བ་མིན་ནམ།

ད་ལྟའི་བར་འཕགས་ཡུལ་གྱི་གདན་ས་ནས་ཕེབས་པའི་ལྷ་རམས་པ་དག་ལས་དཔེ་ཁྲིད་མི་སྐྱོང་དང་བསྟན་པའི་ཁུར་ཆེན་འདེགས་མཁན་གྱི་དགེ་བཤེས་རེ་ཟུང་ལས་མེད་དོན་ག་རེ་ཡིན་ནམ། ད་དུང་ལྷ་རམས་པ་ཁ་ཅིག་གིས་ནི་དབུ་མའི་བགྲོ་གླེང་དང་འཇང་དགུན་ཆོས་སོགས་སུ་གྲུབ་མཐའ་རིས་འབྱེད་དང་། རྒྱ་གར་བོད་མིའི་སྤྱི་ཚོགས་ཀྱི་ནད་ཡམས་ཆེན་པོ་སྟེ། རིས་འབྱེད་འཐེན་འཁྱེར་སོགས་ལ་གཅིག་ཏུ་ཕྱོགས་པ་སོགས་ནི་ཡིད་མུག་པ་ལས་ཀྱང་མུག་པའི་གནས་འབའ་ཞིག་སྟེ། ལྷ་རམས་པ་ཞིག་གིས། “ལོ་རྗེས་མའི་འཇང་དགུན་ཆོས་དེ་རྐང་ཚ་ནས་འཚོག་ཐུབ་ན་ཡག་པོ་འདུག རྐང་ཚ་དེ་ཚོ་རྙིང་མར་ཕྱོགས་ཀྱིན་འདུག” ཅེས་དངོས་སུ་བཤད་འདུག དོན་ངོ་མ་རྙིང་མར་གྱུར་སོང་ན་དགེ་ལུགས་པར་ཅི་ཞིག་གིས་གནོད་དམ། རྙིང་མར་མ་གྱུར་ན་དགེ་ལུགས་པར་ཅི་ཞིག་གིས་ཕན་ནམ། འཇང་དགུན་ཆོས་ནི་དགེ་ལུགས་པ་གཞན་ལ་མི་འགྱུར་བའི་ཆེད་རེད་དམ། འཇང་འགུན་ཆོས་རྐང་ཚར་འཚོག་པ་ཙམ་གྱིས་རྐང་ཚའི་མི་དག་དགེ་ལུགས་པ་བྱས་ཏེ་རང་སོར་འཇོག་ཐུབ་བམ། མ་འཚོག་ན་ཚང་མ་རྙིང་མར་གྱུར་ནས་དགེ་ལུགས་པར་གྱོང་གུད་རེག་གམ། འདི་ནི་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་མོད་ཀྱང་། དོན་གྱིས་བསམ་བློ་བཏང་ན་དཔུང་ཁག་གཅིག་གིས་དཔུང་ཁག་ཅིག་ཤོས་ཕམ་པར་རྒྱག་འདོད་དང་། དེ་ལ་སྡང་ཟུག་སྟོན་པའི་རྣམ་འགྱུར་ཅི་ལ་མིན། དེ་བས་ཀྱང་དགེ་བཤེས་ལྷ་རམས་པ་ཞིག་གི་སེམས་ལ་དྲན་ཡང་ངག་ནས་ཕུད་ཆོག་པའི་སྐད་ཆ་ཞིག་རེད་དམ། ཁྱེད་ཅག་གི་ཁྲོད་དུ་བདག་ཅག་གི་བླ་ན་མེད་པའི་སྐྱབས་མགོན་རིན་པོ་ཆེ་གང་ལ་ཆོས་འབྲེལ་བཞག་མེད་མཁན་རྩ་བ་ནས་མེད་པས་ཁོང་གི་དགོངས་བཞེད་དང་རྒྱབ་འགལ་དུ་གྱུར་པའི་སྤྱོད་པ་དོན་དུ་གཉེར་ཚེ་བླ་མའི་དགོངས་པ་དང་འགལ་བའི་ཉེས་པ་ཁྱོད་ཚོ་ལ་འབབ་པ་མིན་ནམ། ད་ལྟའི་བར་ཁོང་གི་གསོལ་རས་ཀྱིས་བསྐྱངས་ཡོང་བའི་ཁྱོད་ཚོ་ལ་ཅི་བྱུང་བ་ཡིན་ནམ།

ན་ནིང་ད་ལོར་བླ་མ་དང་དགེ་བཤེས་འགའ་རེས་དགོན་པ་གསར་བཞེངས་ཀྱི་མཛད་སྒོ་དང་། སློབ་གྲྭ་ལེགས་འགྲུབ་ཀྱི་རྟེན་འབྲེལ་སོགས་མཛད་སྒོ་ཅི་རིགས་ཤིག་བསྡུ་བཞིན་པ་དག་གིས་མགྲོན་པོ་འབོད་སྟངས་དང་བགྲོ་གླེང་བྱེད་སྟངས་སོགས་ལ་གཟིགས་དང་། དོན་གྱིས་དེ་དག་ནི་སེམས་ཅན་ཐམས་ཅད་མ་ལྟར་བསམ་དགོས་པའི་ཆོས་ཀྱི་ཉམས་ལེན་པ་དག་གི་སྤྱོད་པ་དོན་དུ་གཉེར་སྟངས་ཤིག་རེད་དམ། གྲུབ་མཐའ་རིས་མེད་ཅེས་ཆེན་པོ་ཆེན་པོ་ཞིག་བཤད་མཁན་དག་གིས་ལག་བསྟར་ལེན་ཕྱོགས་ཤིག་རེད་དམ། འདི་ལྟར་ཚོགས་པ་བྱེ་བྲག་པ་ཞིག་གི་མགོ་གཙོ་ཡིན་ཡང་ཁོའི་གྲུབ་མཐའི་ཕྱོགས་གཏོགས་ཀྱི་མཁས་པས་བསྙད་པ་དག་མགྲོན་དུ་འབོད་པ་ལས་གཞན་དག་མིག་གིས་མི་མཐོང་དོན་ག་རེ་ཡིན་ནམ། སེམས་ཅན་ཐམས་ཅད་དམ། མི་རིགས་མི་རིགས་ཞེས་ཆེན་པོ་ཆེན་པོ་ཞིག་གླེང་ཞོར་དུ་ལས་ཀ་ཆུང་ཆུང་ཆུང་ཆུང་ཞིག་གཉེར་གྱིན་པ་འདི་དག་ནི་ཀ་ཁ་མི་ཤེས་པའི་རྒད་པོ་གཤིས་གྱོང་འགའ་རེ་ལྟར་ཨ་མའི་ཁ་ཕོར་གཙང་ཞེན་ལ་ཕྱོགས་པའི་ལས་ཀ་བྱེད་སྟངས་ལ་ཁྱེད་ཅག་གིས་ཉམས་ལེན་གནངས་ཀྱིན་ཡོད་དམ།

དོན་དངོས་ནས་བཤད་ན་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི༼འདིའི་སྐོར་ལ་བདག་གིས་རྩོམ་ཡིག་ཅིག་བྲིས་མྱོང་བས་སྦྲེལ་ཐག་འདིར་ཡོད། http://blog.amdotibet.cn/lhangtsangba/archives/79923.aspx༽་སྒྲིག་གཞིའི་ཁྲོད་དུ་ཡང་ཆོས་རྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་དང་བཅས་པའི་དགེ་བཤེས་དག་རྒྱུགས་སྤྲོད་ལ་ཞུགས་ཆོག་པར་བྱས་ཡོད་པ་དག་ནི་འཇིག་རྟེན་གྱི་མི་ཁ་ཙམ་ལ་སྐྲག་ནས་བཟོས་པ་ནི་གཏན་ནས་མིན་པ་ཁྱོད་ཚོས་ལོས་ཤེས་མོད། མི་མང་གིས་ལྷ་རམས་པ་དང་དགེ་བཤེས་ཞེས་གནམ་ལ་བཞག་ཏེ་ཐོད་པ་གཏུགས་བཞིན་པའི་ཁྱོད་ཚོས་རང་རང་གི་སྤྱོད་པ་ལ་བདག་པོ་ཡག་པོ་ཞིག་རྒྱབ་ནས་ཐུབ་བསྟན་ཡུན་རིང་ལ་གནས་པའི་རྒྱུ་ལེགས་པོ་ཞིག་སྒྲུབ་ཐུབ་ན་ཅི་མ་རུང་།

མདོར་བསྡུས་ན་དགེ་བཤེས་ལྷ་རམས་པ་ཞེས་པའི་མཚན་རྟགས་རླབས་ཆེན་དེ་ནི་ཁྱོད་ཀྱི་བརྩོན་འགྲུས་དང་བློ་གྲོས་ཀྱིས་བསྐྲུན་པ་དང་། དགེ་བཤེས་ལྷ་རམས་པའི་གདན་ཐོབ་ཀྱི་དམིགས་ཡུལ་ནི། ཐར་བ་མཆོག་གི་གོ་འཕང་ཐོབ་ཆེད་དམ། ཐུབ་བསྟན་དར་རྒྱས་ཡུན་གནས་ལ་ཕྱག་རྗེས་འཇོག་ཆེད་དམ། དཔལ་འབྱོར་དོན་དུ་གཉེར་བ་དང་གྲུབ་མཐའ་དང་ཡུལ་ཕྱོགས་འཐེན་འཁྱེར་གྱི་ཆེད་དུའམ། ཤ་རུས་ཉེ་འབྲེལ་གཉོར་བའི་མི་སྐྱའི་ཁྱིམ་བདག་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་འམ། བུ་མོ་མཛེས་མ་རེ་མཐོང་ན་ལག་པ་གང་བྱུང་དུ་འགུལ་ཆོག་པ་དང་། ས་རྩོད་ཆུ་རྩོད་དང་། ཞིང་ཚིགས་མཚམས་པ། མཁར་ཁ་གྱང་གཏིང་རྩོད་སའི་ཁྲིམས་དཔོན་ཞིག་བྱེད་པའམ། ཁྲི་མཐོན་པོ་ལ་བསྡད་ནས་འདོད་ཆུང་ཆོག་ཤེས་བཤད་བཞིན་གཞན་གྱིས་རྔུལ་ཆུས་བསགས་པའི་སྒོར་མོ་དང་རྒྱུ་ནོར་ཆོག་ཤེས་མེད་པར་ལེན་ཞོར། འཇིག་རྟེན་ལ་རྟག་འཛིན་གྱི་བློ་ཇེ་ཆེར་གཏོང་ཐབས་སུ་ཤ་ཐང་དུ་འབད་བཞིན་པ་སོགས་ལས་གང་ཞིག་ཡིན་པ་གསལ་བོར་འདང་རེ་རྒྱོབས་དང་། དྲིན་ཆེན་ཚོ། རང་གི་སྤྱོད་པ་ལ་བདག་པོ་རྒྱགས་རོགས།