ཞིང་སྡེ་གསར་བའི་འཛུགས་སྐྲུན་མགོ་ཚུགས་པ་ནས་ད་ལྟའི་བར་དུ་Nསྡེ་བའི་འགྱུར་ལྡོག་ཆེ་ཤོས་ནི། སྡེ་དཔོན་དང་ཧྲུའུ་ཅིར་འབྲེལ་བ་ཆེ་བའི་ཁྱིམ་ཚང་རེ་འགའི་སྡོད་ཁང་ཡག་པོ་དག་ཉེན་ཡོད་སྡོད་ཁང་གི་གྲས་སུ་བཞག་ནས་གསར་བ་ལས་པ། སྡེ་བའི་སྲང་ལམ་ལ་ཨར་འདམ་གྱི་ལམ་བླུགས་པ་དང་། ཉི་འོད་ནུས་པའི་གློག་སྒྲོན་སྤར་བ་སོགས་རེད།

ཨར་འདམ་གྱི་ལམ་དེ་ཡང་སྡེ་དཔོན་དང་ཧྲུའུ་ཅི་ཚང་གི་ཁྱིམ་ནི་ཁྱིམ་མཚེས་གཞན་དང་ཐག་ཅི་ཙམ་རིང་ན་ཡང་ཨར་འདམ་མཐུག་ཅིང་ཞེང་ཁ་ཆེ་བ་མ་ཟད། སྡེ་གཞུང་གི་སྲང་བར་ལ་སྦར་བྱའི་ཉི་འོད་ནུས་པའི་གློག་སྒྲོན་དེ་ཡང་འདི་ལྟར་བགོས། དེ་ཡང་། N སྡེ་བར་ཁྱིམ་ཚང་བརྒྱ་ལྷག་ཡོད་པར་སྲིད་གཞུང་གིས་བསྩལ་བའི་གློག་སྒྲོན་ལྔ་བཅུ་ཡོད། སྡེ་བའི་གཞུང་ཁང་གི་སྒོ་ཁར་གཅིག མ་ཎི་ཁང་གི་སྒོ་ཁར་གཅིག སྡེ་དཔོན་དང་ཧྲུའུ་ཅི་གཉིས་ཀྱི་སྒོ་ཁར་རེ་རེ། སྡེ་དཔོན་ཚང་གི་ལུག་ར་ནང་དུ་གཅིག ཧྲུའུ་ཅི་ཚང་གི་རླངས་འཁོར་འཇོག་སར་གཅིག སྡེ་དཔོན་ཚང་གི་བུ་ཆུང་བའི་ཁང་བའི་སྒོ་ཁར་གཅིག་དང་འབྲིང་བའི་སྒོ་ཁར་གཅིག ཧྲུའུ་ཅི་ཚང་གི་བུ་འབྲིང་བའི་སྒོ་ཁར་གཅིག་དང་ཆུང་བའི་སྒོ་ཁར་གཅིག སྡེ་དཔོན་གྱི་བུ་མོ་མནའ་མར་སོང་ཡོད་པའི་ཁྱིམ་ཚང་དེའི་སྒོ་ཁར་གཅིག་དང་བུའི་མནའ་མ་ཚང་སྟེ་སྡེ་དཔོན་གྱི་ཨ་ཞང་ཚང་ལ་གཅིག ཧྲུའུ་ཅི་ཚང་གི་མནའ་མའི་ཡུལ་ལ་གཅིག་དང་བུ་མོ་གནས་ལ་སོང་བའི་ཁྱིམ་ཚང་ལ་གཅིག དེ་ནས་སྡེ་དཔོན་དང་ཧྲུའུ་ཅི་ཟུར་བ། སྡེ་བའི་ནང་གི་ཁ་ཆེན་དབང་ཆེན་རེའི་སྒོ་ཁར་རེ་རེ་སྦར་རྗེས། སྡེ་བའི་གཞུང་ལ་ཕན་ཐོགས་པའི་གློག་སྒྲོན་ནི་གཡུལ་ཁའི་ནང་ཡོད་པའི་གློག་སྒྲོན་དེ་གཅིག་པུ་ལས་མེད་པ་མ་ཟད། ཁྱིམ་ཚང་ཉམ་ཆུང་དང་ས་ཁུག་ཀྱོག་ཏུ་ཡོད་པ་ཚོར་གློག་སྒྲོན་གཅིག་ཀྱང་མེད།

དོན་ངོ་མ་བཤད་ན་སྡེ་བའི་གཞུང་ལམ་ནང་མི་མང་པོ་ཕར་འགྲོ་ཚུར་འོང་བྱེད་སར་གློག་སྒྲོན་གཅིག་ཀྱང་མེད་ན་ཡང་། ཞང་ཀྲང་དང་ཞང་སྲིད་གཞུང་ནས་བཀོད་སྒྲིག་བྱས་པའི་སྡེ་བའི་འགན་ལེན་ལས་བྱེད་དང་བཅས་པ་ཡོང་ནས N སྡེ་བའི་གློག་སྒྲོན་གོ་སྒྲིག་བྱེད་སྟངས་ཤིན་ཏུ་ལེགས་ཚུལ་གྱི་ཚོགས་འདུ་འཚོག་རྗེས་སྡེ་མི་དག་གིས་ཕན་ཚུན་ལ་ཤབ་ཤུབ་རེ་བཤད་པ་ལས་ཅི་ཡང་མ་ནུས། འདི་ནི ་N སྡེ་བའི་གློག་སྒྲོན་དང་སྲང་ལམ་གྱི་གནས་ཚུལ་ཡིན་ལ། ད་རུང་གནས་ཚུལ་གཞན་མེད་པ་ག་ལ་ཡིན་མོད། དེ་རིང་དུས་ཚོད་ཀྱི་དབང་གིས་ཚང་མ་བཤད་ཁོམས་མི་འདུག

མ་མཐའི་འཚོ་བའི་འགན་ལེན་གྱི་སྒོར་མོ་ཡོང་སྟངས་ཀྱང་ཟུར་ཙམ་བཤད་ན་ཡང་། སྒོར་མོ་ལེན་མཁན་ཡང་གོང་གི་ཁྱིམ་ཚང་དག་ལས་མ་འདས་ལ། གོང་གི་ཁྱིམ་ཚང་དག་ལ་དམིགས་བསལ་ཤིན་ཏུ་ཆེ་བར་བརྟེན། སྡེ་དོན་ལས་ཀ་དང་ལོ་རེར་འཆར་ཅན་གྱིས་ཡོད་པའི་སོས་ཀའི་རིམ་གྲོ་སོགས་གང་ལ་ཆད་སོང་ཡང་ཆད་པ་སྤྲོད་མི་དགོས། སྡེ་བའི་རུ་ཆུང་སོ་སོར་རུ་གཙོ་རེ་འཇོག་པ་དང་། ༼དེང་སང་དེ་ལ་ཏོས་ཀྲང་དུ་འབོད།༽ ཏོས་ཀྲང་དུ་འབོད་པ་དག་ལ་ཡང་ལས་ཀ་ཅུང་མང་བར་བརྟེན། བསམ་འཆར་མང་པོ་བཤད་བཤད་པའི་མཐའ་མར་ཁོང་ཚོའི་སྒོ་ཁར་གློག་སྒྲོན་སྦར་མ་ཐུབ་ན་ཡང་། རུ་ཆུང་སོ་སོའི་གློག་རིན་བསྡུ་མཁན་དུ་གྱུར་པས་ཁྱིམ་ཚང་སོ་སོའི་གློག་རིན་བསྡུ་སྐབས་གང་འདོད་དུ་བསྡུས་ཏེ་ཡོང་སྒོ་འཕར་མ་ཞིག་ལེན་ཐུབ་པར་གྱུར་པ་མ་ཟད། སྡེ་བར་དབུལ་སྐྱོར་གྱི་གྲོ་ཕྱེ་དང་འབྲས། སྣུམ་སོགས་ཡོང་དུས་གོང་གི་ཁྱིམ་ཚང་དེ་ཚོའི་འཕྲོ་ནས་ཁོང་ཚོ་དབུལ་སྐྱོར་ཁྱིམ་ཚང་ཡིན།

དོན་ངོ་མ་བཤད་ན་སྡེ་བའི་ནང་ལོ་ལོན་ཁེར་འདུག་དང་། མོ་ཁྱིམ། དྭ་ཕྲུག་སོགས་ཡོང་སྒོ་ཤིན་ཏུ་ཞན་པའི་ཁྱིམ་ཚང་རེ་ཟུང་ཡོད་ན་ཡང་། དེ་དག་ནི་སྡེ་བའི་ཚོགས་འདུ་འཚོག་སྐབས་གྲོས་བསྡུར་བྱེད་མཁན་གྱི་གྲས་སུ་མི་ཚུད་ལ། དབུལ་སྐྱོར་གྱི་གྲོ་ཕྱེ་དང་འབྲས་སྣུམ་གྱི་མུག་སྐྱོབ་ཀྱི་གྲས་སུ་ཡང་མི་ཚུད། སྡེ་བའི་གློག་སྒྲོན་དང་ཨར་འདམ་གྱི་གཞུང་ལམ་གྱི་སྐལ་ཡང་ག་ནས་ཡོད། འོན་ཀྱང་། ་ཁོང་ཚོས་སྡེ་གཞུང་ལ་བསམ་འཆར་ཙམ་ཡང་འདོན་ཐུབ་ཀྱི་མེད། བཏོན་ཀྱང་ཕན་པ་མེད་བསམ་པ་ཡང་ཡིན་ཚོད།

སྡེ་དཔོན་དང་ཧྲུའུ་ཅི་གཉིས་ཀྱིས་ཏང་ཀྲུང་དབྱང་ཀྱི་དགོངས་གཞི་དང་སྲིད་འཛིན་ཞིས་ཅིན་ཕིན་གྱི་ཡང་དག་པའི་སྲིད་ཇུས་ལྟར་སྡེ་བའི་ལས་ཀ་ཡོད་ཚད་དྲང་བདེན་གྱིས་ལག་བསྟར་བྱེད་དགོས་ཟེར་བ་སོགས་ནི་ཚོགས་འདུ་ནམ་འཚོག་གི་སྐབས་ཀྱི་སྐྱབས་འགྲོ་ཡིན་ན་ཡང་། སྡེ་འགྲམ་གྱི་གཞུང་ཆུའི་ཁར་ཡོད་པའི་རྡོ་དང་བྱེ་མ་བཙོང་ཟིན་པ་མ་ཟད། སྡེ་བའི་གོང་དུ་ཡོད་པའི་ཨ་མྱེས་བྲག་རྒན་ཡང་རྒྱ་མི་འཛུགས་སྐྲུན་པ་ཞིག་ལ་བཙོང་ནས་རྒྱ་མི་དེས་རྡོ་ཆེ་ཆུང་སྣ་ཚོགས་སུ་བགར་ནས་བཙོང་སྟེ་སྡེ་བའི་ནང་རླངས་འཁོར་ཆེ་ཆུང་གི་འགྲོ་འོངས་རྒྱུན་མ་ཆད་ཁར་ཁྱིམ་ཚང་རེ་ཟུང་གི་མཁར་གྱང་ལ་ཡང་གནོད་པ་ཚབ་ཆེན་ཐེབས། འོན་ཀྱང་། དེ་དག་ལ་གུན་གསབ་རྩ་བ་ནས་སྤྲད་མྱོང་མེད་ལ། སྡེ་གཞུང་ལ་ཡང་ལོ་རེའི་ཡོང་སྒོ་དམངས་སྒོར་ཁྲི་གཉིས་ལས་མེད།

གནད་དོན་དེ་ཤིན་ཏུ་ཚབ་ཆེ་བར་བརྟེན་སྡེ་བའི་ནང་གི་ན་གཞོན་སྐོར་ཞིག་གིས་ཨ་མྱེས་བྲག་རྒན་འགད་མཚམས་བཞག་ནས་རྒྱ་མིའི་བཟོ་གྲྭ་དེ་ཕྱིར་ལོག་དགོས་ཚུལ་བསྟན་དེ་གནས་ལུགས་བཤད་ན་ཡང་། རྒྱ་མི་དེས་ལོ་བཅུའི་རིང་གི་གན་རྒྱ་དང་ཁྱོན་སྡེ་དཔོན་དང་ཧྲུའུ་ཅི་གཉིས་ལ་དམངས་སྒོར་ཁྲི་ཉི་ཤུ་རེ་སྤྲད་ཟིན་པའི་ཡིག་ཆ་དང་བཅས་པ་བསྟན་པས་ཁོང་ཚོས་ཁ་གདངས་ནས་འདུག་པ་ལས་བྱ་ཐབས་གང་ཡང་མ་རྙེད། འོན་ཀྱང་ན་གཞོན་དེ་དག་གི་གྲས་ནས་གནས་ཚུལ་དེ་ཁྲིམས་ལ་གཏུག་རྒྱུའི་གྲ་སྒྲིག་བྱེད་མཁན་རེ་ཟུང་བྱུང་ན་ཡང་། སྡེ་དཔོན་དང་ཧྲུའུ་ཅི་གཉིས་ཀྱིས་ལན་འགར་བོས་ཏེ་མགྲོན་བྱས་པ་དང་། གྲོ་ཕྱེ་རྒྱ་མ་ལྔ་བཅུ་རེ་སྤྲད་པ་ནས་གནས་ཚུལ་དེར་ཡང་གྲགས་འགུལ་མེད་པར་གྱུར།

འདི་ལྟ་བུའི་གནས་ཚུལ་འབྱུང་བ་སྲོལ་རྒྱུན་ལྟ་བུར་གྱུར་པས་སྡེ་བའི་ནང་གི་ན་གཞོན་རེ་ཟུང་གིས་རང་ཉིད་སྡེ་བའི་ནང་ནས་རྒྱུ་མགོར་འབུད་འདོད་ཀྱིས་ཏང་ལ་ཞུགས་རྗེས་ཧྲུའུ་ཅི་བྱེད་འདོད་དང་འབྲེལ་བ་རྒྱུད་ནས་སྡེ་དཔོན་བྱེད་འདོད་ཀྱི་དམིགས་ཡུལ་འཛིན་པ་སོགས་མི་རབས་ནས་མི་རབས་བར་རུལ་སུངས་ནས་རུལ་སུངས་ཅན་དུ་འགྱུར་བའི་སྟ་གོན་ལ་ཞུགས་སོ།།

དེ་ལྟར་ N སྡེ་བའི་གོང་འོག་བར་གསུམ་གྱི་རུལ་སུངས་དེ་བཤད་ས་གང་ཡང་མ་རྙེད་པའི་ཡི་གེ་བ་ཞིག་གིས་གནས་ཚུལ་དེ་ཇི་བཞིན་ཡིག་ངོར་བཀོད་རྗེས་དྲ་ཐོག་ཏུ་འགོད་རྒྱུ་ལས་ཐབས་ཤེས་གང་ཡང་མ་རྙེད་དོ།།