འདི་ཟམ་གདོང་གིས་མ་བརྟག་པ་རྣམས་ཀྱི་ངོར་མཁས་བཤད་བླ་མ་མཁྱེན་ཞིག་བྱས་ཡོད་པ་དེ་དེ་ལྟར་མ་དག་རྒྱུན་འབྱམས་སུ་འགྲོ་བ་ལ་སེམས་ཀྱིས་མ་བཟོད་པས་མཆན་དུ་བཏབ་པ་དང་ཞིབ་མོས་དཔྱད་པ་གཟིགས་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་བཀོད་པའོ།།

རྡོ་རྗེ་སྐྱོབ་པ།

༡༽༼དམངས་༽ཞེས་པ་ཕལ་པ་དང་རིགས་དམའ་བར་བཤད༽
ཞེས་པ་འདི་ནི་སྐད་ཡིག་གི་མིང་ཚིག་འཕེལ་རིམ་མ་ཤེས་པའི་སྐྱོན་དུ་མཐོང་།
འདི་ལ་ལྗང་གཞོན་དུས་དེབ་པདྨ་འབུམ་ལགས་ཀྱིས་ལན་འདེབས་གསལ་གསལ་ཐིང་ཐིང་ཞིག་བྱས་པས་ཟམ་གདོང་གིས་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བླངས་པ་རེད། རབ་ཡིན་ན་པདྨ་འབུམ་ལགས་ཀྱི་དམངས་དང་མང་ཞེས་པའི་རྩོམ་དེའང་བཀོད་རོགས།
ཟམ་གདོང་ཟེར་བ་འདི་ཙམ་ལ་འཁྲུལ་ཏེ། དགོས་མེད་ཀྱི་དཀའ་ལས་ཐོལ་བ་བརྒྱབ་སྟེ། ལུང་འདྲེན་རྫུན་མ་མང་པོ་བྱས་ཡོད་པ་རེད། དཔེར་ན། ༼དམངས་གཞས་༽སོགས་མི་ཕལ་པའམ་གྲལ་རིམ་ཕལ་པ་ཞིག་གི་ཆེད་གོ་བ་ཡོངས་གྲགས་སུ་འདུག༽ཞེས་པ་འདི་ཏག་ཏག་བསྡད་འདུག་གམ། སོམས་དང་། དམངས་གཞས་ཞེས་པ་ནི་དམངས་ཁྲོད་ཀྱི་གཞས་ཞེས་པའི་དོན་ཡིན་པ་ལས་རྒྱ་གར་གྱི་རིགས་བཞིའི་ནང་གི་དམངས་རིགས་ཀྱི་གཞས་ག་ལ་ཡིན། འདི་ནི་གླེན་པའི་ཨུ་ཚུགས་རང་ཡིན་ཏེ། བོད་པ་སུས་ཀྱང་དམངས་གཞས་ཞེས་པ་བོད་མི་དམངས་དམངས་ཁྲོད་ཀྱི་གཞས་ལ་གོ་བ་ལས། རྒྱ་གར་གྱི་རིགས་བཞིའི་དབང་དུ་བྱས་པའི་དམངས་རིགས་ཀྱི་གཞས་ལ་ག་ལ་གོ། ཟམ་གདོང་ཁོང་གིས་ཨུ་ཚུགས་ཀྱིས་གོ་བ་རེད་ཅེས་བཙན་བཀའ་བཏང་ན་ནི་བཤད་དུ་མེད། སྤྱིར་རིགས་བཞིའི་དབང་དུ་བྱས་པའི་དམངས་རིགས་ཞེས་པ་དེར་བོད་ཀྱི་ཚད་ལྡན་གྱི་འགྱུར་དག་ཏུ་གདོལ་བའི་རིགས་ཟེར་བ་ཡིན། དེ་བས་ཁོང་གིས་བཤད་པ་ལྟར་དམངས་ཟེར་ཟེར་ཐམས་ཅད་རྒྱ་གར་གྱི་རིགས་བཞིར་བྱས་པའི་དམངས་རིགས་ཏེ་གདོལ་བའི་རིགས་རིགས་དམན་པ་དེ་ཁོ་ན་སྟོན་པའོ་ཟེར་ན་ནི་གླེན་པའི་གཏམ་ཁོ་ནའོ།།  ད་དུང་རང་གི་འདོད་དོན་ཁོ་ན་བསྒྲུབ་ཕྱིར་བཅད་གཏུབ་ཀྱིས་ལུང་རྫུན་ཁོ་ན་དྲངས་ཡོད་པ་སྟེ།  ལེགས་སྦྱར་གྱི་འགྱུར་དེ་དག་ནི་ལེགས་སྦྱར་གྱི་སྐད་དོད་དེའི་ཚབ་ཏུ་ཡིན་ཕྱིར་དེ་ལ་ལེགས་སྦྱར་གྱི་སྐད་དོད་དེས་དོན་ཅི་སྟོན་སྟོན་ཆ་ཚང་བོད་རང་སྐད་ཀྱི་བུ་ཡིག་གིས་ཀྱང་ཇི་བཞིན་དུ་མཚོན་མི་ཐུབ་སྟེ།  དཔེར་ན་དཀོན་མཆོག་ལྟ་བུ་ཡིན་ན།  ལེགས་སྦྱར་ལ་རིན་ཆེན་གྱི་དོན་མ་གཏོགས་མེད་ཅིང་།  རིན་ཆེན་དང་དཀོན་མཆོག་དོན་གཅིག་རང་གཅིག་ཏུ་འགྲེལ་ན་ནི་ཤིན་ཏུ་རྨོངས་པའི་ལམ་དུ་སོང་བ་ཤེས་ཐུབ་པ་ལྟ་བུ་ཡིན།  དེ་མཚོན་མི་ཐུབ་པའི་རྒྱུ་མཚན་གྱིས་ཚད་མ་སོགས་སུ་གོོ་སྒྲ་བོད་སྐད་དུ་བ་ལང་གཅིག་པུས་མཚོན་མ་ཐུབ་པར་དོན་བཅུ་སོགས་ལ་འཇུག་པའི་རྙོག་དྲ་དེ་བསླེབས་པ་རེད། དེ་བས་དེ་ཙམ་ཞིག་ཨུ་ཚུགས་ཀྱིས་རྒྱུ་མཚན་དུ་དྲངས་པ་ནི་རང་གི་ཞེ་འདོད་སྒྲུབ་པའི་རིགས་པ་ལྟར་སྣང་ཡིན་པ་ཤེས་པར་བྱའོ།།

ལུང་རྫུན་བཅད་གཏུབ་ཀྱིས་དྲངས་ཡོད་དེ། གཞན་རྣམས་གོང་ལྟར་དཔྱད་དུ་མི་བཟོད་པས་བསྐྱུར་ལ་དཔེར་ན་དག་ཡིག་གསར་སྒྲིག་ཏུ་འགྲེལ་བ་དྲངས་པ་དེ་བཅད་གཏུབ་ཁོ་ན་བྱས་ཡོདདེ།  དག་གསར་དུ།  དམངས་ནི།  མི་དམངས་ཏེ།  དེ་ལ་རྒྱལ་ཁབ་མི་མཐུན་པ་དང་རྒྱལ་ཁབ་གཅིག་གི་ལོ་རྒྱུས་ཀྱི་དུས་སྐབས་མི་མཐུན་པར་ནང་དོན་མི་མཐུན་པ་ཡོད་ཅེས་གསལ་བར་གསུངས་ཡོད་པ་ལ་བསམ་གཟས་ནས་གཡོལ་ཡོད་དེ། རྒྱུ་མཚན་ནི་རང་གི་ཞེ་འདོད་ཉི་ཚེ་བ་དེ་ལ་གནོད་ཡོད་པའི་ཕྱིར།
དེར་མ་ཟད།  ཁོང་གིས ་་དམངས་གཙོ་་ཞེས་པ་ནི། ཌེམོཀེརེསྰི ཞེས་པའི་ཚིག་དོན་སྟོན་ནུས་པར་མ་མཐོང་ངོ་་ཞེས་ཟེར་ཞིང་རྒྱུ་མཚན་དུ། མང་ཞེས་པ་གྲངས་ཀྱི་གསལ་བྱེད་དང་། དམངས་ཞེས་པ་རིགས་སམ་གྲལ་རིམ་གྱི་གསལ་བྱེད་ཡིན་ཟེར་ཞོར་མི་རིགས་གཞན་པས་བསྒྲིགས་པའི་ཚིག་མཛོད་དང་སྔོན་གྱི་འགྱུར་མི་འདྲ་བ་འགའ་ནས་ཁུངས་ལུང་ལྟར་སྣང་ཁ་ཤས་དྲངས་ཏེ། མཐར་དམངས་ཞེས་པ་བྲན་འཁོལ་དང་། གདོལ་པ། ཕལ་པ་བཅས་ཀྱི་དོན་ལས་མི་མང་དང་མང་ཚོགས་ཀྱི་དོན་དུ་སྦྱར་བ་གཅིག་ཀྱང་མེད་པར་མ་ཟད། རྒྱུན་ལྡན་བོད་སྐད་ཀྱི་དབང་དུ་བྱས་ནའང་། དམངས་རྩམ། དམངས་ཆང་། དམངས་གཞས་སོགས་མི་ཕལ་པའམ་གྲལ་རིམ་ཕལ་པ་ཞིག་གི་ཆེད་གོ་བ་ཡོངས་གྲགས་སུ་འདུག་ཅེས་མ་བརྟག་པ་རྣམས་ཀྱི་ངོར་མཁས་བཤད་བླ་མ་མཁྱེན་ཞིག་བྱས་འདུག་ཀྱང་། བརྟག་པ་ཡིན་ན་རང་གི་རྐུབ་གཡོགས་རང་གིས་བརྟོལ་ཡོད་དེ།  དཔེར་ན་༧རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ ། མི་དམངས་དེ་འདྲའི་ཡོན་ཏན་སློབ་པར་བླ་མར་མི་བརྩི་བའི་སྟབས་ཞལ་ངོ་ཡང་སྒྲའི་སློབ་དཔོན་ལ་ཐུགས་དོགས་ཆུང་་ཞེས་དང་། གྲྭ་དམངས་ཀྱིས་གསུང་མ་ཉན་པར་་ ཞེས་པ་ལྟ་བུ་དང་།་་་མི་དམངས་འདི་རྒྱུ་མཚན་མ་གོ་བའི་མཐོང་སྣང་ངན་པ་ཞིག་འདུག་པས་་ ཞེས་དང་།   དེ་ཙམ་དུ་མ་ཟད།  བོད་ཀྱི་གསོ་རིག་ཐམས་ཅད་ཀྱི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་ཕྱི་རྒྱུད་ཕྱེ་མའི་ལེའུར། ཚ་སེལ་ག་བུར་རྒྱལ་བོའི་སྦྱོར་བ་དང་། གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང་། གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང་། སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི། ཞེས་དང་། ཡང་། སྣ་ཚོགས་ཁ་ཐོར་དམངས་ཀྱི་སྦྱོར་བ་ནི། ཞེས་དང་། ཡང་། གྲང་བ་སེལ་བ་ཕྱེ་མའི་སྡེ་ཚན་ལ། རྒྱལ་བོ་སེ་འབྲུ་བློན་པོ་ད་ལིས་དང་། རྒོད་མ་ཁ་ཕྱེ་རྗེའུའི་སྦྱོར་བ་དང་། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་བཞི།
ཞེས་སྨན་གྱི་སྦྱོར་སྡེ་བཤད་སྐབས་གཙོ་ཕལ་དང་སྤྱི་བྱེ་བྲག སྤྱོད་ཁྱབ་ཆེ་ཆུང་ལ་ལྟོས་ནས་སྡེ་ཚན་དབྱེ་འབྱེད་བྱེད་སྲོལ་ཡོད་པ་ལྟར། སྐབས་འདིའི་སྨན་གྱི་སྦྱོར་བའི་རིགས་ཡོངས་ཁྱབ་ཁ་ཐོར་དུ་གནས་ཤིང་མང་བོ་སྣ་ཚོགས་ཅན་གྱི་གྲས་ལ་དམངས་ཞེས་མིང་བཏགས་ཡོད་པས་དམངས་ལ་མཐོ་དམན་གྱི་དྲི་མ་མེད་པས་མ་ཚད་མང་བོའི་གོ་དོན་གསལ་བོ་སྟོན་ཐུབ་པ་དང་། ལྷག་པར་དུ་གསོ་རིག་རྒྱུད་བཞིའི་གཞུང་འདི་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པས་བོད་དུ་དམངས་ཀྱི་ཐ་སྙད་འདི་བེད་སྤྱོད་བྱས་ཏེ་ལོ་ངོ་སྟོང་ཕྲག་ལྷག་སོང་ཡོད།

དེ་ཙམ་གྱིས་ད་རུང་མི་ཆོག་ན།   རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་མཆོག་གི་རང་རྣམ་དུའང་།  གྲྭ་དམངས་ཀྱི་ཕོགས་འགྱེད་ཀྱི་དོད་དུ་ཞེས་སོགས་ཤིན་ཏུ་མང་བ་དག་མི་ལྟ་རྒྱ་ཆུང་དྲགས་པས་མ་མཐོང་བར་གསལ་ཏེ། དམངས་ཀྱི་དོན་གྲལ་རིམ་དང་རིགས་གདོལ་བ་གཅིག་པུའི་གསལ་བྱེད་དུ་ག་ལ་འགྲོ།  མི་འགྲོ་བ་གོང་གི་བོད་ཀྱི་མཁས་ཆེན་དེ་དག་གི་གསུང་དང་།  བརྩམས་ཆོས་ཚད་ལྡན་དག་གི་བརྩམས་ཆོས་ཁྲོད་དུ་བློ་དང་ལྡན་པ་རྣམས་ལ་ཧ་ཅང་གསལ་བའི་ཕྱིར། དེ་བས་དམངས་ཞེས་པ་མི་མང་དོན་ལ་འཇུག་པ་ཧ་ཅང་གསལ་བའོ།།

ད་རུང་མང་གཙོ་ཟེར་ན་ནི།  དབྱིན་སྐད་ཀྱི་ (Majoritarianism)དང་དོན་ཇི་བཞིན་དུ་བསྡད་ཡོད་པས་Democracy སྟེ་དམངས་གཙོ་ནམ་ཡང་མཚོན་མི་ཐུབ།  དེ་དང་ཡང་འཁྲུག་ཉེན་ཆེ་གཤིས།  དམངས་གཙོ་ཟེར་ན་དོན་དང་ཡང་མཐུན་ལ།  བོད་རང་གི་སྐད་ཀྱི་བརྡ་དང་ཡང་ལེགས་པར་འཕྲོད་པ་ཤེས་པར་བྱའོ།།

༢༽༼སྲིད་ཀྱི་ལམ་སྲོལ་གང་དུ་མི་མང་ཡོངས་རྫོགས་ལ་རང་དབང་གི་ནུས་ཤུགས་མཉམ་སྤྱོད་བྱེད་པའི་ཐོབ་ཐང་ཡོད་པ་དང༌། གྲལ་རིམ་ཁྱད་པར་བ་འགའ་ལ་དམིགས་བསལ་སྲིད་དོན་གྱི་ཐོབ་ཐང་ཡོད་པའམ། སྲིད་དབང་སྒེར་འཛིན་གྱི་བསམ་ཚུལ་ལ་དགག་བྱ་དང༌། སྲིད་དོན་གྱི་འདྲ་མཉམ་ཡོད་པ་གཞིར་བཞག་གིས་སྤྱི་ཡོངས་མང་ཚོགས་ཀྱི་བསམ་ཚུལ་དང་མཐུན་པར་མང་མོས་ཐག་གཅོད་དང༌། ཁྲིམས་ཀྱི་ལམ་སྲོལ་གྱིས་དབང་བསྒྱུར་བྱས་པ་ཞིག་ལ་ཟེར། ལམ་སྲོལ་འདིས་མང་ཚོགས་ལ་རང་ཉིད་རང་སྐྱོང་གི་ནུས་པ་ཡོད་པར་ཡིད་ཆེས་བྱེད།༽
ཞེས་པ་འདི་ལ་དཔྱད་དུ་བྱ་བ་འདི་ཡོད་དེ། ཁོང་གིས་དམངས་ཀྱི་དོན་མ་གོ་བས། ༼ཨུ་ཚུགས་མཐར་སྐྱེལ་གྱིས་དམངས་ཞེས་པ་རྒྱ་གར་གྱི་རིགས་བཞི་ལས་དམངས་རིགས་ཁོ་ན་ལ་གོ་འདུག་ཞེས་པ་ནི་རང་གི་འདོད་ཕྱོགས་སྒྲུབ་བྱེད་ཀྱི་ལུང་རྫུན་མ་ཁོ་ནའོ།༽དམངས་ཀྱི་ཚབ་ལ་མང་རང་བྲིས་པའོ།།
དེ་བས་གོང་གི་འགྲེལ་བཤད་དེ་ཡང་དག་པར་བཅོས་ན།
༼སྲིད་ཀྱི་ལམ་སྲོལ་གང་དུ་དམངས་ཡོངས་རྫོགས་ལ་རང་དབང་གི་ནུས་ཤུགས་མཉམ་སྤྱོད་བྱེད་པའི་ཐོབ་ཐང་ཡོད་པ་དང༌། གྲལ་རིམ་ཁྱད་པར་བ་འགའ་ལ་དམིགས་བསལ་སྲིད་དོན་གྱི་ཐོབ་ཐང་ཡོད་པའམ། སྲིད་དབང་སྒེར་འཛིན་གྱི་བསམ་ཚུལ་ལ་དགག་བྱ་དང༌། སྲིད་དོན་གྱི་འདྲ་མཉམ་ཡོད་པ་གཞིར་བཞག་གིས་སྤྱི་ཡོངས་དམངས་ཚོགས་ཀྱི་བསམ་ཚུལ་དང་མཐུན་པར་མང་མོས་ཐག་གཅོད་དང༌། ཁྲིམས་ཀྱི་ལམ་སྲོལ་གྱིས་དབང་བསྒྱུར་བྱས་པ་ཞིག་ལ་ཟེར། ལམ་སྲོལ་འདིས་དམངས་ཚོགས་ལ་རང་ཉིད་རང་སྐྱོང་གི་ནུས་པ་ཡོད་པར་ཡིད་ཆེས་བྱེད།༽
༣༽
དེ་ཡང་མང་༼མང་མོས་ཀྱི་ཐག་གཅོད༽ཟེར་བ་འདི་ལ་བརྟེན་ནས་མང་གཙོ་ཡིན་ཟེར་ན་ནི་ཆེས་བླུན་ཏེ།
མང་ཁ་ཉུང་ལེན་ཟེར་བ་དང་། ཉུང་བ་ལས་མང་བ་གཙོ་ཞེས་མང་གཙོའི་ལུགས་ཤིག་འཛམ་གླིང་འདི་མེད།
མང་མོས་ཐག་གཅོད་ཟེར་བ་འདི་དམངས་གཙོའི་ཁེ་དབང་ལོངས་སྤྱོད་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་ཀྱི་ཐབས་ལམ་ཞིག་ཡིན་པ་ལས། དམངས་གཙོ་ཁོ་རང་དང་འབྲེལ་བ་མེད།
འདི་ནི་བསྡོམས་བརྒྱབ་ནས་བཤད་ན། ཟམ་གདོང་ཟེར་བ་བླུན་རྨོངས་གང་མང་གིས་མཁས་པར་བསྙད་པ་འདིས་དམངས་ཟེར་བ་འདིས་དོན་ཡང་དག་ཅིག་མ་རྟོགས་པ་དང་། ཡང་ན་ཨུ་ཚུགས་ཀྱིས་བོད་དུ་མཁས་དབང་དུང་དཀར་དང་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ཀྱིས་བསྒྱུར་བའི་དམངས་གཙོ་ཞེས་པ་ལ་འགྲིག་མེད་ཚུལ་གྱི་རྒྱུ་མཚན་ལྟར་སྣང་རེ་བཀོད་དེ་༼འདི་གཅིག་བུ་མ་ཡིན་པར་ད་དུང་བོད་ཀྱི་གཞན་གྱི་དྲིང་མི་འཇོག་པའི་མཁས་པ་འདི་དག་གིས་མཛད་པའི་བརྡ་ཆད་གང་མང་ཞིག་ལ་དགོས་མེད་ཀྱི་དག་བཅོས་གང་མང་བྱས་ཡོད༽བོད་ཀྱི་རིག་གནས་ལ་རྒྱུས་ཅི་ཡང་མེད་པའི་གྲོས་ཚོགས་ར་བར་མཁས་མདོག་བསྟན་པ་རེད། མང་དང་མངས། དམངས་ལྟ་བུ་དང་། མིང་ཚིག་འཕེལ་རིམ་ཙམ་ཡང་མ་ཤེས་པས་གླེན་རྟགས་བསྟན་པ་རེད།
རང་ཉིད་ལ་རྣམ་དཔྱོད་ཀྱི་རྩལ་ཅི་ཡང་མེད་མཁན་དག་གིས་ནི་ཁོང་གིས་དབྱིན་ཇི་ཛར་ཛོར་རེ་བཤད་དེ་མི་གཞན་གྱི་མགོ་མནན་པར་དེ་ནི་བདེན་པའོ། དེ་ནི་ཚད་མའོ་ཞེས་རྨོངས་པས་རྗེས་འབྲངས་ཁོ་ན་བྱེད་པ་རེད།
རབ་ཡིན་ན་ལྗང་གཞོན་དུ་བཀོད་པའི་པདྨ་མ་འབུམ་ལགས་ཀྱི་དམངས་དང་མང་གི་སྐོར་ལ་བྲིས་པ་དེ་བཀོད་རོགས། དེ་ནས་ཟམ་གདོང་བླ་མའི་གླེན་རྟགས་མཐོང་གི་རེད།

ཉི་མ་མགོན ལགས་ཀྱིས་གསུང་དོན:

ཁྱེད་ཀྱིས་ཐ་སྙད་རིག་པ་དང་བོད་ཀྱི་བརྡ་རིག་ལོ་རྒྱུས་ལ་རྒྱུས་ལེན་ཏོག་ཙམ་བྱས་ན། དམངས་ཁྲོད་དང་དམངས་གཞས་ཟེར་བ་དེ་ཡང་རྒྱ་ནག་གི་ཐ་སྙད་ལ་བསྟུན་ནས་བྱུང་བ་ཤེས་ཐུབ་། སྔར་བོད་ཀྱི་གཞུང་གི་ཡིག་ཆ་སོ་སོ་རུ་དམངས་ནི་དབང་བསྒྱུར་བྱེད་ཡུལ་དེ་ལ་གོ་བ་དང་། དབང་བསྒྱུར་མཁན་ལ་གོ་བ་མེད། ད་ལྟ་མང་གཙོ་ཡིན་ན། དབང་བསྒྱུར་ཡུལ་དང་དབང་བསྒྱུར་མཁན་ཞེས་པའི་ཁྱད་པར་མེད་པར། ཚང་མ་ཆབ་སྲིད་ཐོག་ནས་འདྲ་མཉམ་ཡིན་པ་དང་། ཆབ་སྲིད་ནི་གཅིག་གིས་གཅིག་ལ་དབང་བསྒྱུར་བ་མ་ཡིན་པར། མི་མང་གི་མཉམ་གཉེར་ཞིག་ཡིན་པས། དམངས་ཅེས་པའི་གྲལ་རིམ་ཏེ་ཐོར་ནས་སོང་བ་རེད། དེ་བཞིན་མི་དམངས་དང་། དམངས་གཙོ། དམངས་ཁྲོད། དམངས་གཞས་སོགས་ནི་གྲལ་རིམ་ཡོད་པ་འདོད་པའི་དམར་ཕྱོགས་ལྟ་བུས་མ་གཏོགས་སྤྱོད་འོས་པ་མིན་ནོ།

རྡོ་རྗེ་སྐྱོབ་པ་ལགས་ཀྱིས་གསུང་དོན:

ཐ་སྙད་ལ་ལེགས་པར་དཔྱད་དགོས། མང་གཙོ་ཟེར་བ་འདི་ལམ་ལུགས་དེ་སྟོན་མི་ཐུབ་སྟེ། མང་གཙོ་ཟེར་བ་འདིས་མང་བ་གཙོ་བོ་དང་ཉུང་བ་ཕལ་བ་ཡིན་ལྟ་བུ་ཞིག་བཤད་པ་མ་གཏོགས་ཅི་ཡང་སྟོན་པ་མ་རེད།
མི་མང་གཙོ་བ་སྟོན་གྱི་ཡོད་ཟེར་ན་ནི། བདག་ཅག་གིས་བཤད་པ་ལྟར་མི་མང=དམངས་དང་བོད་ཀྱི་སྐད་བརྡ་རིག་པས་འཕྲོད་པས་དམངས་གཙོ་ཟེར་ན་ཅིས་མ་ལེགས།
ཟམ་གདོང་ཟེར་བ་ཁོང་ཅག་བོད་སྡོད་མཁས་དབང་རྣམས་ཁས་ལེན་འདོད་མེད་པ་དང་རང་ཉིད་ཀྱི་མཁས་མདོག་སྟོན་འདོད་པས། འདི་འདྲ་བརྡ་ཆད་ཡོངས་གྲངས་གང་མང་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་བཅོས་ཁུལ་བྱས་ཡོད་པ་རེད། དཔེར་ན་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་ལེགས་བྱང་ཟེར་བ་ལྟ་བུ་དང་། སྤྱི་ལོ་ལ་ཕྱི་ལོ་ཟེར་བ། སྟངས་འཛིན་ལ་བཏང་འཛིན། འདི་འདྲ་རྒྱུ་མཚན་ལྟར་སྣང་རྐྱང་རྐྱང་བཀོད་དེ་བྲིས་ཡོད་པ་རེད།
རྒྱུ་མཚན་ལྟར་སྣང་ཟེར་དོན་ནི་བོད་ནང་གི་མཁས་དབང་གཞན་གྱི་དྲིང་མི་འཇོག་པ་དག་གིས་མཛད་པ་དག་ནི་ཁས་ལེན་མ་འདོད་པས། གཞན་པ་ཞིག་ཏུ་བཅོས་རྩིས་བྱེད་ཀྱིན་པ་རེད།
རྒྱུ་མཚན་བཀོད་པ་དེ་དག་གནས་ལུགས་ཡོད་པ་ཞིག་ཅི་ཡང་མིན་པར། ཅིག་ཡིན་ན་རྒྱ་མི་དང་ཉིག་ཡིན་ན་རྒྱ་མི་ཟེར་བ་རེད། བསམ་བློ་ཆེ་ས་ནས་གཏོང་མི་དགོས་པར། ཆུང་ས་ནས་བཏང་ནའང་། རྒྱ་མི་དག་ནི་ཅི་ཡང་མི་ཤེས་པ་དང་རྒྱུ་མཚན་དང་གཏན་ཚིགས་གང་ལའང་མ་བརྟེན་པར་བརྡ་ཆད་གཏན་འབེབ་བྱས་ཡོད་པ་ཞིག་ཏུ་བཤད་པ་རེད།
དེ་ཡང་རྒྱུ་མཚན་ཅི་ཡང་མེད་དེ། ཕྱི་ལོགས་ཀྱི་བོད་མི་ཕལ་ཆེ་བ་རྒྱ་ལ་མི་དགའ་བ་ཙམ་གྱིས་རྒྱུ་མཚན་ལ་རྒྱ་མི་དང་རྒྱ་ཡིག་ཟེར་ནས་རྒྱུ་མཚན་དྲངས་པ་ཡིན་ན་ནི། རྒྱུ་མཚན་ཡང་དག་ལྟ་བུ་ཆགས་འགྲོ་བ་རེད།
འདི་ནི་རྨོངས་པ་རང་རེད།
བློ་གཟུ་བོར་གནས་ཏེ་བསམ་བློ་གཏོང་རྒྱུ་གལ་ཆེན་རེད།

ཉི་མ་མགོན་ལགས་གྱིས་གསུང་དོནཁྱེད་ཀྱིས་མ་ཤེས་ཤེས་མདོག་མ་བཟོ། དམངས་ཟེར་བ་དེ་དཔོན་གྱི་འོག་རིམ་ལ་གོ དེ་བོད་ཀྱི་བརྡ་དོན་འཁྲུལ་མེད་རེད། མང་གཙོའི་རིན་ཐང་ལྟར་ན་དམངས་དང་དཔོན་གྱི་གྲལ་རིམ་མེད་པར། གཞུང་ཞབས་སྒྲུབ་མཁན་དང་གཞུང་ཞབས་མི་སྒྲུབ་མཁན་གྱི་ཁྱད་པར་ལས་མེད། ཡང་སྤྱི་ལོ་ནི་དབྱིན་ཡིག་Common
Era ཡི་དོན་ཡིན་པ་དང་། ཕྱི་ལོ་ནི་Christian eraཡི་མིང་རེད། Commonནི་སྤྱི་ཁྱབ་ཀྱི་དོན་དང་། Christianནི་ཡི་ཤི་ཆོས་ལུགས་ཏེ་བོད་ལ་མཚོན་ན་ཕྱི་ལུགས་རེད།
གཞན་ཡང་། གལ་ཏེ་ཐ་སྙད་དམངས་གཙོ་ལ་དཔྱད་པ་བྱས་ན། ༡ ཐ་སྙད་འདིའི་མི་དམངས་ཟེར་བའི་གཅིག་མཐུན་ཞིག་ཡོད་པ་ཤུགས་ཀྱིས་བསྟན་ཡོད་པ་དང་། མི་སྒེར་དང་མི་སྒེར་གྱི་ཁྱད་པར་དང་ཁེ་ཕན་གྱི་སྣ་མང་རང་བཞིན་དགག་ཡོད་པ་རེད། དེ་ན་དེ་ནི་democracyཡི་ལྟ་བའི་གཞི་དང་མི་མཐུན། ༢ ཡང་མང་གཙོའི་ལམ་ལུགས་དེ་ཤིན་ཏུ་ཐལ་གྱུར་བ་ཡིན་ན། poplistཟེར་བའི་རྣམ་པ་ཞིག་ཐོན་གྱི་ཡོད་པར། དེའི་གོ་དོན་ནི་དཔྱོད་ལྡན་གྱི་ཤེས་ཡོན་པའི་དབུ་ཁྲིད་ལ་ཡིད་ཆེས་མི་བྱེད་པར། ཕལ་བོའི་སྤྱི་མང་གི་རེ་བ་ཁོ་ན་སྒྲུབ་དེ། ཆབ་སྲིད་དང་ཕྱི་འབྲེལ། ཁྲིམས་ལུགས་སོགས་ལ་ལུགས་མཐུན་གྱི་འཛིན་སྐྱོང་མེད་པར། ཕལ་མིའི་འདོད་བློ་ཁོ་ནར་བསྟུན་པ་ཞིག་ལ་ཟེར། དེ་ལ་དམངས་གཙོ་ཟེར་ན་ད་གཟོད་འོས་འཚམས་རེད་སྙམ། ༣democracyཟེར་དུས་མང་བོ་གཙོ་དང་ཉུང་བ་ཕལ་བྱེད་པ་ཞིག་ལོས་ཡིན། ཁྱེད་རང་རྒྱ་ནག་གིས་སློབ་གསོ་ཐོབ་པ་ཞིག་ཡིན་ཤས་ཆེ། གང་ཡིན་ཟེར་ན། དམངས་ཟེར་བའི་གྲལ་རིམ་ཞིག་གམ། ཚོགས་སྡེ་ཞིག་ཡོད་པ་སྔོན་འགྲོར་སོང་ནས་མང་གཙོ་གླེང་གི་འདུག དེ་ནི་མང་གཙོའི་དགོངས་པ་དང་གཞི་ནས་མི་མཐུན་ཏེ། མང་གཙོའི་དགོངས་པའི་ནང་ནས་མི་སྒེར་ཁས་ལེན་བྱེད་པ་རེད་མོད། ཐ་སྙད་དོན་སྟོང་ཅན་གྱི་མི་དམངས་ཞིག་ཡོད་པ་ཁས་མི་ལེན།

རྡོ་རྗེ་སྐྱོབ་པལགས་ཀྱིས་གསུང་དོན: ༡༽ཁྱོད་ནི་ཅི་ཙམ་བཤད་པ་དེ་ཙམ་གྱི་རྨོངས་འཐོམ་ཅན་དུ་འགྱུར་གྱིན་འདུག
དམངས་ཟེར་བ་༼དམངས་ཟེར་བ་དེ་དཔོན་གྱི་འོག་རིམ་ལ་གོ དེ་བོད་ཀྱི་བརྡ་དོན་འཁྲུལ་མེད་རེད།༽ཟེར་བ་ཁྱོད་ཀྱིས་ཐག་བཅད་པ་ཡིན་ནམ། ཟམ་གདོང་གིས་ཁྱོད་ལ་གསུག་འདྲ་བརྫངས་ཏེ་ཡིན་ཚུལ་ལབ་རོགས་བཤད་པ་རེད། ལར་ཁོང་གིས་དམངས་གཙོ་ལ་ངེས་པ་མང་གཙོ་ཟེར་དགོས། དམངས་གཙོ་ཟེར་ན་རྒྱ་ཡིག་དང་འབྲེལ་འདུག རྒྱ་གཞུང་ང་ཚོའི་དགྲ་བོ་རེད། དེ་བས་དེ་དང་འདྲ་བའམ་ཆ་མཐུན་པ་ཆ་ཚང་མ་འདྲ་བ་ཞིག་བཟོ་རྒྱུ་ཡིན་ཟེར་བ་ཡིན་ན། དེ་ནི་དགོས་མེད་ཀྱི་སེམས་ཁྲལ་ཐོལ་པ་སྟེ། རིག་གཞུང་དང་བརྡ་ཆད་རིམ་པ་ཁྱོད་ངའི་དགྲ་རེད་ཟེར་ཞོར་མི་ལེན་ཡ་ཞིག་དང་ཁྱོད་ངའི་གྲོགས་རེད་ཟེར་ཞོར་ཤ་གཟུག་ཟ་རྐྱང་རང་བྱས་ཆོག་པ་ཞིག་ཨ་ཡོད་ན།
ཟམ་གདོང་ཟེར་བ་འདིས་མཐའ་གཅིག་ཏུ་དམངས་ཟེར་བ་ནི་རྒྱ་གར་གྱི་རིགས་བཞིར་དབྱེ་བའི་དམངས་རིགས་རང་དུ་གོ་འདུག་ཅེས་ལུང་ལྟར་སྣང་ཡང་མང་པོ་ཞིག་དྲངས་མི་འདུག་གམ།
བོད་བརྡ་ལ་ལེགས་པར་བྱང་ན་དེ་ཙམ་སེམས་ཁྲལ་ཡོད་མ་རེད། མི་མང་པོ=དམངས། མི་དམངས=དམངས མང་དང་མངས། དམངས་སོགས་ནི་མང་གི་མིང་གི་འཕེལ་རིམ་ཡིན་པ་ལས།
གདོལ་བའི་རིགས་ཀྱི་སྐད་དོད་འགར་དམངས་རིགས་བཞག་པ་ཙམ་གྱིས་རྒྱ་གར་གྱི་སྐྱུག་བྲོ་བའི་གོམས་སྲོལ་གྱི་དྲི་མ་དང་བཅས་པ་དམངས་ལ་འགོས་འགྲོ་བ་དེ་འདྲ་ཡིན་སྲིད་ཀྱི་མ་རེད། འདི་ཙམ་ཡང་མི་ཤེས་པ་ནི་དངོས་གནས་ཐབས་རྡུགས་རེད།
༢༽ མི་ཤེས་ཤེས་མདོག་བྱེད་མཁན་ཁྱོད་རང་སྟེ། ཁྱོད་ཀྱིས་རང་གི་ཁ་ནས་ཅི་ཞིག་ཐོན་གི་ཡོད་པའང་ཤེས་མི་འདུག སྤྱི་ལོ་ནི་(Common Era)རེད། ཕྱི་ལོ་ནི་(Christian Era)རེད་ཟེར། སྐད་ཆ་འདི་འདྲ་བཤད་རྒྱུར་ངོ་མི་ཚའམ། འཛམ་གླིང་ཤར་ནུབ་ཕལ་མོ་ཆེས་ཁྱབ་མཉམ་དུ་སྤྱོད་ཀྱིན་པའི་ཆ་ནས་ཡེ་ཤུའི་འདས་ལོ་འདི་ལ་Common Eraཟེར་བ་རེད། Common Era ཟེར་བ་དང་ Christian Eraཟེར་བ་ནི་ཡེ་ཤེས་འདས་ལོ་རང་ལ་གོ་བ་རེད། ཤེས་མདོག་ལ། དེ་བས་བོད་ཕྱི་ནང་ཕལ་ཆེ་བས་ཁྱབ་མཉམ་དུ་སྤྱད་པའི་སྤྱི་ལོ་ཟེར་བ་འདི་མིང་དོན་དང་གང་ལའང་མཐུན་པའི་ཆ་ནས་སྤྱོད་དགོས་པ་ལས། ཡང་ཟམ་གདོང་ལྟ་བུ་སོགས་ནས་བླུན་པོའི་གྲས་སུ་འགྲེལ་བཤད་རྫུན་མ་འདྲ་བརྒྱབ། བླུན་པོ་རྣམས་ནི་ནམ་ཡང་བླུན་པོ་རང་ཡིན་པས། བརྟག་དཔྱག་ཞིབ་འཇུག་ཅི་ཡང་མེད་པར་ཁྱོད་ནི་ཚད་མའོ། ཁྱོད་ནི་བདེན་པའོ།། ཟེར་བ་རེད། འདིའང་ཟམ་གདོང་སོགས་ཀྱི་བྱས་རྗེས་རེད། ཧ་གོ་སོང་ངམ།
དེ་ང་རང་བོད་པ་ལས་ཕྱི་པ་ཡིན་པས་ཕྱི་ལོ་རེད་ཟེར་ན་ནི། མ་གྲུབ་སྟེ། སྤྱི་ལོ་ཟེར་བའི་མིང་ཏག་ཏག་གནད་ལ་འཁེལ་བ་ཞིག་ཡོད་བཞིན་དུ་དགོས་མེད་ཀྱི་རྙོག་དྲ་བཟོས་པ་དང་གཅིག གཉིས་ནས་ཕྱི་ལོ་ཟེར་བ་ནི་ཕྱི་པ་དེའི་ལོ་ལ་ཟེར་ལབ་ནའང་། མི་འགྲིག་སྟེ། ཕྱི་པ་ཡེ་ཤུ་ཆོས་ལུགས་པ་གཅིག་པུ་མིན་པ། ཧིན་དུ་དང་ཁ་ཆེ་ཆོས་ལུགས་སོགས་ལའང་ཆོས་ལུགས་སོ་སོའི་ལོ་ཐོ་ཡོད་པས་གང་ལ་གོ
དགོས་མེད་ཀྱི་གསར་བཟོ་རང་རེད་འདུག་པས། བོད་ཕྱི་ནང་གཉིས་ཀར་མཐུན་པ་སྤྱི་ལོ་རང་སྤྱད་ན་ལེགས་ཟེར་བ་ཡིན།
Peoplist ཟེར་བ་སྐད་ཆ་རྫུན་པ་དེ་འདྲ་བཤད་དགོས་མ་རེད། དམངས་གཙོ་ཞེས་པ་ནི་དོན་རྡོག་རྡོག་སྤྱི་དམངས་ཀྱི་དབང་ཤུགས་གཙོ་བོར་བྱེད་པའི་ལམ་ལུགས་ལ་ཟེར་བ་ཡིན་པས། འགྲེལ་བཤད་རྙོག་པོ་རྒྱག་དགོས་མ་རེད། སྤྱི་དམངས་ཀྱི་དབང་ཤུགས་དེ་འོས་མི་འདེབས་བསྐོ་དང་འཐུས་ཚབ་ཀྱི་རྣམ་པས་ཡོང་བའི་ལམ་ལུགས་ང་ཚོས་གསལ་བོར་རྟོགས་པ་དེ་རེད།
འགྲེལ་བཤད་རྙོག་པོ་རྒྱག་དགོས་མི་འདུག
མཐའ་དོན།

ཕྱི་ལོ། སྤྱི་ལོ།
ལེགས་བྱང། རིག་གཞུང་།
མང་གཙོ། དམངས་གཙོ།
བཏང་འཛིན། སྟངས་འཛིན།
ཉིན་གུང་རྒྱབ། ཕྱི་དྲོ།
ཀམ་པཱུ་ཊའར། གློག་ཀླད།
རྒྱ་མིའི་སྐད། རྒྱ་སྐད།
རྒྱ་མིའི་མི། རྒྱ།
རྒྱ་མིའི་གཞས། རྒྱ་གཞས།
ཨིན་ཡིག དབྱིན་ཡིག
འདི་དག་ལས་སྔ་མ་སྔ་མ་དགོས་མེད་ཀྱི་མིང་སྟེ། ཟམ་གདོང་སོགས་ཕྱི་སྡོད་བོད་པ་མཁས་རློམ་འགས་བཟོས་པ་དང་། ཕྱི་མ་ཕྱི་མ་རྣམས་ནི་བོད་བཞུགས་མཁས་པ་གཞན་གྱི་དྲིང་མ་འཇོག་པ་དག་གིས་བཟོས་པ་ཡིན་པས་གང་གནད་ལ་འཁེལ་བ་གང་བོད་སྐད་ལ་འབྱོར་བ་ཞིབ་ཏུ་སོམས་ཤིག

སྐུ་ཞབས་གངས་དཀར།  ལགས་ཀྱིས་གསུང་དོན:

མ་གཞི་ང་རང་ཡང་རིག་གནས་དམན་པའི་མི་ཕལ་པ་ཞིག་ཡིན་པས་ཁྱེད་ལྟ་བུའི་འཇོན་ཐང་མེད། འོན་ཏེ་རྒྱལ་ཁབ་འཕེལ་རྒྱས་ཆེས་ཆེ་ས་དང་རིག་གཞུང་ཕུན་སུམ་ཚོགས་པའི་ས་གང་དེར་མི་གཞན་གྱི་བསམ་བློ་དང་བྱ་སྤྱོད་ལ་གོང་བཀུར་བྱ་དགོས་པ་ནི་འགྲོ་བ་མི་མི་ཡི་རྩ་བའི་ཐོབ་ཐང་ལྟར་གལ་ཆེན་དུ་འཛིན་ངེས། ཁེངས་སྐྱུངས་ནི་ཤེས་བྱ་ཡོད་མེད་ཀྱི་ཚད་འཛིན་ཞིག་ཏུ་འདོད་ཀྱང་ཆོག ཆལ་གཏམ་དང་དུག་གཏམ་འཕེན་ན་མཁས་པ་གང་ནས་ཡིན། རེ་བར་མི་གཞན་ལ་བརྙོས་བཙུགས་མེད་པར་གང་དང་ཅི་ཡང་སྒྲུབ་བྱེད་ཚད་མཐུན་བཀོད་གནང་བར་བཀའ་དྲིན་ཆེ།